གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ། ཀ་ཏ་མན་རྡུའི་ཆར་ཞོད།

2017-06-25 13:26:15 ལྷ་བྱམས་རྒྱལ། ཀློག་གྲངས། མཆན ཡོད།

image001.jpg

བྱ་ཡི་ལོ་ལ་བབས་དུས།  ང་ལ་བལ་ཡུལ་དུ་བསྐྱོད་པའི་གོ་སྐབས་ཤིག་ཐོབ། དང་པོ་རྒྱལ་ས་ཀ་ཏ་མན་རྡུར་སླེབས་དུས།  ལག་པའི་མཁྲིག་མར་བཏགས་ཡོད་པའི་ཆུ་ཚོད་འཁོར་ལོའི་མདའ་རྩེ་(པེ་ཅིན་གྱི་དུས་ཚོད)བསྐྱར་བསྒྲིགས་བྱེད་དགོས་བྱུང་ཞིང་། དེ་ནས་བཟུང་ཡར་སྔོན་རྒྱུན་ལྡན་དུ་གྱུར་པའི་འཚོ་བའི་ནང་གི་གོ་རིམ་ཡོད་ཚད་དུས་ཚོད་གཉིས་ཙམ་གྱིས་ཕྱི་བསྣུར་བྱེད་དགོས་བྱུང་པ་དང་།  སྣང་བ་ཞིག་ལ་མི་ཚེའི་གོམ་འགྲོས་གནས་འདི་ནས་དུས་ཚོད་གཉིས་ལྷག་ཇེ་དལ་དུ་གྱུར།

གནམ་ཐང་ནས་ཕྱིར་ཐོན་དུས།   ཏག་ཏག་ཆར་ཞོད་ཆེན་པོ་ཞིག་ཤག་སྒྲ་དང་བཅས་བབས་བྱུང་།   མགོ་བོ་བཀྱགས་ནས་བར་སྣང་ལ་བལྟས་ཚེ་དེ་གར་ཆར་སྤྲིན་སྟུག་པོ་ཞིག་འཐིབས་འདུག  ངས་བསུ་མར་ཡོང་མཁན་ལ་རྟེན་འབྲེལ་གྱི་འགོ་མར་ཀ་ཏ་མན་རྡུས་བཀྲ་ཤིས་ཆར་བ་ཞིག་གིས་ང་ཚོར་བསུ་བ་བྱས་བྱུང་ཞེས་བཤད་དུས་ཕ་རོལ་པོས་ད་ལྟ་ནི་འདི་གའི་ཆར་དུས་ལ་ཁེལ་ཡོད་པས་ད་ནས་བཟུང་སྟེ་ཁྱེད་ཅག་གིས་ཉི་མ་རེ་རེར་ཀ་ཏ་མན་རྡུའི་ཆར་ཞོད་ཀྱི་བསུ་མ་ལོངས་སུ་སྤྱད་ཆོག་ཟེར།  ལོ་རེའི་སྤྱི་ཟླ་བཞི་བ་ནས་དགུ་བའི་བར་ནི་བལ་ཡུལ་གྱི་ཆར་དུས་ཡིན་ཞིང་།   ལོ་གཅིག་ནང་གི་གནམ་གཤིས་ཆེས་བསིལ་ལ་དྲོད་གྲང་ཆེས་སྙོམས་པའི་དུས་ཚིགས་ཤིག་ཡིན་ཟེར།  ཡིན་ན་ཡང་དུས་ཚིགས་འདིར་ཡུལ་བསྐོར་བ་མང་པོ་མེད་ཅིང་།  དེ་ཡང་ཆར་དུས་ལ་ཁེལ་བས་ཡིན་ཟེར།  གང་ལྟར་ཀྱང་།  ང་རང་ཆར་དུས་སུ་ཀ་ཏ་མན་རྡུར་འབྱོར་པ་དང་།  གནམ་ཐང་ནས་གཡག་མགྲོན་ཁང་(Yak and yeti HOTEL)དུ་བསྐྱོད་པའི་ལམ་བར་དུ་རླངས་འཁོར་གྱི་སྒེའུའི་ནང་ནས་ཆར་ཞོད་ཀྱིས་བྱབས་ཁྲུས་གནང་བཞིན་པའི་གནའ་བོའི་གྲོང་ཁྱེར་འདི་རིམ་གྱིས་མཐོང་སྣང་དུ་ཤར་ཡོང་། 

སྔོན་ཆད། ཀ་ཏ་མན་རྡུར་འགྲོ་མྱོང་མཁན་ཚོས་བལ་ཡུལ་གྱི་རྒྱལ་ས་འདིར་བསྡོམས་ཚིག་འདི་འདྲ་ཞིག་བཀོད་ཡོད་པ་ཐོས་མྱོང་ཡོད་དེ།  “གོམ་པ་ལྔ་རེའི་མཚམས་ན་ལྷ་ཁང་རེ།  གོམ་པ་བཅུ་རེའི་མཚམས་ན་དགོན་པ་རེ་ཡོད”ཅེས་པའོ།།  ངས་ཆར་ཟིལ་འཐོར་བཞིན་པའི་རླངས་འཁོར་གྱི་སྒེའུ་བརྒྱུད་ནས་ཕྱི་ལ་ལྟ་དུས། དང་ཐོག་རེ་ལྟོས་ཁྲོད་ཀྱི་ལྷ་ཁང་དང་དགོན་པ་དག་གི་སྣང་བརྙན་མ་མཐོང་སྔོན་ལ་གཞུང་ལམ་ནང་གི་འཕྲུལ་འཁོར་གྱི་འཚང་ཀ་མཐོང་བྱུང་།  ཚོན་མདོག་སྣ་མང་གིས་བརྒྱན་པ་དང་རི་མོ་སྣ་ཚོགས་ཀྱིས་སྤུད་ལ།  དར་རས་སྣ་མང་འཐེན་ཡོད་པའི་འཕྲུལ་འཁོར་དེ་དག་སྟེ།  སྤྱི་སྤྱོད་རླངས་འཁོར་ཆེན་པོ་དང་འབྲིང་བ་ཅན། འཁོར་སྒམ་ནང་དུ་དངོས་ཟོག་སྣ་མང་བཅུག་པའི་འདྲུད་འཁོར། འཇེབ་འཁོར་སྣ་ཚོགས། དེ་མིན་འཕྲུལ་འཁོར་རྐང་གསུམ་ཅན།  ལག་བསྐྱོར་འདྲུད་འཁོར་སོགས་ཆེ་ཆུང་དང་རྟགས་མཚན་མི་འདྲ་བའི་འཕྲུལ་འཁོར་གྱི་རིགས་ནི་འཚང་ཁ་རྒྱག་བཞིན་གཅིག་ལ་གཅིག་མགྱོགས་ཀྱིས་ཁ་ཕྱོགས་གཉིས་སུ་ཕན་ཚུན་ལམ་གཟུར་ནས་འགྲོ་ཞིང་། དེ་ཡང་གོམ་པ་ལྔ་ཙམ་བསྐྱོད་ན་ཁེགས་ཙམ་བྱེད་ཅིང་། ཡང་གོམ་པ་བཅུ་ཙམ་ལ་ཤར་རྒྱུགས་རེ་བྱེད།  དེ་ནས་སླར་ཡང་ཁེགས་ཙམ་བྱེད།   འཕྲུལ་འཁོར་དང་འཕྲུལ་འཁོར་གྱི་བར་ཐག་ནི་འུད་སྒྲོག་གིས་བཤད་ན་ལག་སོར་ཙམ་ཡང་ཚུད་དཀའ་བའི་ཚད་དུ་འགྲོ་ཡང་།  གདོང་ཐུག་ཁེལ་རྒྱུ་རེད་ཁེལ་རྒྱུ་རེད་སྙམ་པའི་མོད་ལ་སླར་ཡང་འོས་ཤིང་འཚམས་པའི་ཚོད་འཛིན་ཞིག་གིས་སླར་ཡང་སོ་སོར་གྱེས་པར་བྱེད། དེ་བས་ང་ནི་ལམ་འགྲམ་གྱི་ཡུལ་གྱི་བཀོད་པ་དེ་དག་ལ་གཡེང་པའི་དུས་ཚོད་ཀྱང་མེད་པར་གྱུར་ཅིང་། དབང་མེད་དུ་དབང་བོ་ཡོད་ཚད་ལམ་ནང་གི་འཕྲུལ་འཁོར་དེ་དག་ལ་སྒྲིམ་ནས་བསྐྱོད་དགོས་བྱུང་། 

སྐབས་དེ་དག་ཏུ། ངས་མཉམ་གཤིབས་ཀྱིས་བསྐྱོད་པའི་རླངས་འཁོར་དེ་དག་གི་ནང་དུ་འཚང་ཀ་བརྒྱབ་ནས་འཛུལ་བསྡད་ཡོད་པའི་བལ་པོ་དེ་དག་མཐོང་བྱུང་།   ཁོ་ཚོའི་ཤ་མདོག་སྨུག་པོ་དེ་ནི་དང་ཐོག་མིག་ལ་འཆར་ཡོང་དུས་སྙིང་ཉེ་ཉེའི་ཚོར་བ་ཞིག་སྤྲད་བྱུང་ལ།  དེ་ནི་རང་རེའི་བོད་པ་དག་གི་ཤ་མདོག་དང་འདྲ།  ཤ་མདོག་དེ་ནི་ཉི་འོད་ཀྱིས་གནང་སྦྱིན་བྱས་པ་ཞིག་སྟེ།  བ་སྤུའི་ཕྲ་ཕུང་རེ་རེའི་ནང་དུ་གསེར་མདོག་གི་ཉི་འོད་འཁྱིལ་ཡོད་ངེས།   ཡིན་ན་ཡང་ཞིབ་ཏུ་ལྟ་དུས།  མི་སྨུག་པོ་དེ་དག་དང་རང་རེའི་གངས་ཅན་པ་དག་གི་གཟུགས་བྱད་ཀྱི་ཧེ་བག་མངོན་སུམ་གྱིས་མཐོང་ཡོང་པ་དང་།  ཤེལ་སྒོས་བཅད་པའི་རླངས་འཁོར་ནང་རོལ་གྱི་ཁྲ་སྒོར་རེར་སྣང་པའི་མིག་ཟུང་དེ་དག་ནི་དེ་འདྲའི་རྒྱུས་མེད་ཅིག་ཡིན་པ་ཚོར།  མིག་གི་སྤྲི་ཀའི་རི་མོ་ནི་བཟོ་བོ་མཁས་པའི་པིར་གྱི་རྩལ་ལས་བྱུང་པ་ལྟར་བང་རིམ་གསལ་ལ།  མིག་གི་རྒྱལ་མོ་ནི་དཀར་ནག་གི་དབྱེ་མཚམས་གང་ཞིག་སུ་ཞིག་གིས་རྐང་བཙུགས་ནས་གསལ་བར་ཕྱེས་པ་ལྟར་དྭངས་ཤིང་།  སྣ་ཡི་གཟེངས་མཐོ་ལ་སྣ་སྒང་གི་ཟུར་ཁ་ཐིག་ལྟར་དྲང་།  དེ་ལྟ་བུའི་གདོང་པ་རེ་རེས་འཕྲུལ་འཁོར་དག་གི་སྒེའུ་ཁུང་ནས་ཚུར་ང་ལ་བལྟས་ཡོང་དུས།  རྣམ་འགྱུར་ནི་ཆར་དུས་གྱི་ནམ་ཟླ་བཞིན་གནག་ནས་སྡོད་ཅིང་།   དེ་ནི་རི་མཐོན་པོའི་འདབས་དང་ཐང་ཆེན་པོའི་མཐའ་ན་འཚོ་བའི་རང་རེའི་བོད་པ་དག་གིས་ཕྱི་རྒྱལ་པ་མཐོང་དུས་ཀྱི་མཚར་སྣང་གི་རྣམ་འགྱུར་དང་རྩ་ནས་མི་འདྲ་བ་ཞིག་རེད།  ཁོ་ཚོས་ཁ་གཏད་དམ་མཉམ་གཤིབས་ཀྱིས་བསྐྱོད་པའི་རླངས་འཁོར་ནང་རོལ་གྱི་ཕྱི་རྒྱལ་གྱི་ཡུལ་བསྐོར་བར་ལྟ་བའི་མིག་མདངས་དེ་ནི་ཆེས་སྣང་མེད་དམ་ཆེས་རྒྱུན་ལྡན་ཞིག་ཡིན་པ་འདྲ། དེ་ལྟར་གནམ་ཐང་ནས་གཡག་མགྲོན་ཁང་གི་བར་ཐག་སྤྱི་ལེ་བརྒྱད་ཙམ་གྱི་ས་ལ་ང་ཚོ་ཕལ་ཆེར་དུས་ཚོད་གཅིག་ཙམ་ཕྱིན་པ་དང་།   སྐབས་དེ་དག་ཏུ་ངས་རང་ཉིད་ཀྱང་རླངས་འཁོར་ཆེ་ཆུང་གི་གསེང་ན་གཡས་འཛུལ་གཡོན་འཛུལ་གྱིས་མདུན་དུ་བསྐྱོད་པའི་སྦག་སྦག་གཏོང་མཁན་གྱི་མི་དེ་དག་ཡིན་ན་ཅི་མ་རུང་སྙམ། 

རླངས་འཁོར་ནང་ནས་བལ་ཡུལ་ལ་རྒྱུས་ཡོད་ཅིག་གིས་ཀ་ཏ་མན་རྡུའི་གྲོང་ཁྱེར་གྱི་ལམ་དུ་གློག་དམར་བོ་དང་ལྗང་གུ་ཡོད་པ་མ་རེད་ཟེར།  དངོས་གནས་དེ་འདྲ་ཡིན་པ་འདྲ།  ངས་མཚམས་དང་མཚམས་སུ་སྲང་ལམ་གྱི་བཞི་མདོ་སོགས་སུ་ཉེན་རྟོག་པའི་ལས་ལྭ་གྱོན་པའི་མི་རེ་གཉིས་ཤིག་གིས་ལག་ཏུ་དབྱུག་པ་ཐུང་ངུ་ཞིག་ཐོགས་ཏེ་ཕར་འགྲོ་ཚུར་འོང་གི་རླངས་འཁོར་ལ་བཀོད་འདོམས་བྱེད་བཞིན་པ་མཐོང་།  གནས་ཚུལ་འདི་འདྲ་མཐོང་དུས་གཞི་ནས་ལམ་ནང་དུ་འཕྲུལ་ཆས་གཞན་དག་དང་ལྡབ་འགྱུར་གྱིས་མང་པའི་སྦག་སྦག་འཁོར་ལོ་དང་དེ་གཏོང་མཁན་དེ་འདྲ་མང་པའི་རྒྱུ་མཚན་ལ་ངེས་ཤེས་ཤིག་འདྲོངས་སྲིད།  སྦག་སྦག་གཏོང་མཁན་དེ་དག་གིས་ལུས་ལ་ཆར་ལ་ནག་པོ་རེ་ལྷེབ་གྱོན་བྱས་ཡོད་ཅིང་།  ཚང་མས་བདེ་སྲུང་ལྕགས་ཞྭ་རེ་གྱོན།  དེར་མ་ཟད་སྤྱིར་བཏང་སྦག་སྦག་རེའི་གོང་དུ་མི་གཉིས་འཕོངས་བརྒྱབ་ནས་འགྲོ་བཞིན་འདུག  ཁོ་ཚོ་དེ་ལྟར་ཁྱུ་དང་ཁྱུ་བྱས་ནས་ལམ་དོག་མོའི་ནང་དུ་འཕྲུལ་འཁོར་གཞན་དང་འཚང་ཀ་བརྒྱབ་ནས་འགྲོ་བའི་ངང་ཚུལ་དེ་ནི་ངས་ད་ལྟའི་བར་དུ་མཐོང་མ་མྱོང་པའི་རྔམ་བརྗིད་ལྡན་པའི་རྣམ་པ་ཞིག་རེད།  དེ་ལས་སྔོན་ཆད་ཤང་ཀང་གི་གློག་བརྙན་ནང་དུ་ནག་ཚོགས་ཀྱི་ཁོངས་མི་དག་གིས་སྦག་སྦག་བཏང་སྟེ་འགྲོ་བའི་རྣམ་པ་ཞིག་ཀྱང་དབང་མེད་དུ་ཡིད་ལ་འཁོར་བར་བྱས་བྱུང་། 

གང་ལྟར་ཀྱང་།  ཀ་ཏ་མན་རྡུར་སླེབས་པའི་ཐོག་མའི་དུས་ཚོད་ནང་གློ་བུར་གློ་བུར་བབས་ཡོང་པའི་ཆར་ཞོད་ཀྱི་འདུ་འགོད་ཀྱི་ཀློང་ནས་ཡུལ་འདི་དེ་ལྟར་ངའི་མིག་ནང་དུ་འཚང་ཀ་བརྒྱབ་ནས་འཛུལ་ཡོང་།   མགྲོན་ཁང་དུ་འགྲོ་བའི་ལམ་བར་དུ་ངའི་སེམས་སུ་ད་ནི་ཁོད་ཡངས་ལ་ངོས་སྙོམས་ཤིང་ཕར་འགྲོ་ཚུར་འོང་གི་ལམ་གཉིས་ཀྱི་བར་དུ་མེ་ཏོག་བཏབ་ནས་ཁྲ་ཆིལ་ལེར་བཞད་པའམ་ཡང་ན་སྐྱེས་དངོས་དམའ་མོ་སོགས་ལྗང་མདོག་གིས་བརྒྱན་པའི་ནགས་རྭ་ཤར་མོ་ཡོད་ས་ཞིག་ལ་མྱུར་དུ་སླེབས་སྲིད་སྙམ་པའི་རེ་ལྟོས་ཀྱིས་ཁེངས།  དེ་བས་ཀྱང་།   མཐོང་ལམ་དུ་གྱུར་བའི་ལམ་འགྲམ་གྱི་སོ་ཕག་དམར་པོས་བརྩིགས་པའི་ཁང་པ་དམའ་མོ་དེ་དག་དང་།   གད་སྙིགས་དང་ལྗན་ལྗིན་གྱིས་ཁེངས་པའི་སྲང་ལམ་དོག་མོ་དེ་དག  ད་དུང་ཕར་བལྟས་ཚོད་ཀྱིས་རྒྱུ་སྤུས་ཅི་ཡང་མེད་པའི་འཚོ་བའི་ཉེར་མཁོའི་རིགས་ཏེ་དངོས་ཟོག་རྩག་རྩིག་འཚོང་སའི་ཚོང་ཁང་ཆུང་ངུ་དེ་དག  དེའི་སྒོ་འགྲམ་དུ་འགྲམ་པ་ལག་པས་བསྐྱོར་ནས་སུན་སྣང་གིས་ལམ་ནང་དུ་གཡེང་ནས་བསྡད་ཡོད་པའི་ཚོང་པ་དེ་དག   དེའི་གམ་དུ་མགོ་བོ་མགྱོགས་ཙམ་ཡང་མི་བྱེད་པར་ཉལ་བསྡད་ཡོད་པའི་ཁྱི་རྒན་ཉོབ་ཏོ་དེ།  དེ་མིན་ལམ་འགྲམ་དུ་བཤམས་ནས་འཚོང་བཞིན་ཡོད་པའི་འདབ་མ་རྙིད་ཅིང་ཁ་མདོག་ཤོར་བའི་སྔོ་ཚལ་དེ་དག  ངས་འདི་ཡོད་ཚད་ཕལ་ཆེར་ནང་ལོགས་ཀྱི་གྲོང་ཁྱེར་དག་གི་བས་མཐའི་རྣམ་པ་དེ་དག་དང་མཚུངས་བར།  གྲོང་ཁྱེར་གང་དེའི་གོས་ཆེན་གྱི་འདབ་ཁར་འགོས་པའི་མི་སྡུག་པའི་རྣམ་པ་ཙམ་ཡིན་པ་ལས།   གྲོང་ཁྱེར་གྱི་དཔལ་ཡོན་དངོས་ཀྱི་རང་གཟུགས་ནི་ཅིས་ཀྱང་ཡིན་མི་སྲིད་སྙམ།  དེ་བས་ཀྱང་།   མུ་མཐུད་དུ་བསྐྱོད་ན་ད་ནི་ཁང་བརྩེགས་ཀྱི་རྔམ་ཁ་མཐོ་ཞིང་།   དེང་རབས་འཛུགས་བསྐྲུན་གྱིས་ཡོངས་སུ་བརྒྱན་པའི་ཀ་ཏ་མན་རྡུ་ཞིག་མིག་གི་ལོངས་སྤྱོད་དུ་སླེབས་སྲིད་སྙམ།  དེ་ལྟར་ང་ཚོས་རེ་ལྟོས་ཆེན་པོས་རླངས་འཁོར་ནང་གི་སྣེ་ཤན་པར་ད་ནི་གྲོང་ཁྱེར་གྱི་ནང་རོལ་ཏུ་སླེབས་པར་ཁ་ཐག་རིང་ངམ་ཞེས་དྲིས་པ་ན།  སྣའི་གཟེངས་མཐོ་ལ་མིག་གི་རྒྱལ་མོའི་དཀར་ནག་ཁྲ་སྒོར་རེར་བྱེད་པའི་བལ་ཡུལ་གྱི་ཕོ་གསར་དེས་སྣང་མེད་དུ་ང་ཚོ་སྔ་མོ་ནས་གྲོང་ཁྱེར་ནང་འཛུལ་ཚར་བ་དང་།  ད་ལྟ་འགྲོ་བཞིན་པའི་ལམ་ཀ་འདི་ནི་ཀ་ཏ་མན་རྡུའི་གྲོང་ཁྱེར་གྱི་དབུས་ལམ་ཆེན་པོ་དེ་རེད་ཟེར།  སྐད་ཆ་དེ་ནི་ཆར་ཞོད་ཅིག་དང་འདྲ་སྟེ།  ང་ཚོའི་སེམས་ཀྱི་རེ་ལྟོས་ཀྱི་མེ་ལྕེ་ཡོངས་སུ་གཞིལ་བར་བྱས་སོང་། ང་ཚོ་ནི་སུ་ཞིག་གིས་ཀུ་རེ་ལབ་ནས་འོས་མེད་དུ་བཟོས་པའི་མི་ཞིག་དང་མཚུངས་པར་རེ་ཞིག་ལ་ཁུ་སིམ་མེར་གྱུར།  རེད་ཨང་།  མི་ནི་ཅི་འདྲའི་དགོད་བྲོ་བའི་སྲོག་ཆགས་ཤིག་རེད་ཨང་།  ཡོད་ཚད་རང་གི་འདུན་པ་དང་དགའ་མོས་ལྟར་འཆར་ཡན་བྱེད་ཅིང་།  གལ་སྲིད་མངོན་སུམ་གང་ཞིག་རང་གི་འཆར་ཡན་བྱས་པ་ལས་ཡོངས་སུ་བརྒལ་ཡོད་ན་རེ་ཆད་ཀྱི་རྣམ་འགྱུར་ཅི་ཡང་སྟོན་པར་བྱེད།  ང་ཚོ་ཡང་དེ་ལྟར་ཡིན་ཏེ།  ཚང་མས་རླངས་འཁོར་གྱི་སྒེའུའི་ཕྱི་རོལ་ཏུ་བལྟ་བཞིན་“ཅི་འདྲའི་རྗེས་ལུས་ཤིག་རེད་ཨང་།”ཟེར། ངས་འགྲོ་རོགས་ཀུན་གྱིས་ངག་ནས་དབང་མེད་དུ་དེ་ལྟར་ལབ་ཡོང་པ་ཐོས་དུས་།   སྐད་ཆ་དེ་ནི་ཅི་འདྲའི་རྒྱུས་ཡོད་ཅིག་ཡིན་པའི་ཚོར་བ་སྐྱེས།   རེད་ཨང་།  ཚིག་འདི་འདྲ་ནི་ནང་ལོགས་ནས་གངས་ཅན་ལྗོངས་སུ་ཡོང་པའི་ཡུལ་བསྐོར་པ་དེ་དག་གི་ངག་ནས་ཡང་དང་ཡང་དུ་གོ་སྲིད།

ང་རང་ཀ་ཏ་མན་རྡུར་གཟའ་འཁོར་གཅིག་ལ་བསྡད།   ཆར་དུས་ཀྱི་ཀ་ཏ་མན་རྡུའི་བར་སྣང་དུ་དུས་དང་རྣམ་པ་ཀུན་ཏུ་ཆར་སྤྲིན་གྱི་སེང་རས་ཤིག་གིས་ཡོངས་སུ་བཀླུབས་ཡོད་པ་དང་།   མཚམས་མཚམས་སུ་སེང་རས་དེ་མཐུག་ཏུ་ཕྱིན་ནས་ཁ་དོག་ནག་ནས་ནག་ཏུ་གྱུར་བ་ན།  འབྲུག་སྐད་ལྡིར་ལྡིར་དང་བཅས་དྲག་ཆར་ཤག་ཤག་འཇོ་ཞིང་།   ཡང་ས་ངོས་ཀྱི་རྡུལ་འགོ་མར་མནན་ཙམ་གྱིས་བརླན་པར་བཟོས་རྗེས་ཆར་ཐག་ཆོད་ཅིང་སེང་རས་དེ་སྲབ་མོར་འགྱུར།  དེ་ནས་བསིལ་འཇམ་གྱི་རླུང་བུ་ལྡང་ཡོང་ནས་བར་སྣང་ཏུ་འཕྱོ་བཞིན་པའི་སེང་རས་དེའི་འདབ་མ་གཡོ་ཙམ་གཡོ་ཙམ་བྱེད་པ་དང་།   གཡོ་ཙམ་བྱེད་པའི་བར་གླགས་ནས་ནམ་མཁའི་སྒེའུ་ཁུང་སྔོན་པོ་དེ་སྣང་ཙམ་བྱེད་ཅིང་།   དེ་ནས་ཉིན་བྱེད་ཀྱི་འོད་སྣང་ས་གཞིར་སེར་སྣ་དང་བཅས་འཕྲོས་ཡོང་སྟེ།  གནའ་བོའི་ཆོས་ལུགས་ཀྱི་དགོན་རྙིང་དེ་དག་གི་གསེར་མདོག་གི་ཀླད་ཁེབས་དག་སེར་ལམ་ལམ་བྱེད།   དེ་ནས་རིང་པོ་མི་འགོར་བར་སླར་ཡང་སེང་རས་དེ་མཐུག་ཏུ་གྱུར་འགྲོ་ཞིང་།   ཁ་མདོག་ཀྱང་ནག་ཏུ་འགྲོ།   དེ་ལྟར་སླར་ཡང་གྲ་སྒྲིག་ཅི་ཡང་མེད་པའི་ཆར་ཞོད་ཅིག་མགོ་ཐོག་ནས་ལྷུང་ཡོང་་་་་་་་  འདི་ལྟར་ཉིན་དང་མཚན་གྱི་དབྱེ་བ་མེད་པར་ཆར་ཞོད་གནའ་བོའི་གྲོང་ཁྱེར་འདིར་ཡང་ཡང་བབས་ཡོང་ནས།  ངའི་ལུས་དང་སེམས་པ་གཉིས་ཡང་དང་བསྐྱར་དུ་བརླན་པར་བཟོས་སོང་།

