གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་བྱིས་པའི་ལོ་རབས།(བཅུ་གསུམ་པ)

2017-03-18 15:47:12 གཞི་རིམ་པ། ཀློག་གྲངས། མཆན ཡོད།

 

                           ཕྱི་རྒྱལ་ནས་བསྐུར་ཡོང་བའི་ཀོ་ལྷམ་ཞིག

སློབ་སྐབས་གཅིག་གི་ནང་དུ།   ང་ཚོའི་སློབ་གྲྭས་ཐེངས་གཉིས་དང་གསུམ་ཙམ་ལ་སློབ་མ་ཡོངས་རྫོགས་ལ་གློག་བརྙན་སྟོན་པ་ཡིན།  གློག་བརྙན་སྟོན་པའི་ཕྱི་དྲོར།  "དོ་དགོང་དགོང་སྦྱོང་གི་ཚབ་ཏུ་གློག་བརྙན་སྟོན་རྒྱུ་ཡིན་པས།  སློབ་མ་རྣམས་དུས་ལྟར་སློབ་གྲྭའི་ཚོམས་ཆེན་དུ་ཡོང་བར་དགའ་བསུ་ཞུ།"ཞེས་པའི་མཇུག་ཏུ།  དུས་ཚོད་སོགས་གསལ་བོར་བྲིས་ཏེ་བརྡ་སྦྱོར་གཏོང་བ་དང་།  དེ་མཐོང་དུས་ཀྱི་སློབ་མ་རྣམས་ཀྱིས།  དགའ་བའི་འུར་སྒྲ་དང་སྤྲོ་བའི་ཐལ་མོ་བརྡབས་ཏེ།  རེ་ཞིག་སློབ་ཁང་གི་ཕྱི་ནང་བར་གསུམ་འུར་སྒྲ་དང་ཐལ་མོ་བརྡེབས་སྒྲས་ཁེངས་འགྲོ

ང་ཚོས་འགུལ་རིས་གློག་བརྙན་དང་རྒྱལ་གཅེས་རང་ལུགས་སོགས་ཀྱི་གློག་བརྙན་མང་བོ་ཞིག་ལ་བལྟས་པ་དང་།  དགོང་མོ་ཞིག་ལ།  འཇར་འགོག་དམག་འཁྲུག་སྐོར་གྱི་གློག་བརྙན་ཞིག་ལ་བལྟས་ཏེ།  སློབ་གྲོགས་ཚོའི་ཡིད་དབང་ཡོངས་སུ་བཀུག་ཡོད་པའི་སྐབས་སུ།  གློ་བུར་དུ།  ཨོང་སྟེགས་དང་དཔྱངས་སྒྲོན།  བརྙན་འཕྲིན་སོགས་ཡོམ་ཡོམ་དུ་འགུལ་ནས་སྐར་ཆ་ཁ་ཤས་འགོར་རྗེས།  ཕྱི་ནང་གི་གློག་འོད་ཚང་མ་ནག་དུབ་བེར་གྱུར་ཅིང་།   ཚོམས་ཆེན་ནང་དུ་བྱིས་པ་ཆུང་ཆུང་ཚོའི་ངུ་སྒྲ་དང་འུར་སྒྲས་ཁྱབ་པས།  དགེ་རྒན་ཚོས་ཅི་ཞིག་བཤད་བཞིན་པའང་གསལ་བོ་ཞིག་མི་གོ

ཡང་ཅུང་ཙམ་འགོར།  རྐང་འོག་གི་ས་གཞི་ཡང་བསྐྱར་ཡོམ་ཡོམ་དུ་འགུལ་ཏེ་ལུས་པོ་རང་དབང་མེད་པར་ཕར་འཁྱོམ་ཚུར་འཁྱོམ་བྱས་པ་དང་མཉམ་དུ།  སྒེའུ་ཁུང་གི་ཤེལ་སྒོ་ཆག་པའི་སྒྲ་དང་།  ཁང་བའི་གནམ་ནས་དངོས་པོ་བྲུག་བྲུག་ས་ཐོག་ཏུ་ལྟུང་བའི་སྒྲ་སོགས་རྣ་བས་ཐོས་ཤིང་།  "ས་ཡོམ་བྱུང་སོང་།  རང་རང་གི་མགོ་བོ་སྐྱོར་ནས་ཅོག་ཙེའི་འོག་ལ་འཛུལ།   མགོ་བོ་སྐྱོར།  མགོ་བོ་སྐྱོར།"ཞེས་དགེ་རྒན་གྱིས་སྐད་གསེང་མཐོན་པོས་བཤད་པ་གོ་བས།  ལ་ལས་ལག་པ་དང་།  ལ་ལས་དཔེ་ཆ་དང་འབྲི་དེབ་སོགས་དངོས་པོ་གང་ཡོད་མགོ་ལ་བཀབ་ནས་ཅོག་ཙེའི་འོག་ཏུ་འཛུལ། 

ཅུང་ཙམ་འགོར་རྗེས།   ང་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་སློབ་གྲྭའི་ར་སྐོར་གྱི་དཀྱིལ་དུ་བརྒྱུགས་པ་ཡིན།  ར་སྐོར་ཕྱི་རོལ་གྱི་རྒྱ་ལམ་ནང་དུ་མི་ཚོགས་མང་བོ་འདུས་འདུག་པ་དང་།  ཁ་ཤས་ཀྱིས་ཁ་པར་གཏོང་སྟངས་ལ་བལྟས་ན།  ཧ་ལམ་ཐག་རིང་ན་ཡོད་པའི་ཕ་མ་སྤུན་མཆེད་དག་གི་གནས་ཚུལ་འདྲི་བཞིན་པ་འདྲ།  དུས་ཡུན་ཅུང་རིང་བོ་ཞིག་འགོར་རྗེས།  དགེ་རྒན་རྣམས་ཀྱི་བཀོད་འདོམས་བཞིན།  ང་ཚོ་རང་རང་གི་ཉལ་ཁང་དུ་སོང་བ་ཡིན། 

ལས་དང་བསོད་ནམས་ཡག་པ་ཞིག་ལ།  ཐེངས་དེའི་ས་ཡོམ་གྱི་ཁྲོད་དུ།  ང་ཚོ་དགེ་སློབ་ཡོངས་ཀྱི་ཚེ་སྲོག་ལ་གནོད་པ་གང་ཡང་མ་བྱུང་མོད།  སློབ་ཁང་གི་དྲ་མ་དང་གྱང་ངོས།  གྱོ་མོས་བསྐོར་བའི་ར་སྐོར་སོགས་ལ་གས་ཆག་སོགས་ཀྱི་གནོད་སྐྱོན་ཐེབས་པ་མ་ཟད།  ང་ཚོ་ཚོམས་ཆེན་ནས་ཡོང་དུས་འཚང་ཁ་བརྒྱབ་པའི་རྐྱེན་གྱིས།  སློབ་གྲོགས་ཁ་ཤས་ཤིག་གི་རྐང་ལག་ལ་རྨས་སྐྱོན་བཟོས་པ་རེད། 

ས་ཡོམ་བྱུང་རྗེས་ཀྱི་ཉིན་འགའི་ནང་དུ།  འགོ་ཁྲིད་དང་ལས་བྱེད་མི་སྣ་སྐོར་ཞིག་ང་ཚོའི་སློབ་གྲྭའི་ནང་དུ་གནས་ཚུལ་རྒྱུས་ལོན་ལ་ཡོང་བ་དང་།   ང་ཚོར་སློབ་སྦྱོང་གི་ཡོ་བྱད་ཀྱིས་མཚོན་པའི་དངོས་པོ་སྐོར་ཞིག་གནང་བ་མ་ཟད།  རྗེས་ཕྱོགས་ས་ཡོམ་བྱུང་དུས།  རང་ཉིད་དང་གྲོགས་པོ་ཕན་ཚུན་ཅི་ལྟར་སྲུང་སྐྱོབ་བྱེད་དགོས་པའི་སློབ་ཁྲིད་བྱས་ཤིང་།  དེའི་སྐོར་གྱི་ལག་ལེན་ཚོད་ལྟ་ཡང་བྱས་པ་ཡིན།

ཉིན་བཞི་ལྔ་ཞིག་གི་གཞུག་ནས།  དགེ་རྒན་གྱིས་མདོག་ཡག་པའི་ཞ་སྨྱུག་དང་ལྕགས་སྨྱུག   དཔེ་ཁུག་དང་ཀོ་ལྷམ་སྐོར་ཞིག་ཁྱེར་ཡོང་ནས།  "དངོས་པོ་འདི་དག་ནི།  ཐེངས་འདིར་ང་ཚོའི་ས་ཆར་ས་ཡོམ་བྱུང་བ་ཐོས་འཕྲལ།  ཕྱི་རྒྱལ་གྱི་རྒྱལ་ཁབ་སྐོར་ཞིག་གིས་བསྐུར་ཡོང་བ་རེད།"ཟེར་ནས།  དངོས་པོ་དེ་དག་ང་ཚོ་ལ་བགོ་བཤའ་བརྒྱབ་པ་དང་།  "ལྕགས་སྨྱུག་དང་དཔེ་ཁུག་དེ་དག་དབྱིན་ཇི་ནས་བསྐུར་ཡོང་བ་རེད།  ཀོ་ལྷམ་དེ་དག་འཇར་པན་གྱི་སློབ་གྲྭ་ཞིག་ནས་བསྐུར་ཡོང་བ་རེད།  ཁོ་ཚོས་ད་དུང་།  ང་ཚོ་ཚང་མ་བདེ་མོ་སྐྱིད་པོ་ཡོང་བའི་སྨོན་འདེབས་ཀྱི་ཡི་གེ་ཞིག་ཀྱང་བྲིས་འདུག"ཟེར། 

