ནས་ར་གཡུ་མཚོ།(ཞར་བཀོད་གསུམ་ཡོད)

གསར་བུ།(བོད་ལྗོངས་སློབ་ཆེན) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-10-22

     ཕ་ཡུལ་གྱི་ལ་རྒྱབ་ཏུ་ཁྲ་ཆིལ་ལེར་སྒུལ་བའི་མཚོ་ཆུང་འདི་ལ་བྱང་ནམ་མཚོ་ཕྱུག་མོ་ལྟ་བུའི་འབྱིན་རླབས་དང་མ་ཕམ་གཡུ་མཚོ་ལྟར་གྱི་སྲིད་པ་ཆགས་པའི་ལྷ་སྒྲུང་མེད་ལ། ལྷ་མོའི་བླ་མཚོ་ལྟར་གྱི་མ་འོངས་ལུང་དུ་འདྲེན་པའི་བཤད་རྒྱུན་དང་ཡར་འབྲོག་གཡུ་མཚོ་ལྟར་གྱི་ཕྱོགས་བཞིར་ཁྱབ་པའི་སྙན་གྲགས་དེ་བས་མེད།  འོན་ཀྱང་།  ནས་ར་གཡུ་མཚོ།  ས་ལེབ་མོ་དེ་གའི་སྟེང་དུ་བརྒྱན་པའི་གཡུ་ཡི་ཐེག་ལེ་ཞིག་ཡིན་པ་ལ་སྨྲོས་མི་དགོས་ཤིང་།  སྐྱེ་བོ་མང་པོའི་ཡིད་དབང་གཅིག་བཅར་དུ་འཕྲོག་ཐུབ་པའི་རིན་ཆེན་མརྒད་ཀྱི་ཁུ་བ་ཞིག་ཡིན་པ་ལ་བཤད་དུ་མེད།    
     བྱ་ཚོགས་ཀྱི་སྐད་ངག་མཐའ་བཞིར་བསྒྲགས་ཤིང་ངང་ངུར་གྱི་ཕུར་ལྡིང་ཅི་དགར་རོལ་བའི་མཚོ་མོའི་ཕ་མཐའ་ན། སྔོ་བསངས་ཀྱིས་ཐགས་སུ་བཀྲ་བའི་ནམ་མཁར་སྤྲིན་དཀར་པོའི་ལ་ཐོད་བཅིངས་ཡོད་ཅིང་། སྤྲིན་དཀར་པོའི་རྒྱུ་བ་ལ་རི་དྭགས་ཆོས་འཁོར་དང་རྩྭ་རྩི་ཤིང་གི་སྣང་གཟུགས་བཞེངས་ཡོད། ལྡེམ་ལྡེམ་དུ་གཡོ་བའི་མཚོ་མའི་ལུས་ཀྱི་སྟངས་སྟབས་ནི་བརྙན་འཆར་གྱི་མདུན་དུ་སྒུལ་བའི་ནུབ་ཕྱོགས་ཀྱི་པཱ་ལི་ཞབས་བྲོ་བཞིན་དུ་སྣང་ལ། མོན་པ་རིགས་ཀྱི་ཡུལ་དུ་འཁྲབ་པའི་གནའ་བོའི་ཨ་ཅེ་ལྷ་མོའི་གར་དང་གཉིས་སུ་མ་མཆིས།
     གཡང་དཀར་གྱི་འབའ་སྒྲ་ལ་འཚམ་འཇོག་མེད་ཅིང་། སྐྱི་བསེར་གྱི་རྒྱུ་བ་ལ་བྲག་ཅ་བྲལ་བའི་མཚོ་མོའི་གྲམ་ངོགས་སུ།  སྤང་ཐང་ཡངས་མོས་གངས་རིའི་ལ་གཤམ་བར་དུ་འགེབས་ཡོད་ཅིང་།  སྤང་རྒྱན་མེ་ཏོག་གི་མཛེས་པས་ས་གཞིའི་ངོས་སུ་བདེ་སྐྱིད་ཀྱི་ར་བ་བསྐོར་ཡོད།  ལྟོས་དང་།  དབྱར་གྱི་མཚོ་མོ་ནི་རི་ལུང་འདི་གའི་ཆེད་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་དང་།  ངོ་མཚར་གྱི་ར་རོས་ཕྱུག་པའི་སྲིད་གཞིའི་རྣ་རྒྱན་ཞིག་ཅིས་མ་ལགས། དྲན་པས་མ་ཟིན་པའི་མིག་མདུན་གྱི་སྒེའི་ཁུང་འདི་ནས། སྐབས་རེ། མཚོ་མོའི་བྱད་བཞིན་ལ་ཟུར་མིག་གི་མདའ་མོ་ལན་མང་འཕངས་དགོས་བྱུང་ཞིང་། སྐབས་རེ། མཚོ་མོའི་གླུ་སྒྲ་སྙན་མོ་ལ་རྣ་བའི་རབ་ཁ་ལན་དུ་གཏད་དགོས་བྱུང་།
     མི་མང་པོ་ཞིག་གི་མིག་ལམ་དུ་སྒུལ་བའི་ལྗོངས་རྒྱུ་དེ་དག་ལ་ནང་སེམས་ཀྱི་ཚོར་བ་རྣོན་པོ་ཞིག་མཆིས་ན། ཁོང་རྣམས་པའི་མགྲིན་པ་ནས་འཚེར་བའི་ཤུ་སྒྲ་རེ་རེ་ནི་མཚོ་ཆུང་གི་འཕྲེད་དུ་བཅད་པའི་གླིང་ཕྲན་ཆུང་ཆུང་འདི་ཡིན་ལ། འདབས་ཆགས་འཁྱུ་ཡི་ཚང་མལ་དུ་སོང་ཞིང་མཚོ་མོའི་ཆགས་འཇིགས་དང་འབྲེལ་བའི་བླ་རི་ཆུང་ཆུང་འདི་ཡིན།  གསར་གཏོད་དང་སྙིང་སྟོབས་ཀྱིས་སྐྲུན་པ་མ་ཡིན་ཞིང་ནུས་མཐུ་དང་སྣང་སྦྱིན་ཞིག་གིས་གསོས་སུ་འབབ་པའང་མ་ཡིན། གང་ལྟར། རང་བྱུང་དང་ལས་དབང་གིས་གཏམས་པའི་ས་འབུར་ཆུང་ཆུང་ཞིག་ཡིན་ལ།  མི་བུ་སྟོང་གི་དད་པ་དང་སྙིང་རྗེ་ཡོད་དགོས་ཤིང་བསུབ་ཏུ་མེད་པའི་རིག་གནས་ཀྱི་བརྡ་དོན་གྲོགས་སུ་བཀུར་དགོས་པའི་གནའ་ཤུལ་ཞིག་ཡིན། དེས་ན། ང་ཚོས་ལྷ་སྒྲུང་དང་བྱིས་སྒྲུང་མ་ཡིན་པའི་བདེན་པ་ཞིག་གི་བརྟུལ་བཞུགས་འཛིན་དགོས་ཨང་།
     ནས་ར་གཡུ་མཚོ། ལོ་རྒྱུས་ཀྱི་པང་དུ་རྟ་ཕོ་སྟོང་གི་རྨིག་རྗེས་བཞག་ཡོད་ཅིང་། འབྲོག་པ་སྟོང་གིས་དཔའ་བོའི་ངར་གླུ་ཤུགས་སུ་བླངས་ཡོད། འདུལ་བའི་མཁས་པ་ཆེན་པོ་ཞིག་གི་ཞབས་རྗེས་ཉེ་འདབས་སུ་བཀོད་མྱོང་ཞིང་། ཚངས་དབྱངས་སྙན་པའི་གསང་རྣམ་གངས་རིའི་གམ་ནས་འཛམ་གླིང་གི་ཡུལ་གྲུར་ཁྱབ་མྱོང་།  ཡིན་ནའང་།  ནས་ར་གཡུ་མཚོ།  ཁེར་རྐྱང་གི་འགྲུལ་བཞུད་ངང་ནས་མི་ཚེ་རྒྱང་དུ་ཕུད་ཡོད་ལ། ལོ་ཟླའི་རླུང་འཚུབ་ཀྱི་གསེང་ནས་རང་ཉིད་ཀྱི་སྡུག་བསྔལ་དང་མིག་ཆུ་སེམས་ལ་ཉར་ཏེ། སུ་གང་ལའང་ཤོད་མི་ཕོད་པར་དུས་ཚིགས་ཤིག་གི་བཙན་ས་བཟུང་ཡོད། ཡུལ་གྲོགས་གཅིག་པས་ཁྱེད་རང་གི་ངོ་གདོང་དྲི་མས་སྦགས་ཀྱང་ཁྱེད་ཀྱིས་འཁོན་འཛིན་བྱས་མི་མྱོང་ལ། ཕྱི་ཡིས་མགྲོན་པོས་ཁྱེད་ཀྱི་ནང་ཆས་རྐུ་འཕྲོག་བྱས་ཀྱང་ཁྱེད་ཀྱིས་ནམ་ཡིན་ཡང་དགྲ་རུ་ལངས་མི་མྱོང་། དེ་ལྟར། ཁྱེད་ཀྱིས་ཀྱག་ཀྱོག་གི་རྨི་ལམ་གཏོར་ནས་དུས་རབས་ཤིག་གི་ལམ་བུར་བསྙེག་ཡོད། ