གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་བྱིས་པའི་ལོ་རབས།(བཅུ་དྲུག་པ)

2017-03-21 13:39:12 གཞི་རིམ་པ། ཀློག་གྲངས། མཆན ཡོད།

 

                             མཇལ་སྐོར་དུ་སོང་བ།

སྤྱི་ཟླ་དྲུག་པའི་གཟའ་ཉིན་མའི་ཉིན་ཞིག་ལ།  ང་དང་སློབ་གྲོགས་ཚོ་འཛིན་བདག་དང་ལྷན་དུ་དགོན་པར་མཇལ་སྐོར་དུ་སོང་བ་ཡིན།  ང་ཚོས་ཉེ་འགྲམ་གྱི་ཚོང་ཁང་ནས་ཁ་བཏགས་དང་མཆོད་རྫས་ཉོས་རྗེས།  ཐོག་མར་དགོན་པའི་ཐང་ཆེན་གྱི་དཀྱིལ་ནས་ཕྱག་གསུམ་འཚལ་བ་དང་།  དེ་ནས་དགོན་འདབས་ཀྱི་མཆོད་རྟེན་ལ་གཡས་བསྐོར་དང་།  ཕྲེང་བསྟར་དུ་བཞེངས་ཡོད་པའི་མ་ཎི་འཁོར་ལོ་རེ་རེ་བཞིན་བསྐོར་ནས་སོང་བ་ཡིན། 

སྒོ་ཆེན་གྱི་མདུན་དུ།   སྐྲ་སེར་བོ་དང་མིག་སྔོན་པོ་ཅན་གྱི་ཕྱི་གླིང་བ་མང་བོས་སྐེ་ལ་པར་ཆས་ཐོགས་ཤིང་།  ལག་ལ་གནས་སྐོར་གསལ་བྱེད་ཀྱི་ས་ཁྲ་ཞིག་བཟུང་ནས་སྣེ་ཤན་པ་ལ་དྲི་བ་སྣ་ཚོགས་འདྲི་བཞིན་འདུག   ཁོ་ཚོའི་ཁྲོད་ཀྱི་གཅིག་གིས་ང་ཚོ་ཡོང་བ་མཐོང་འཕྲལ་གམ་ལ་བཅར་ནས།  ཁྱོད་ཚོ་བོད་མི་རིགས་ནི་རླབས་ཆེན་ཡིན་ཚུལ་དང་།  བསམ་པ་བཟང་རབས།   བྱིས་པ་ཡ་རབས་ཡིན་ཚུལ་སོགས་མང་བོ་ལབ་རྗེས།  "ཁྱོད་ཚོས་ཕྱག་སྐོར་དད་གསུམ་བྱེད་དོན་ཅི་ཡིན།"ཞེས་པའི་དྲི་བ་ཞིག་དྲིས་བྱུང་།  ངས་དེ་དག་ལ་འགྲེལ་བཤད་ཡག་པོ་ཞིག་རྒྱག་མི་ཤེས་མོད།  རྒྱུན་དུ་ཨ་མྱེས་ཀྱིས་བཤད་པའི་སྐད་ཆ་ཞིག་དྲན་ཏེ།  "ཕྱག་སྐོར་བྱེད་པ་ནི་ལུས་ཕུང་བདེ་ཐང་ཡོང་བ་དང་།  དད་པ་བྱེད་པ་ནི་བསམ་པ་བཟང་བོ་ཡོང་བ།  ད་དུང་འཇིག་རྟེན་ན་ཡོད་དུས་ཁ་སོས་ནམ་ལང་ཡོང་བ་དང་།  ཚེ་ཕྱི་མར་སོང་ན་རྣམ་ཤེས་སྐྱིད་པོ་ཡོང་བའི་ཆེད་དུ་ཡིན།"ཞེས་བཤད་པ་ན།  "ཁྱོད་ཚོ་ངོ་མ་ངར་བ་རེད།  ཁྱོད་ཚོས་ཚེ་ཕྱི་མ་ལའང་བསམ་བློ་གཏོང་གིན་འདུག"ཅེས་བཤད་བྱུང་།

ངོ་མ་བཤད་ན།   ངས་ཚེ་ཕྱི་མ་ཟེར་བ་གང་ན་ཡོད་པ་དང་།  རྣམ་ཤེས་ཟེར་བ་ཅི་འདྲ་ཞིག་ཡིན་པ་གཏན་ནས་མི་ཤེས་མོད།  ཕ་མ་དང་ལོ་ལོན་རྒན་རྒོན་དག་གིས་བཤད་ན།  ཆོས་ལུགས་ལ་དད་པ་བྱེད་པ་ནི་ང་ཚོའི་གངས་ཅན་བོད་མི་ཡོངས་ཀྱི་ཁྱད་ཆོས་ཤིག་ཡིན་པ་དང་།  ང་ཚོས་གཞན་ལ་གནོད་པ་མི་བྱེད་པ་ནི་ཆོས་ལུགས་ལ་དད་པ་བྱས་པའི་རྐྱེན་ཡིན་ཟེར།  སྒོས་སུ་ངེད་ཚང་གི་ཨ་མྱེས་དང་རྨོ་མོས་རྒྱུན་དུ།  "བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།"ཟེར་བས།  བསམ་པ་བཟང་ན།  འདུག་སའི་གནས་དང་བགྲོད་སའི་ལམ་གང་ནས་ཀྱང་།  བདེ་སྐྱིད་དང་བསོད་ནམས་འཁོར་ཡོང་བའི་དོན་ཨེ་ཡིན་ནམ། 

མཚམས་ལན་རེར།  ང་ཨ་མྱེས་ཀྱིས་བཤད་པའི་སྐད་ཆ་དེ་དག་ལ་དོགས་པའང་ལངས་མྱོང་སྟེ།  ཕྱག་འཚལ་མཁན་དང་སྐོར་བ་རྒྱག་མཁན་གྱི་ང་ཚོའི་སྡེ་བའི་ནང་གི་མི་ཁ་ཤས་ལ་ན་ཚའི་སྡུག་བསྔལ་འབྱུང་བ་དང་།  དགོན་པའི་ཉེ་འདབས་དང་མ་ཎི་ཁང་གི་ཁྱམས་ར་ན་ཡོད་པའི་སྤྲང་བོ་དེ་དག་གིས་ཁ་ནས་མ་ཎི་མི་འདོན་པ་དང་།  ལུས་ཀྱིས་སྐོར་བ་མི་བྱེད་པ་མ་རེད་མོད།  ཁོ་ཚོའི་ཁ་ལ་ཟ་མ་མི་ཡོང་བ་དང་རྒྱབ་ལ་གོན་རྒྱུ་མི་རྙེད་པའི་རྒྱུ་མཚན་ཅི་ཡིན་ནམ་སྙམ།

ང་ཚོ་སྒོ་ཆེན་གྱི་ནང་དུ་འཛུལ་སྟེ་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་དང་བྱམས་ཁང་།  སྒྲོལ་མ་ཁང་།  རྟ་མགྲིན་ལྷ་ཁང་།  རྗེའི་ལྷ་ཁང་།  ཚོགས་ཆེན་འདུ་ཁང་སོགས་རེ་རེར་མཇལ་ཞིང་།  ལྷ་ཁང་དེ་དག་ཏུ་བཞུགས་པའི་འབག་སྐུ་དང་ཐང་ཀ  གྱན་ཐང་དང་ལྡེབ་རིས་སོགས་ནི་བལྟས་ན་མིག་ལ་མཛེས་ཤིང་བསམས་ན་ཡིད་དབང་འཕྲོག་པ་ཞིག་རེད་མོད།  དེ་ལས་ཀྱང་།  ངས་ཧ་ཅང་ཉན་འདོད་པ་ནི།  སྣེ་ཤན་པས་བཤད་པའི་རྗེ་བཙུན་མི་ལ་རས་པའི་ཆུང་དུས་ཀྱི་གཏམ་རྒྱུད་དེ་རེད།

རྗེ་བཙུན་མི་ལ་རས་པ་ནི་དངོས་གནས་བུ་རྒོད་ཡ་མེད་ཅིག་རེད།  ཁོས་མྱངས་པའི་དཀའ་སྡུག་གི་ལོ་ཟླ་དང་གདོང་ལེན་གྱི་སྤོབས་པ།  འཇིགས་བྲལ་གྱི་དཔའ་སྙིང་།  ལྷོད་མེད་ཀྱི་བརྩོན་པ་སོགས་ནི་ཅི་འདྲའི་རིན་ཐང་བྲལ་བ་ཞིག་རེད་ལ།  ཁོང་མ་སྨད་གསུམ་ལ་སྡུག་པོ་གཏོང་མཁན་གྱི་ཨ་ཁུ་ཨ་ནེ་གཉིས་ནི་ཅི་འདྲའི་ཁྲེལ་མེད་ཅིག་རེད་ཨང་།  གལ་སྲིད་ང་ཚོར།  མི་ལ་རས་པར་ཡོད་པའི།  སྔ་དྲོ་ལངས་པའི་སྔ་མ་དང་།  ཕྱི་དྲོ་ཉལ་བའི་རྟིང་མ་ཡིན་པའི་བརྩོན་སེམས་ཤིག་ཡོད་ཚེ།  དཀའ་ལས་ཆུང་ཆུང་ཞིག་ལ་ངུ་སྡུག་རྒྱག་དགོས་དོན་ཅི་ཞིག་ཡོད། 

སྣེ་ཤན་པས་ད་དུང་།  "ཁྱོད་ཚོས་དེ་རིང་མཐོང་བའི་འབག་སྐུ་དང་ཐང་ཀའི་སྟེང་གི་མི་སྣའི་གཟུགས་བརྙན་མང་ཆེ་བ་ནི།  སྔོན་ཆད་ང་ཚོའི་ཁོར་ཡུག་ནས་འཁྲུངས་པའི་རླབས་ཆེན་གྱི་མི་སྣ་རྣམས་ལ་རྗེས་དྲན་བྱེད་པར་བཞེངས་པ་རེད།  དཔེར་ན།  རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་དང་།   པཎ་ཆེན་སྐུ་ཕྲེང་བཅུ་བ་ལྟ་བུ་རེད།   མི་སྣ་དེ་དག་ཀྱང་།  ཆུང་དུས་ཀྱི་ང་ཚོ་དང་འདྲ་བར།   གཅིག་པ་བརླ་ངོ་དང་སྐྱག་པ་ལག་མགོ་བྱས་མྱོང་མཁན་དག་དག་རེད་མོད།   ཁོང་ཚོས།  རང་གི་བློ་རིག་དང་འབད་རྩོལ་ལ་བརྟེན་ནས།  ད་གཟོད་ཕུལ་བྱུང་དུ་གྱུར་བ་རེད།"ཟེར། 

ཉིན་མོ་དེར།  ངས་སྣེ་ཤན་པས་བཤད་པའི་མི་སྣའི་གཏམ་རྒྱུད་མང་བོ་ཞིག་ལ་ཉན་འདོད་ཀྱང་།  ཚོགས་ཆེན་འདུ་ཁང་གི་ཨ་ཁུ་གཉེར་བས།  "དེ་རིང་གཟའ་ཉི་མ་ཡིན་པས།   ཕྱི་དྲོའི་ཆུ་ཚོད་གསུམ་པ་ནས་མཇལ་སྐོར་བར་སྣེ་ལེན་མི་བྱེད་པར་ངལ་གསོ་བྱ་དགོས།"ཟེར་བས།  ང་ཚོས་ལྷ་ཁང་སོ་སོར་མྱུར་སྟབས་ཀྱིས་མཇལ་རྗེས།  རླངས་འཁོར་དུ་བུད་ནས་ཕྱིར་སློབ་གྲྭར་ལོག་མགོ་བརྩམས།  
     
                            ཕྱིར་ཡོང་མེད་པའི་གྲོགས་པོ་གཉིས། 

དབྱར་ཟླ་བདུན་པ་ཚེས་བྱུང་།  སློབ་གྲྭའི་ཁོར་ཡུག་ཀུན་ཏུ་སྔོ་ལྗང་ལྗང་གི་སྡོང་བོ་དང་།  སེར་ལམ་ལམ་གྱི་ཀེ་ཚེའི་མེ་ཏོག་གིས་ཁེངས་ཤིང་།  ཞིང་བར་དང་ན་གཞུང་།  ལམ་འགྲམ་གཡས་གཡོན་དུ་མིང་མི་ཐོགས་པའི་མེ་ཏོག་གི་དྲི་བསུང་ཕྱོགས་སུ་ཁྱབ།   ནམ་མཁའི་དབྱིངས་སུ་སྤྲིན་པ་ལེབ་མོ་ལེབ་མོ་དང།  ཚོམ་བུ་ཚོམ་བུ་བྱས་ནས་ས་ཡི་གོ་ལའི་སྟེང་གི་མཛེས་སྡུག་ལ་ལྟད་མོ་ལྟ་བཞིན་འདུག   སྤྱིར་ན།  དེ་ལྟ་བུའི་དབྱར་ཁའི་དུས་ཚིགས་ནི་ཧ་ཅང་སྤྲོ་སྣང་ལྡན་པ་ཞིག་ཡིན་མོད།   འོན་ཀྱང་ང་ལ་མཚོན་ན།  ཉིན་དེ་ནི་སེམས་ཁམས་ཤིན་ཏུ་སྡུག་པའི་ཉིན་མོ་ཞིག་ཡིན། 

ད་ནངས་ཉལ་སའི་ནང་ནས་མགོ་བཀྱགས་མ་ཐག   ཨ་མས་ཉལ་ཁྲིའི་འགྲམ་ན་ངེད་ཚང་གི་ཞི་ལ་དཀར་པོ་པང་དུ་བཟུང་ཞིང་།  མཆུ་སྒྲོས་ཞི་ལའི་རྣ་རྩར་གཏད་དེ།  "ཨོཾ་མ་ཎི་པདྨེ་ཧཽུ།  བར་དོ་ན་འཇིགས་སྐྲག་མེད་པར་སྨོན།  བདེ་བ་ཅན་དུ་སྐྱེ་བར་ཤོག   ཨོཾ་མ་ཎི་པདྨེ་ཧཱུ།"ཟེར་ནས་སྨོན་ལམ་འདེབས་ཀྱིན་འདུག   ངས་ཨ་མར་སྐད་ཆ་དྲིས་པ་ན།  མོས"མདང་དགོང་འུ་ཚང་གི་ཞི་ལས་དུག་ཟས་ཤིག་ཟོས་པ་འདྲ།  ད་ཅི་ང་མལ་ལས་ལངས་ནས་སྒོ་ཁར་སོང་དུས།  ཞི་ལས་སྒོ་ཁ་ན་ས་རུ་ལོག་ནས་འཕག་འཚག་བྱེད་བཞིན་འདུག   ད་སོ་མ་དབུགས་ཆད་ཐལ།  ཨོཾ་མ་ཎི་པདྨེ་ཧཱུ།"ཟེར་ཞོར་ཡང་བསྐྱར་སྨོན་ལམ་བཏབ་སོང་། 

ངེད་ཚང་གི་ཞི་ལ་ནི།  ངས་ལས་བྱ་འབྲི་དུས་ཀྱི་འདུག་རོགས་དང་རྩེད་མོ་རྩེ་སྐབས་ཀྱི་གྲོགས་པོ་བཟང་བོ་ཞིག་ཡིན།  ཁོས་དུས་རྒྱུན།  ཁ་ནས་"ཝང་ཝང་"ཟེར་ནས་སྒྲོལ་མ་འདོན་པ་དང་།  ཉལ་སའི་ནང་ནས་ངའི་རུམ་ལ་འཛུལ་ནས་རྐང་ལག་ལ་ལྕེ་ལྡག་བྱེད་པ་ཡིན།  མཚམས་ལ་རེར།  ཕ་མ་གཉིས་ཀས།  "གདོན་འདྲེ་འདི།   ཡང་ག་ས་གང་དུ་ཞི་རྟུག་བཏང་འདུག་"ཟེར་ནས་རྡུང་རྩིས་བྱེད་སྐབས།   ཁོ་རང་ངའི་གམ་དུ་བྲོས་ཡོང་ནས་གཞའ་ཡིབ་བྱེད་པ་ཡིན། 

ཨ་མའི་སྐད་ཆ་དེ་གོ་རྗེས།  ང་ལ་རང་དབང་མེད་པར་མིག་ཆུ་ཤམ་ཤམ་དུ་བཞུར་བ་དང་།   ཕྱིར་ཉལ་སའི་ནང་དུ་འཛུལ་ཏེ་ཡུན་རིང་ཞིག་ལ་ངུས་ནས་བསྡད།  ཉིན་དེའི་ཕྱི་དྲོར།  ཨ་མས་ཐབས་བཀོད་སྣ་ཚོགས་འཐེན་པ་དང་སེམས་གསོའི་སྐད་ཆ་གང་མང་བཤད་དེ།   ང་རང་སློབ་གྲྭར་འགྲོ་རུ་བཅུག   ལམ་བར་དུ།  སློབ་གྲོགས་ཚོས་དགོད་བྲོ་བའི་ཁ་བརྡ་གང་མང་བྱེད་མོད།   ངའི་སེམས་སུ་ངུ་རྒྱུ་དང་སྨྲེང་རྒྱུ་མ་གཏོགས་གང་ཡང་མ་བྱུང་། 

ནམ་རྒྱུན་ཡིན་ན།  གཟའ་ཉིན་མའི་དགོང་ཚོགས་ཀྱི་སྐབས་སུ།   འཛིན་བདག་དུས་ལྟར་སློབ་ཁང་དུ་ཡོང་ནས་གཟའ་འཁོར་གཅིག་གི་བྱ་བ་ལ་སྤྱི་སྡོམ་དང་།   གཟའ་འཁོར་རྗེས་མའི་བྱ་བ་སྣ་ཚོགས་ལ་བཀོད་སྒྲིག་བྱེད་པ་ཡིན་མོད།   དགོང་མོ་དེར།  ཁོ་རང་ཡུན་རིང་ཞིག་ལ་སློབ་ཁང་དུ་མ་ཡོང་།   ང་ཚོས་ལབ་གླེང་སྣ་ཚོགས་བྱས་ནས་ཆུ་ཚོད་ཕྱེད་ཀ་ཙམ་འགོར་རྗེས།  ཁོ་རང་གཞི་ནས་སློབ་ཁང་དུ་སླེབས། 

ཨ་ཙི།  དེ་རིང་དུས་རྒྱུན་དང་མི་འདྲ་བར།  ཁོའི་གདོང་ན་འཛུམ་མདངས་ཅི་ཡང་མེད་པ་མ་ཟད་ནག་ཀྱུག་ཀྱུག་གི་སྐྲ་ལོ་དེ་འདྲའི་ཡག་པོ་ཞིག་བཤད་མི་འདུག་ལ།   གསེར་འོད་ཀྲིག་ཀྲིག་བྱེད་པའི་ཁ་ནང་གི་མདུན་སོ་གཉིས་ཀའང་གཏན་ནས་མི་མངོན།   ཁོ་རང་གྲལ་བར་ནས་ཡར་འགྲོ་མར་འགྲོ་ཐེངས་འགའ་བྱས་རྗེས།  "གསང་བདག   དོ་དགོང་ཁྱོད་ཀྱིས་འཛིན་གྲྭའི་བྱ་བ་ལ་གོ་སྒྲིག་དང་།  ཉལ་ཁང་གི་སྒྲིག་ལམ་ལ་དོ་སྣང་དང་བདག་སྐྱོང་བྱོས།   ཁ་སང་འུ་ཚང་གི་སློབ་གྲོགས་སྙིང་ལྕགས་ཚེ་རིང་མ་འཚམས་པ་རེད།  ང་དང་སློབ་གཙོ་གཉིས་ཁོའི་ཕ་མ་གཉིས་ཀར་བལྟ་རུ་འགྲོ་དགོས།"ཞེས་བཤད་རྗེས།  ཁོང་གིས་ལྗིག་ཏིག་ཏིག་གི་གོམ་པ་སྤོ་ཞོར་སློབ་ཁང་ནས་བུད་སོང་། 

"སྙིང་ལྕགས་ཚེ་རིང་མ་འཚམས་པ་རེད།"ཅེས་གོ་མ་ཐག   ངས་ད་གཟོད་ཁོའི་འདུག་སྟེགས་སྟོང་བ་ཡིན་པ་རིག་སོང་།   སློབ་གྲོགས་སྙིང་ལྕགས་ཚེ་རིང་གི་མིག་གཅིག་གིས་གཏན་ནས་མི་རིག་པའི་ཁར།  ཉིན་འགའི་སྔོན་དུ།  ཁོའི་མགོ་བོའི་ནང་དུ་ཟུག་གཟེར་ཐེངས་འགར་ལངས་པས།  ལན་འགར།  སློབ་གྲྭ་ལ་གནང་བ་ཞུས་ནས་སྨན་ཁང་དུ་སོང་བ་ཡིན་མོད།  ངས་ཁོ་རང་འདི་ལྟར།  གློ་བུར་གློ་བུར་དུ་ཤི་འགྲོ་བ་ཡིད་ལའང་མ་ཤར། 

ངས་ཡང་བསྐྱར་ཁོའི་འདུག་སྟེགས་ཀྱི་ཕྱོགས་སུ་ལྟ་མི་ཐུབ།   བློ་དཀར་སེམས་དཀར་དང་གཤིས་བཟང་གཞུང་དྲང་གི་སློབ་གྲོགས་ཤིག་ལ།  འདི་འདྲའི་ཆག་སྒོ་འབྱུང་དགོས་དོན་ཅི་ཡིན་ནམ།   ང་ལ་ཟས་ཕོར་མེད་དུས་ཟ་མ་སྟེར་མཁན་དང་སེམས་གསོ་གནང་མཁན་གྱི་སློབ་གྲོགས་དེ་གང་དུ་ཡོད་དམ།  ལོ་ངན་པའི་དུས་སུ་ཟླ་ལྷག་འབྱུང་།  སེམས་སྡུག་པའི་སྟེང་ལ་ཁྭ་ཏ་གྲག་ཅེས་པ་ལྟར།  ངའི་སྙིང་གི་གྲོགས་པོར་གྱུར་བའི་ཞི་ལ་དང་སློབ་གྲོགས་སྙིང་ལྕགས་ཚེ་རིང་གཉིས་དེ་ལྟར།  གཅིག་རྗེས་གཉིས་མཐུད་ཀྱིས་བུད་སོང་།  

                            ང་ཚོ་ཁ་གྱེས་པ། 

ཀུ་རེ་དང་དགོད་སྒྲ།  རོགས་རམ་དང་རྒྱབ་སྐྱོར།  ད་དུང་མཚམས་རེར།  སྐྱོ་སུན་དང་སྡུག་བསྔལ།   སྐྲག་སྣང་ཡང་ཡོད་མྱོང་བའི་སློབ་ཆུང་གི་འཚོ་བ་དེ་ལྟར་མཇུག་རྫོགས་སོང་།  ད་ནི་སློབ་མཐར་ཕྱིན་པའི་དུས་ལ་སླེབས་བྱུང་།  སློབ་གྲྭའི་ཁོར་ཡུག་སྔར་བཞིན་བརྗིད་ཉམས་ལྡན་ལ།  སྔར་མེད་པའི་ཁང་བརྩེགས་རེ་གཉིས་ཀྱང་གསར་དུ་ལས་བཞིན་འདུག  འོན་ཏེ།  ནམ་རྒྱུན་དང་མི་འདྲ་བ་ཞིག་ནི།  ཐོག་དང་པོར་སློབ་གྲྭ་འདིར་ཡོང་དུས།   སྒོ་ཆེན་ཡ་ཐེམ་དུ་འཐེན་པའི་འཕྲེད་བྱང་དམར་པོའི་སྟེང་དུ།  "མཐར་ཕྱིན་སློབ་མ་ཡོངས་ལ་སེམས་གཏིང་ནས་སྐྱེལ་མ་བྱེད།"ཅེས་བྲིས་འདུག་པ་དེ་རེད། 

སློབ་གྲྭའི་ར་སྐོར་དུ།   ལོ་ངོ་དྲུག་སྔོན་གྱི་ང་དང་འདྲ་བའི་ལོ་རིམ་དང་པོའི་སློབ་མ་ཆུང་ཆུང་ཚོ་རྩེད་མོ་སྣ་ཚོགས་རྩེ་ཞིང་།   སློབ་གྲྭའི་སྒོ་སྲུང་བ་ཨ་ཁུ་རྣམ་རྒྱལ་ང་ཚོའི་གྲས་སུ་ཡོང་སྟེ།   "ཡ་གྲོགས་པོ་ཚོ།  འདི་ནས་མཐར་ཕྱིན་ན་སློབ་གྲྭ་གང་ལ་འགྲོ་རྩིས་ཡོད།  རྗེས་ནས་ཁྱོད་ཚོ།  སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ན་ང་རྒན་པོ་བརྗེད་མི་ཉན།"ཟེར་ནས་ཀུ་རེ་དང་དགོད་གཏམ་བཤད་པས།  ང་ཚོ་ཁོང་གི་གམ་དུ་འདུས་ཏེ།  "ཁྱོད་ག་ལ་བརྗེད།  གཏན་ནས་བརྗེད་མི་སྲིད།  རྗེས་ནས་ང་ཚོ་ཁྱོད་ལ་བལྟ་རུ་ཡོང་ངེས་ཡིན།"ཟེར་ནས་ཁ་བརྡ་བྱེད་སྐབས།  འཛིན་བདག་གིས།  "ཨ་རོགས་ཚོ།  མྱུར་དུ་འདིར་ཤོག   ང་ཚོ་མཉམ་དུ་མཐར་ཕྱིན་འདྲ་པར་ལེན་དགོས།"ཞེས་བོས་བྱུང་། 

མཐར་ཕྱིན་འདྲ་པར་དེ།  ངས་ད་ལྟའང་ད་དུང་ཉར་ཚགས་བྱས་ནས་ཡོད།  འདྲ་པར་སྟེང་གི་སློབ་གྲོགས་ཚོ་གཅིག་ལས་གཅིག་མཛེས་ཤིང་།  གཅིག་ལས་གཅིག་སྙིང་རྗེ་ཞིང་ཡིད་དུ་འོང་བ།  དགོད་རྒྱུ་ཡོང་བ་ཞིག་རེད།   པར་སྟེང་དུ།  སློབ་གྲོགས་ལ་ལར་ཀུ་རེའི་ཉམས་འགྱུར་མངོན་པ་དང་།  ལ་ལས་དགོད་ཁ་སློང་བའི་བཟོ་ལྟ་སྟོན་པ།  ལ་ལ་བགད་ནས་མིག་རྡོ་གཉིས་ཀ་མི་རིག་པའང་ཡོད།  འོན་ཀྱང་།  ངའི་ཡིད་སྐྱོ་བ་ཞིག་ནི།  ཐེངས་དེའི་མཉམ་པར་གྱི་སྟེང་དུ།  ངའི་གྲོགས་པོ་བཟང་བོ་སྙིང་ལྕགས་ཚེ་རིང་གི་གྲིབ་མ་ཙམ་ཡང་མི་མཐོང་བ་དེ་ཡིན། 

མཉམ་པར་བླངས་རྗེས།  ང་ཚོ་སློབ་གྲྭའི་ཚོམས་ཆེན་དུ་སོང་ནས་སྐྱེལ་མའི་ཚོགས་འདུ་འཚོགས་པ་ཡིན།  ཐོག་མར་ང་ཚོས་དགེ་རྒན་རྣམས་ལ་བཀའ་དྲིན་གཏང་རག་གི་ལེགས་སྐྱེས་ཕུལ་བ་དང་།   ངེད་ཚང་གི་འཛིན་གཙོ་གསང་བདག་གིས།  སློབ་གྲོགས་ཡོངས་ཀྱི་ཚབ་བྱས་ནས་གཏམ་བཤད་ཐུང་ངུ་ཞིག་བྱས།

མཇུག་མཐར།   སློབ་གཙོ་ལགས་ཀྱིས་གཏམ་བཤད་སྤེལ་སོང་།  ཁོང་གི་གཏམ་བཤད་ཀྱི་ནང་དོན་ཆ་ཚང་ངའི་ཡིད་ན་མི་འདུག་མོད།  གཙོ་ཆེ་བ་ཁ་ཤས་ནི་འདི་ལྟ་སྟེ།   ཁོང་གིས།   "ངས་ཐེངས་འདིའི་སློབ་མ་ཡོངས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།   དེའི་རྒྱུ་མཚན་ནི།   ཁྱོད་ཚོས་ལོ་ངོ་དྲུག་གི་རིང་ལ།   སློབ་གྲྭ་འདི་ནས་སློབ་སྦྱོང་བཟང་བོ་བྱས་པ་ཙམ་གྱིས་མ་ཡིན་པར།   གལ་ཆེ་བ་ནི།  ཁྱོད་ཚོའི་འཛིན་གྲྭའི་ནང་དུ་རང་འགུལ་གྱིས་གཞན་ལ་རོགས་རམ་དང་དཀའ་ཁག་རྒྱབ་སྐྱུར།  རང་དཔེ་གཞན་སྟོན་བྱེད་མཁན་གྱི་སློབ་མ་མང་བོ་ཡོད་པས་ཡིན།  ངས་བལྟས་ན།   སློབ་མ་ཞིག་གི་བཟང་ངན་ནི།  སྐར་འབྲས་ཁོ་ནས་འབྱེད་དགོས་པ་ཞིག་མ་ཡིན་པ་མ་ཟད།  དབང་བོ་སྐྱོན་ཅན་ཡིན་མིན་དང་།  ཁྱིམ་ཚང་འབྱོར་ཕྱུག་ལྡན་མིན།   ལྭ་བ་སོ་རྙིང་གོན་པ་སོགས་ཀྱིས་ཀྱང་གཏན་ནས་མ་ཡིན་པར།  གཞན་ལ་བཟོད་སྒོམ་དང་རོགས་རེས།  འདྲ་མཉམ་གྱི་ལྟ་སྟངས་ཡོད་མེད་ཀྱིས་འབྱེད་དགོས་པ་རེད།"ཅེས་སོགས་གསུང་སྐབས།  ཚོམས་ཆེན་ནང་དུ་ཐལ་མོའི་བརྡེབས་སྒྲས་ཁེངས་ཤིང་།  ང་ཚོའི་དགེ་སློབ་རྣམས་ཀྱི་དབར་ལ།  སྔར་ལས་ཀྱང་སྙིང་ཉེ་བ་དང་བརྩེ་སེམས་ཟབ་པའི་སྣང་བ་ཞིག་ངང་གིས་འཁོར་བྱུང་།

ཚོགས་འདུ་གྲོལ་སོང་།  ང་ཚོས་དཔེ་ཁུག་རྒྱབ་ལ་ཁུར།  མཐར་ཕྱིན་འཛིན་ཡིག་ལག་ཏུ་བཟུང་ནས་སློབ་གྲྭའི་སྒོ་ཆེན་ནས་བུད་པ་ཡིན།  འཛིན་བདག་གཙོ་བྱས་པའི་དགེ་རྒན་རྣམས་ཀྱིས་ཕྱི་རོལ་དུ་སྐྱེལ་མ་བྱས་ཤིང་།  ང་ཚོའི་ལག་པ་ནས་འཆང་ཞོར།  "སྔོན་ཆད།  མཚམས་ལ་རེར་སྡིགས་དམོད་དང་གཅར་རྡུང་བྱས་པར་སེམས་ལ་འཛིན་མི་ཉན།  དགོངས་དག་ཞུ།  བྱ་བ་ལམ་འགྲོ་ཡོང་བར་སྨོན།"ཞེས་སོགས་བཤད་དུས།  སློབ་གྲོགས་མང་བོའི་མིག་མཐར་དབང་མེད་དུ་མཆི་མ་འཁྱིལ་ཞིང་།  མགྲིན་པ་བརྣངས་ཏེ་སྐད་ཆ་ཅི་ཡང་བཤད་མི་ཤེས་པར་གྱུར།

ཉིན་དེའི་ཕྱི་དྲོར་ཆར་བ་ཟམ་ཟིམ་ཞིག་བབས་བྱུང་།  ཆར་བ་ཟམ་ཟིམ་བབས་རྗེས་ཀྱི་ནམ་མཁའི་མཐོངས་སུ་སླར་ཡང་ཉི་མ་ཤར་ཞིང་།  ཤར་ཕྱོགས་སུ་ཉི་འོད་དང་བསྡོངས་པའི་འཇའ་ཚོན་ཞིག་ཀྱང་རྣམ་པར་བཀྲ།  ངས་ངེད་ཚང་གི་སྒེའུ་ཁུང་ནས་བལྟས་ན།  ཁ་དོན་རྣམ་པར་བཀྲ་བའི་འཇའ་ཚོན་དེ་ཧ་ཅང་སྙིང་དུ་སྡུག་ལ།  དེ་ལས་ཀྱང་ཡིད་དུ་འོང་བ་ནི།  འཇའ་ཚོན་གྱི་སྣེ་མོ་ཟུག་སའི་ངེད་ཅག་གི་སློབ་གྲྭ་དེའོ།། 

                                                          རྫོགས་སོ།།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།