ངས་ཀོ་ལྷམ་དེ་ལག་ཏུ་བཟུང་ནས་དགེ་རྒན་གྱི་སྐད་ཆར་ཉན་རྗེས།  སྔོན་ཆད་འཇར་ཀྲུང་དམག་འཁྲུག་གི་གློག་བརྙན་ལ་བལྟས་ཏེ།  ཁོ་ཚོའི་སྟེང་ལ་ཁོང་ཁྲོ་ལངས་པ་དང་།  ཨ་བ་ཨ་མ།  འཇར་པན་ཁྱི་སྐྱག་དེ་ཚོ།  ང་ལག་ཆགས་ན་སྐྱིན་པ་ཞིག་ལེན་དགོས་སྙམ་ཡོད་པའི་བསམ་ཚུལ་དེའང་གར་སོང་ཆ་མེད་དུ་གྱུར་བ་དང་།  ངའི་སྣང་བ་ཞིག་ལ།  ཀོ་ལྷམ་དེ་ནི་དངོས་པོ་གཞན་དག་ལས་ཀྱང་རྩ་ཆེན་ཞིག་ཡིན་པའི་ཚོར་སྣང་བྱུང་།  

                           མཐུན་སྒྲིལ་གྱི་སྐྱོན་ཡོན།

ང་ཚོའི་འཛིན་གྲྭ་ནི།  སློབ་གྲོགས་ཕན་ཚུན་དབར་ལ་ཧ་ཅང་མཐུན་སྒྲིལ་ཡོད་པའི་འཛིན་གྲྭ་ཞིག་ཡིན།  ངས་མཐུན་སྒྲིལ་ཡོད་ན་མི་བཟང་ཟེར་བ་མིན་མོད།  འཛིན་གྲྭ་གཅིག་གི་ནང་དུ་མཐུན་སྒྲིལ་ཆེ་ཆེ་བའི་རྐྱེན་གྱིས།   དེས་སྐབས་ལ་ལར།  ང་ལ་བདེ་སྐྱིད་ཀྱི་འཚོ་བ་བསྟབས་མྱོང་བ་མ་ཟད།  མཚམས་ལ་རེར།  སྡུག་ངལ་གྱི་ཚོར་སྣང་ཡང་བྱིན་མྱོང་། 

ང་ཚོའི་འཛིན་གྲྭ་ལ་མཐུན་སྒྲིལ་ཡོད་པས།  འཛིན་གྲྭ་ནང་ཁུལ་གྱི་སློབ་གྲོགས་ཕན་ཚུན་དབར་དུ་རོགས་རམ་དང་གཞོགས་འདེགས།  གཅིག་རྟིང་གཅིག་སྣོན་དང་གཅིག་རྒྱབ་གཉིས་ལང་བྱེད་པས་དགའ་འོས་པ་ཡིན་མོད།  ཡང་མཐུན་སྒྲིལ་ཆེ་ཆེ་བའི་རྐྱེན་གྱིས།  འཛིན་གྲྭ་གཞན་དང་སློབ་མ་གཞན་གྱིས་ང་ཚོའི་འཛིན་གྲྭའི་སྐྱོན་ཆ་ངོ་མ་ལ་མཛུབ་མོ་ཀེར་ཚེ།  སློབ་གྲོགས་མང་ཤོས་ཀྱིས་སྐྱོན་ཆ་དང་ལེན་བྱེད་མི་ཐུབ་ཅིང་།  "ང་ཚོའི་ནང་ཁུལ་ལ་མཐུན་སྒྲིལ་དགོས།  ནང་ཁུལ་དུ་སྐྱོན་ཆ་ཡོད་ཀྱང་གཞན་ལ་བཤད་མི་ཉན་ལ།  གཞན་གྱིས་ང་ཚོར་ཅི་བཤད་ཀྱང་ཉན་མི་དགོས།"ཟེར་ནས།  ནང་ཁུལ་གྱི་ཉེས་སྐྱོན་ཡོངས་རྫོགས་ཤི་གསང་རོ་གསང་བྱེད་པ་ཡིན། 