ཀ་ཏ་མན་རྡུར་སྡོད་དུས།   གཞི་ནས་མི་ཚེ་ཡི་གོམ་འགྲོས་དུས་ཚོད་གཉིས་ལྷག་ཕྱི་བསྣུར་བྱས་པའི་སོས་དལ་དེ་ཉམས་སུ་མྱངས་སོང་།   པེ་ཅིན་གྱི་དུས་ཚོད་ལ་གོམས་པའི་ང་ནི་“སྔ་མོ”ནས་གཉིད་ལས་སད་ཅིང་།  དེ་དུས་ཡུལ་འདིའི་མི་རྣམས་ནི་ད་དུང་ཡང་གཉིད་ཀྱི་ཞིང་ཁམས་སུ་ལུས་ཡོད་ངེས།   ཡར་ལངས་ཏེ་གཡག་མགྲོན་ཁང་གི་སྐྱེད་ཚལ་དུ་འགྲོ་དུས་དེ་གར་ཁང་བྱེའུ་དག་གིས་སྤང་ཐང་དུ་ཉིན་དཀར་མགྲོན་པོས་སྟོར་བའི་ཟས་རིགས་ཀྱི་ཚལ་ཧྲུག་སྒུམ་ཞིང་།   ཁྱིམ་གསོས་བྱ་གག་རེ་གཉིས་ཤིག་གིས་གོམ་པ་ཡ་ཡོར་བསྒྱུར་ནས་མཚེའུ་ཆུང་ཆུང་དེའི་ནང་དུ་རྐྱལ་རྒྱག་པར་བསྐྱོད་ལ།  ད་དུང་བྱ་ནག་ཁྭ་ཏ་མང་པོས་ཨག་འགྱུར་དང་གཤོག་འགྱུར་རྒྱག་བཞིན་ཡར་འཕུར་མར་འཕུར་བྱེད།  བྱ་རིགས་དེ་དག་གི་ཁྲོད་དུ་ད་དུང་ཕུག་རོན་མང་པོ་ཞིག་མགྲོན་ཁང་གི་མཐོ་སའི་ཁང་མིག་རེ་རེའི་སྒེའུ་ཁུང་ཁར་བབས་ནས་གཤོག་གསེང་ལ་མཆུ་འདྲད་རྒྱག   མཁའ་དབུགས་ཁྲོད་གཞའ་བརླན་ཆེ་ལ། ཞོགས་པའི་གྲིབ་མདངས་སུ་སྨིག་པ་བན་བུན་ཞིག་འཐིབས་ནས་ཡོད་ཚད་ལ་ལྷོད་ཉམས་ཤིག་རྒྱས་འདུག   ང་རང་དེ་ལྟར་སྐྱེད་ཚལ་གྱི་སྤང་ངོས་སུ་བཞག་ཡོད་པའི་རྐུབ་སྟེགས་རྒྱབ་སྙེས་ཅན་དེར་དྲང་མོར་བསྡད་ནས་རིང་ཙམ་ཕྱིན།  དེ་ནས་རྒྱབ་སྙེས་ལ་སྙེས་ནས་རིང་ཙམ་ཕྱིན།  དེ་ནས་ཐ་མག་ཅིག་སྔོ་ལིང་ངེར་འཐེན་ནས་རིང་ཙམ་ཕྱིན།   དེ་ལྟར་ངས་ཀ་ཏ་མན་རྡུའི་ཞོགས་པའི་ཟང་ཟིང་གི་རྣམ་པ་དེ་དངོས་སུ་མགོ་རྩོམ་པར་རེ་ལྟོས་བྱས།    ཡིན་ན་ཡང་བྱ་རིགས་ཀྱི་ཞོགས་པ་དེ་ལྟར་ཟིང་ཟིང་གིས་སླེབས་པ་ལས།  ཡུལ་འདིའི་མིའི་རིགས་ཀྱི་ཞོགས་པ་རིང་ནས་རིང་དུ་སླེབས་རྒྱུ་མ་བྱུང་།    ངས་མཁྲིག་མའི་སྟེང་གི་ཆུ་ཚོད་ལ་ལྟ་དུས།  མདའ་ཁབ་ཀ་ཏ་མན་རྡུའི་དུས་ཚོད་བརྒྱད་པར་ཁེལ་འདུག   ཡིན་ན་ཡང་།   སྔར་བཞིན་མི་རེ་གཉིས་ཙམ་གྱི་གཟུགས་བརྙན་མངོན་ཡོང་པ་ལས་ངའི་རེ་ལྟོས་ཁྲོད་ཀྱི་ཞོགས་པའི་བྲེལ་ཟིང་གི་རྣམ་པ་དེ་མཐོང་རྒྱུ་མ་བྱུང་།   མ་གཞིར། ཀ་ཏ་མན་རྡུའི་དུས་ཚོད་ནི་ཞོགས་པ་ནས་སྒྱིད་ལུག་ཡོད་པ་ཡིན་ནམ།

   བདག་ཅག་གི་ཆོས་ལུགས་སུ།  དལ་འབྱོར་གྱི་མི་ལུས་རིན་ཆེན་ཟེར།  ངས་ཀ་ཏ་མན་རྡུ་ནས་བལ་ཡུལ་གྱི་མི་དག་གི་བྱ་སྤྱོད་ལས་ཅི་འདྲ་ཞིག་ལ་དལ་བ་ཟེར་བ་མངོན་སུམ་མིག་གིས་མཐོང་བྱུང་།   ཁོང་ཅག་ནི་དལ་བྲེལ་ཅི་ཡང་མེད་པའི་མི་རིགས་ཤིག་ཡིན་པ་འདྲ་སྟེ།   ཉིན་གཅིག་གི་ལས་འགོ་ཡང་སྔ་དྲོའི་ཆུ་ཚོད་བཅུ་ཙམ་ནས་གཞི་ནས་མགོ་བརྩམས་ཡོང་སྟེ།  ཁེ་སྤོགས་ལ་མཐའ་གཅིག་ཏུ་བསྙེགས་པའི་ཚོང་ལས་གཉེར་ས་དེ་དག་ཡང་དེ་ལས་མ་འདས།   སྔ་དྲོའི་དུས་ཚོད་བཅུའི་གཡས་གཡོན་དུ་ཁོང་རྣམ་པ་གཞི་ནས་གླལ་སྒྱིངས་བྱེད་བཞིན་ཁ་གཞུང་ལམ་དུ་གཏད་ཡོད་པའི་ཚོང་ཁང་གི་སྒོ་འབྱེད་ཅིང་།   སྲང་ལམ་ཧྲིལ་བོའི་ཉིན་དཀར་གྱི་ཟང་ཟིང་གི་རྣམ་པ་ཡོངས་སུ་སླར་སོས་བྱེད་དུས་ཕལ་ཆེར་ཉིན་གུང་དུ་སླེབས་འདུག   ང་ཚོའི་སེམས་སུ་ཉར་བའི་ནངས་སྔ་ལངས་དང་དགོང་འཕྱི་ཉལ་ཟེར་བའི་ལས་ལ་བརྩོན་ཚུལ་གྱི་ཚིག་འདི་ཀ་ཏ་མན་རྡུ་ནས་ཕལ་ཆེར་ཁས་ལེན་བྱེད་དཀའ་བའི་ཚད་དུ་འདུག་སྟེ།  དེ་ནི་ཡུལ་འདིའི་མི་རྣམས་ཀྱིས་མཚན་གྱི་ཆུ་ཚོད་དགུའི་ཡས་མས་སུ་སླར་ཡང་སྒོ་མོ་ཡོད་ཚད་དམ་པོར་བརྒྱབ་ནས་གཉིད་ལ་རོལ་བས་སོ།  །  དལ་བའི་འཇིག་རྟེན་འདིའི་འགྲོས་ལ་གོམས་རྒྱུ་ནི་མི་ཁོམ་པའི་གནས་ནས་ཡོང་མཁན་ཞིག་ལ་མཚོན་ན་ཅི་འདྲའི་སྡུག་བསྔལ་བ་ཞིག་རེད་ཨང་།  གང་ལྟར་ཀྱང་།  ང་རང་ཀ་ཏ་མན་རྡུ་ནས་རིམ་གྱིས་ཇེ་དལ་དུ་གྱུར་ཅིང་།  ཇེ་དལ་དུ་གྱུར་བས།   བར་སྣང་དུ་ཀླུབས་ཡོད་པའི་ཆར་སྤྲིན་གྱི་སེང་རས་ཀྱི་འདབ་མ་རླུང་གིས་བསྐྱོད་པར་དོ་སྣང་བྱ་རྒྱུ་བྱུང་པ་དང་།   ཆར་ཆུས་གཙང་མར་བཀྲུས་ཡོད་པའི་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ལ་བསམ་པ་རྣམ་དག་གིས་བསྐོར་བ་ལན་གསུམ་རྒྱག་རྒྱུ་བྱུང་།   སངས་རྒྱས་འོད་སྲུང་གི་རིང་བསྲེལ་ནང་གཟུངས་སུ་བྱས་ཡོད་ཟེར་པའི་མཆོད་རྟེན་འདིའི་བང་རིམ་གྱི་ཞབས་སུ་བྲིས་ཡོད་པའི་དཀར་ནག་གི་དབྱེ་མཚམས་གསལ་བའི་སྤྱན་རས་དེ་ལ་ཡང་ཡུན་རིང་ལ་ཅེར་རྒྱུའི་དུས་ཚོད་བྱུང་།   དེར་མ་ཟད།   རང་ཅག་གི་སྟོན་པའི་རིང་བསྲེལ་ནང་གཟུངས་སུ་བྱས་ཡོད་ཟེར་པའི་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་ཆགས་ཡོད་སའི་རི་མཐོ་ས་དེར་འཛེག་ནས།   གཤོང་དུ་ཆགས་པའི་ཀ་ཏ་མན་རྡུའི་གྲོང་ཁྱེར་གྱི་རྣམ་པ་ཡོངས་ལ་ཡང་སེམས་ཀྱིས་ཡང་ཡང་བལྟས་པ་ཡིན།  གཞན་ནང་པའི་དགོན་རྙིང་གསེར་གྱི་དགོན་པ་ཟེར་པ་དང་།  ད་དུང་ Patanདང་ Bhaktapurཟེར་པའི་གནའ་བོའི་མཁར་རྙིང་གི་བཟོ་བཀོད་རྙིང་པ་དེ་དག་གི་རྩིགས་ལྡེབས་དང་།   བརྐོས་རིས་སོགས་ལ་ལག་པས་རེག་རེག་བྱས་ནས་ཡུལ་འདིའི་ལོ་རྒྱུས་ཀྱི་རུས་གསེང་གི་ཚ་དྲོད་དེར་ཚོར་སྣང་བྱེད་པར་ལྷོད་ལྷོད་ཀྱི་གོ་སྐབས་མང་ཙམ་ཐོབ།

ལ་ལས།  ཀ་ཏ་མན་རྡུའི་དལ་བའི་འགྲོས་དེ་ལ་སྒྱིད་ལུག་ཏུ་འབོད་ཅིང་།  ལྷ་ཡིས་མི་ཡུལ་གྱི་ཆེས་གཤིན་པའི་ས་དེ་མི་ཡུལ་གྱི་ཆེས་སྒྱིད་ལུག་པའི་མི་སྐོར་ཅིག་ལ་སྤྲད་པ་རེད་ཟེར།  གང་ལྟར་ཀྱང་།   ཀ་ཏ་མན་རྡུ་ནི་སྟེང་མ་ལྷ་ཡི་གཟིགས་སྐྱོང་ཐོབ་པའི་ཡུལ་ཅིག་ཡིན་པ་གོར་མ་ཆག  མཐོ་ས་ནས་བལྟས་ན།  གྲོང་ཁྱེར་འདིའི་ཕྱོགས་བཞི་མཚམས་བརྒྱད་རི་ཚོགས་ཀྱི་མུ་ཁྱུད་ཀྱིས་བསྐོར་འདུག་པ་དང་།  རི་དེ་དག་གཡུ་ལོ་རྣམ་པར་རྒྱས་ཤིང་ཚང་ཚིང་དུ་འཁྲིགས་པའི་ནགས་ཚལ་ཀྱིས་གཡོགས་འདུག   དེ་བས་ཀྱང་རིང་སའི་བྱང་གི་མཚམས་ན་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ནི་དཀར་བོང་བོང་གིས་དབུ་རྩེ་རེ་རེ་གནམ་ལ་ཟུག་འདུག་པ་དང་།   དེ་ནི་རང་བྱུང་གི་འཁྱག་སྒམ་ཞིག་དང་མཚུངས་པར་གྲོང་ཁྱེར་འདིའི་མཁའ་དབུགས་ཀྱི་དྲོད་གྲང་སྙོམས་བཞིན་འདུག   མཐོ་ས་ནས་བལྟས་ན།   གསེར་ཁེབས་ཅན་གྱི་ལྷ་ཁང་དག་སྒྲིག་ལམ་ཅི་ཡང་མེད་པར་གང་སར་བརྩིགས་ཡོད་པའི་ཁང་པ་དེ་དག་གི་གསེང་ནས་མིག་ལ་ཡང་ཡང་ཐོགས་ཡོང་པ་དང་།    སྡོམ་རྒྱ་བཞིན་གང་སར་འཐེན་ཡོད་པའི་ལམ་ནི་ཕལ་ཆེར་ལྷ་ཆེན་གང་ཞིག་གི་ལག་མཐིལ་གྱི་རི་མོ་དང་མཚུངས། 

ཆར་ཞོད་ཅིག་ཤག་སྒྲ་དང་བཅས་ས་རུ་འཐོར་བྱུང་།   ལམ་ནང་དུ་འགྲོ་བའི་བལ་མོ་དེས་ཆར་གདུགས་ཕུབ་ཏེ་དེ་མ་ཐག་ཕུག་རིང་པའི་སྲང་ལམ་དོག་མོ་དེའི་ནང་དུ་འཛུལ་ནས་མི་སྣང་བར་གྱུར།   ངས་སྡོམ་རྒྱ་བཞིན་འཛིང་ཡོད་པའི་ལམ་མདོ་དེ་ནས་སྡོམ་རྒྱ་བཞིན་འཐེན་ཡོད་པའི་གློག་སྐུད་དེ་དག་ལ་ལྟ་བཞིན་གནའ་བོའི་བྲམ་ཟེའི་ཆོས་ལུགས་ཀྱི་ལྷ་ཁང་ཞིག་གི་སྒོ་སྐྱིབས་འོག་ནས་ཆར་གཞའ་བྱས་ཏེ་ཆར་མཚམས་འཇོག་པར་སྒུག་བསྡད།   ངའི་ཁ་གཏད་དུ་ KFC ཡི་མྱུར་ཟས་ཁང་གི་སྒོ་ཀླད་དུ་བཀལ་ཡོད་པའི་ཚོང་རྟགས་རྒད་པོ་དེའི་འདྲ་གཟུགས་དེ་ཆར་ཆུས་བཀྲུས་ནས་འོད་ཡུག་ཡུག་བྱེད་ཅིང་།   ཐག་མི་རིང་བའི་བཞི་མདོའི་དཀྱིལ་ན་མི་རིགས་འདིའི་དཔའ་བོར་བཀུར་བའི་སྐྱེས་བུ་གང་ཞིག་གི་འབག་གཟུགས་དེ་ཆར་བའི་ཁྲོད་དུ་ཀྲོང་ངེར་འགྲེང་འདུག   འདི་ནི་དེང་རབས་དང་སྲོལ་རྒྱུན་རྐྱ་འཐབ་པའི་གྲོང་ཁྱེར་ཞིག་སྟེ།  འདི་ནི་དབུལ་ཕོངས་དང་འབྱོར་ཕྱུག་མཉམ་གནས་ཀྱི་གྲོང་ཁྱེར་ཞིག་རེད།   འདི་རུ་གུ་དོག་ལ་གུག་མང་པའི་ལམ་འགྲམ་དུ་སོ་ཕག་དང་ཤིང་ཆ་ཡིས་བརྩིགས་པའི་ཁང་བ་དམའ་མོ་དེ་དག་འཚང་ཁའི་ཚུལ་དུ་གནས་ཤིང་།  ཡང་ཁོབས་ཡངས་ས་རེ་ན་རྔམ་བརྗིད་ལྡན་པའི་གནའ་བོའི་བཟོ་བཀོད་ཀྱིས་བརྒྱན་པའི་ལྷ་ཁང་མཐོན་པོ་དག་རྫིག་ཉམས་ཀྱིས་འགྱིང་།  འདི་ནི་ལྷ་ཡུལ་ཏེ།   ནང་པ་དང་ཕྱི་བའི་ཆོས་ལུགས་དང་གྲུབ་མཐའ་སྣ་མང་གི་དགོན་པ་དང་ལྷ་ཁང་འཆམ་མཐུན་གྱིས་གནས།  འདི་ནི་དམྱལ་བ་སྟེ།   སློང་མོ་བ་དང་དབུལ་ཕོངས་ཀྱི་མི་ཚོགས་གང་སར་མཐོང་རྒྱུ་ཡོད་ཅིང་རུལ་མྱག་དང་འདམ་རྫབ།  ས་རྡུལ་དང་གད་སྙིགས་ཀྱི་ཁྲོད་ན་སྐམ་རིད་ཀྱི་མི་མང་ཉམས་ཆུང་གིས་འཚོ།   ཆར་ཞོད་འཇགས་དུས།  ང་ནི་ལྷ་ཡུལ་དང་དམྱལ་ཡུལ།  འབྱོར་ཕྱུག་དང་དབུལ་ཕོངས་ཀྱི་སོ་མཚམས་ནས་འགྲོ་བའི་མགྲོན་པོ་དེར་གྱུར་ཅིང་།  ངས་ལམ་གྱི་བཞི་མདོ་བརྒལ་ནས་གཡག་མགྲོན་ཁང་དུ་ལོག

དེ་ལྟར་ལམ་གྱི་བཞི་མདོ་བརྒལ་ནས་འགྲོ་བའི་ངས་ལོ་ངོ་སྟོང་ཕྲག་གི་གོང་རོལ་ཏུ་རང་ཅག་གི་བོད་བཙན་པོའི་དམག་དཔུང་གིས་གནས་འདིར་བདག་གིར་བཟུང་ཚུལ་དྲན།  དེ་བས་ཀྱང་བདག་ཅག་གི་བཙན་པོ་བལ་ཡུལ་དུ་བཞུགས་དུས་ཀྱི་རྣམ་པ་དེ་དྲན།   ཀ་ཏ་མན་རྡུའི་གྲོང་ཁྱེར་གྱི་ཡུལ་དབུས་ཤིག་ཏུ་ས་ཆ་ཁོད་ཡངས་ཤིང་སྙོམས་པའི་སྤང་ཐང་ཞིག་མཐོང་བྱུང་ལ།   དེ་ལ་ཕྱི་ར་བརྒྱབ་ཡོད་ཅིང་ནང་དུ་མི་མང་པོ་ཞིག་གིས་རྐང་རྩེད་སྤོ་ལོ་རྩེད་པའམ་ཡང་ན་བག་གཡེང་གིས་འགྲོ་བཞིན་འདུག   རྒྱུས་ལོན་ལྟར་ན་དེ་ལ་བོད་ཐང་དུ་འབོད་ཅིང་།  དེ་ནི་བོད་བཙན་པོའི་དམག་གིས་འདུ་ར་འཚོགས་ས་རེད་ཟེར།  མཚམས་རེར། ང་རང་ག་ལེར་བོད་ཐང་དེ་ནས་འཆམ་འཆམ་ལ་བསྐྱོད།  དེ་དུས་སྣང་བ་ཞིག་ལ་སྐྱ་དམག་གི་རྨིག་སྒྲ་དེ་ད་དུང་རྣ་ལམ་དུ་འཁོར་ཡོང་ཐུབ་པ་འདྲ་ལ།  བཙན་པོའི་ང་རྒྱལ་གྱི་དགོད་སྒྲ་དེ་ཡང་ད་དུང་གནས་འདིར་ལྷང་ལྷང་མཆེད་བཞིན་པ་འདྲ།  ཡིན་ན་ཡང་།  ལོ་དེར་གངས་རི་བརྒལ་ནས་བོད་དུ་མནའ་མར་བསྐྱོད་པའི་བལ་བཟའི་མིག་ཆུ་དང་མཚུངས་པའི་ཆར་ཐིགས་དེ་དག་གིས་ང་རང་འཆར་ཡན་དེ་ལས་སད་པར་བྱས་ཤིང་།   ང་རང་གྲང་ཤུར་སེ་བཏང་སོང་།  མཚམས་རེར།  ངས་ཀ་ཏ་མན་རྡུའི་བཞི་མདོ་ནས་བོད་པའི་གྲྭ་བཙུན་རེ་གཉིས་ཀྱི་སྣང་བརྙན་མག་མོག་ཆར་ནང་ནས་འགྲོ་བ་མཐོང་ཞིང་།  བོད་པ་ཨེ་ཡིན་ནམ་སྙམ་པའི་མི་ཁ་ཤས་ཤིག་ལ་ཡང་སྲང་ལམ་གང་རུང་ནས་ཡང་ཡང་འཕྲད་ཡོང་། 

ཉིན་བདུན་གྱི་དུས་ཚོད་ནི་ཤིན་ཏུ་ཡུན་ཐུང་པ་ཞིག་ཡིན་པས།   ང་ལ་མཚོན་ན་བལ་ཡུལ་གྱི་རྒྱལ་ས་འདིའི་ཕྱི་ནང་གསང་གསུམ་ལ་རྒྱུས་ལོན་གསལ་བོ་ཞིག་ལོན་སོང་པའི་གདེང་ཅི་ཡང་རྙེད་མ་བྱུང་།   ཡིན་ན་ཡང་།  ཉིན་བདུན་གྱི་དུས་ཚོད་དུ་འཇིག་རྟེན་བྱེད་པོས་འཇིག་རྟེན་འདི་བསྐྲུན་པ་རེད་ཟེར་བ་བཞིན།   ཁོང་གིས་ཉིན་བདུན་ལ་དེ་ལྟར་འཇིག་རྟེན་གསར་དུ་བསྐྲུན་ལོང་ཡོད་ན།  ང་ལ་དེ་ལ་རྒྱུས་མངའ་རོབ་ཙམ་ལོན་པའི་དུས་ཚོད་ནི་ཅིས་ཀྱང་ཡོད་སྲིད།   གང་ལྟར་ཀྱང་།  ཀ་ཏ་མན་རྡུའི་ཆར་ཞོད་ལ་འཇགས་པ་མེད་པ་བཞིན།  འདི་གར་སྡོད་དུས་ངའི་འཚོལ་རྟོག་གི་མིག་ཟུང་རིག་རིག་རྒྱུ་ཞིང་མནོ་བསམ་གྱི་རྒྱུན་ལ་འགག་པ་མེད་སོང་།   མ་གཞི་ནས།   གནའ་བོའི་གྲོང་ཁྱེར་འདི་ནི་ལྷོད་ལ་བབས་ནས་མནོ་བསམ་གཏོང་བར་འཚམས་པའི་ཡུལ་ཅིག་ཡིན་པ་འདྲ་ལ།   འདི་གར་མཚམས་རེར་མི་ཚོགས་ཀྱི་གསེང་ནས་ཡ་ཐོད་དུ་མཚལ་དམར་བསྐུས་ཤིང་། ལག་ཏུ་མཁར་རྒྱུགས་ཐོགས་པ་དང་།   ལུས་ལ་རིག་བྱེད་པའི་ཆས་སྤྲས་པའི་དཀའ་ཐུབ་པ་མཐོང་ཐུབ་ཅིང་།   ད་དུང་ལྷ་ཁང་གི་མདུན་ནས་ལག་ཟུང་ཐལ་མོ་སྦྱར་ནས་རྩེ་གཅིག་གིས་གསོལ་བ་འདེབས་བཞིན་པའི་མི་ཡི་སྣང་བརྙན་རབ་རིབ་ཏུ་གཡོ།  ང་སྡོད་སའི་མགྲོན་ཁང་གི་སྐྱེད་ཚལ་དུ།   དུས་ངེས་མེད་དུ་སྤང་ངོས་སུ་རྡོ་རྗེ་དཀྱིལ་ཀྲུང་དུ་བསྡད་དེ་དབུགས་ཀྱི་འབྱིན་རྔུབ་སྙོམས་ནས་ཏིང་འཛིན་ལྟ་བུ་སྒོམ་མཁན་ཀྱང་མི་ཉུང་བ་མཐོང་ཐུབ།   འདི་དག་ནི་ཀ་ཏ་མན་རྡུའི་ངོས་གཞན་ཞིག་སྟེ།   ངོས་འདི་ནི་སོས་དལ་བ་དང་སྒྱིད་ལུག་པ་ཁོ་ན་མ་ཡིན་པར།   འཚོ་གནས་ཀྱི་ལྷོད་ཉམས་ཤིག་ཡིན་སྲིད་ཅིང་།  ལྷོད་ཉམས་དེ་ཡིས་གདོད་མའི་གནས་ལུགས་བབ་ཆགས་ཤིག་སྒྲ་མེད་དུ་རྗེན་པར་སྟོན་བཞིན་པ་འདྲ། དེ་བས་ཀྱང་། ངོས་འདི་ཁ་ཕྱི་ལ་འཁོར་ནས་འཇིག་རྟེན་གྱི་ཟང་ཟིང་བསམ་པ་ཞིག་མ་ཡིན་པར་ཁ་ནང་ལ་འཁོར་ནས་ནང་སེམས་ཀྱི་ལོངས་སྤྱོད་ཅིག་ལ་སྙེག་བཞིན་པ་ཞིག་ཡིན་པ་འདྲ།   འདི་དག་མཐོང་དུས།  ངས་མི་ཚེ་ཡི་དལ་བ་དང་བྲེལ་བ།  འཚོ་བ་ཡི་རྒྱས་སྤྲོས་དང་སྟབས་བདེ།   ཕྱི་དངོས་པོའི་འབྱོར་ཕྱུག་དང་ནང་སེམས་ཀྱི་ཕུན་ཚོགས་སོགས་ལ་སེམས་ནས་གོ་བསྡུར་ཡང་ཡང་བྱ་དགོས་བྱུང་།   དེ་ལྟར་གོ་བསྡུར་བྱེད་དུས།  སྤྱིར་ཧི་མ་ལ་ཡའི་རྒྱུད་དུ་ཆགས་པའི་མི་རིགས་ཀུན་གྱི་ཐུན་མོང་གི་མཚུངས་ཆོས་ཤིག་ཀྱང་སེམས་མགོར་བབས་བྱུང་སྟེ།   ས་སྒང་རིལ་མོ་འདིའི་མཐོ་སར་ཆགས་པའི་མི་རྣམས་ནི།   འདི་ལྟར་དུས་དང་རྣམ་པ་ཀུན་ཏུ་མགོ་བོ་དགྱེ་ནས་བར་སྣང་ལ་ལྟ་བར་མོས་པའི་མི་ཚོ་གཅིག་ཡིན་པ་འདྲ་ཞིང་།   ཁོང་ཅག་གིས་བར་སྣང་ནས་ལྷ་དང་ལྷ་མོ་མཐོང་ཞིང་།   ལྷ་དང་ལྷ་མོའི་ཚོགས་ཀྱིས་དེ་ལྟར་སྐྱིད་པའི་གར་འཁྲབ་ནས་དགའ་བའི་གླུ་ལེན་པ་མཐོང་དུས།   རི་རྒྱུད་གཡས་གཡོན་གྱི་སྒང་གཤོང་དུ་གཞིས་ཆགས་པའི་མི་རྣམས་ཀྱང་དེ་དང་འགྲོགས་ཏེ་གླུ་ལེན་གར་འཁྲབ་བྱེད་ཅིང་།   མི་ཡུལ་གྱི་སྐྱིད་སྡུག་ཡང་དང་ཡང་དུ་བརྗེད་སོང་པ་འདྲ་་་་་་་་

ཀ་ཏ་མན་རྡུ་ནས་ཆར་ཞོད་ཤག་ཤག་འབབ་དུས།  འགྲོ་རོགས་ཤིག་གིས་ཆར་འདི་ལྟར་ཡང་ཡང་བབས་ཀྱང་།   མི་འདི་དག་གི་ངོ་གདོང་དེ་གཙང་མར་འཁྲུད་མི་ཐུབ་དོན་ཅི་རེད་དམ་ཞེས་ཀུ་རེ་རྩེད།   ཡང་འགྲོ་རོགས་ཤིག་གིས་བལ་པོ་རྣམས་ཀྱི་ཤ་མདོག་སྨུག་པོར་ཀྱལ་ཁ་འདི་ལྟར་རྩེད་བྱུང་སྟེ།  ཁོང་ཅག་གིས་ནི་གདོང་པ་བཀྲུས་ཡོད་ཀྱང་མ་བཀྲུས་པ་ལྟར་སྣང་ལ།  ཡོ་རོབ་ཀྱི་མི་རིགས་དཀར་པོ་དེ་དག་གིས་ནི་གདོང་པ་བཀྲུས་མེད་ཀྱང་བཀྲུས་ཡོད་པ་ལྟར་སྣང་ཟེར།   ཀ་ཏ་མན་རྡུའི་སྲང་ལམ་གྱི་གད་སྙིགས་དེ་དག་དང་མཚུངས་པར་ཡུལ་བསྐོར་པ་དེ་དག་གིས་དོ་སྣང་བྱེད་ཡུལ་ནི་གནས་འདིའི་གཙང་སྦྲ་ཡིན་པ་འདྲ།   ཡིན་ན་ཡང་།   ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རྣམས་ནི་བར་སྣང་ན་ལྷ་ཚོགས་ཡོད་པ་མཐོང་པའི་མི་དག་ཡིན་པ་དང་།  དེ་དག་གིས་ནང་སེམས་ལ་བྱི་དོར་ཇི་ལྟར་བྱེད་བཞིན་པའི་ཐད་ལ་སུས་ཀྱང་སེམས་པ་འཁོར་བཞིན་མེད་པ་འདྲ།  གང་ལྟར་ཀ་ཏ་མན་རྡུའི་ཆར་ཞོད་ཀློང་ནས་ངས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་བང་རིམ་གྱི་གཤམ་ན་གསལ་བའི་སྤྱན་རས་དེ་མཐོང་ཞིང་།  དེ་ནས་བདག་ཅག་གི་སེམས་ལ་གཙང་སྦྲ་བྱེད་མཁན་ཉམས་མེད་སྟོན་པ་གང་དེ་ཡིད་ལ་ཡང་ཡང་སྒོམ་དགོས་བྱུང་།

ཉིན་བདུན་གྱི་རྗེས་ནས།  ང་རང་ཀ་ཏ་མན་རྡུ་ནས་པེ་ཅིན་དུ་འཕུར་བའི་གནམ་གྲུར་བསྡད།  འདུག་སྟེགས་སུ་བསྡད་མ་ཐག  འགྲོ་རོགས་ཀྱིས་གསལ་འདེབས་ཀྱི་ཚུལ་དུ་ཆུ་ཚོད་འཁོར་ལོའི་མདའ་ཁབ་བསྐྱར་བསྒྲིགས་བྱེད་རྒྱུ་མ་བརྗེད་ཟེར་པ་དང་།   ཀུ་རེའི་ཚུལ་དུ་ད་ནས་བཟུང་ང་ཚོ་སླར་ཡང་ཇེ་མགྱོགས་སུ་གྱུར་སོང་ཟེར། 

                                                         ༢༠༡༧ལོའི་སྤྱི་ཟླ་༦པའི་ཚེས་༢༠ཉིན་པེ་ཅིན་ནས།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།