ཆེ་ཆེའི་མཐུན་སྒྲིལ་གྱི་དབང་དུ་སོང་དྲག་པས།  བྱ་ངན་རང་གིས་ལས།  མིང་ངན་གཞན་ལ་བསྐོར་ཟེར་བ་ལྟར།  ང་ཚོའི་འཛིན་གྲྭའི་སློབ་གྲོགས་ཚོས་བཟོས་པའི་ཉེས་སྐྱོན་སྐོར་ཞིག་འཛིན་གྲྭ་གཞན་པའི་སློབ་མ་ཚོའི་མགོར་འཕངས་པ་མང་བོ་ཡོད་ལ།  གཞན་ལ་གླེང་འདེབས་དང་སྐྱོན་མེད་ཉེས་འགེལ་བྱས་པ་མ་ཟད།   རྫུན་གྱི་འཁོར་ལོ་བསྐོར་ཞིང་ཡོག་ལིའི་བྱ་བ་བསྒྲུབས་པའང་ཉུང་ཉུང་ཞིག་ག་ལ་ཡིན།དཔེར་ན་རེབ་ཐེངས་ཤིག་ལ།   འཛིན་གྲྭ་དང་འཛིན་གྲྭ་བྱས་ནས་ལྒང་ལི་འགྲན་སྡུར་བྱས་པར།  ངེད་ཚང་གི་ཞི་ལི་སྐོར་ཞིག་གིས་འཛིན་གྲྭའི་སྐར་གྲངས་མཐོན་པོ་ལོན་ཆེད་ཐོབ་འབྲས་ལ་སྣོག་ལས་བྱས་ཤིང་།  དེ་ལ་རྐྱེན་བྱས་ནས།  འཛིན་གྲྭ་གཉིས་པོ་ཐོག་མར་ཁ་འཛིང་དང་བར་དུ་སྙིང་འཛིང་།  མཐའ་མར་ལག་འཛིང་བྱས་ཏེ།  རྣ་ཁྲག་མིག་ཆུ་བཞུར་བཞུར་དང་མགོ་ཁྲག་ཡུར་ཆུ་བཞུར་བཞུར་བྱེད་དུ་བཅུག་པའི་དུས་སྐབས་ཤིག་ཀྱང་བྱུང་བ་ཡིན། 

རྗེས་ནས།  བདག་གི་སྐྱེད་ཡུམ་ལགས་དང་དགེ་རྒན་སྐོར་ཞིག་གིས་བསླབ་བྱ་ཡང་ཡང་གནང་བར་བརྟེན།  ངས་ད་གཟོད།  སྐྱོན་དགྲ་བོས་བཤད་ཀྱང་མཉན་དགོས།། ལས་དཀའ་མོར་ཐུག་ཀྱང་བསྒྲུབ་དགོས།།  ཟེར་བའི་གཏམ་དཔེ་དེའི་གོ་བ་གསར་དུ་རྟོགས་ཤིང་།  ལུག་རྒྱུ་མའི་བར་ལ་གྲི་མི་མཛའ།།  རུ་ཁྱིམ་མཚེས་བར་ལ་གྱོད་མི་མཛའ།། ཟེར་བ་བཞིན།  གྲོགས་པོ་དང་གྲོགས་པོ།  འཛིན་གྲྭ་དང་འཛིན་གྲྭའི་དབར་ལ་མཐུན་པོ་འགྲིག་པོ་དང་དཀྱེལ་ཡངས་བཟོད་སྒོམ་ཡོང་བའི་སྙིང་སྟོབས་ལ་བློ་སྦྱོང་བྱས་པ་ཡིན།

ད་ལྟ་འདང་བརྒྱབ་ན།  ངས་སྔོན་ཆད་མཐུན་སྒྲིལ་ཟེར་བ་དེའི་ནང་དོན་མ་གོ་བ་འདྲ།  མཐུན་སྒྲིལ་ཟེར་བ་ནི།  འཛིན་གྲྭ་གཅིག་གི་ནང་དུ་ཕན་ཚུན་ལ་རྡུང་རེས་རྒྱག་མི་ཉན་ཟེར་བ་ཙམ་མ་ཡིན་པར།  འཛིན་གྲྭ་དང་འཛིན་གྲྭ  སློབ་གྲྭ་དང་སློབ་གྲྭ་སོགས་གང་ཡིན་ཡང་།  ཕན་ཚུན་ལ་འགྲིག་མཐུན་ཡོང་དགོས་པའི་དོན་ཡིན་པ་འདྲ། 


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།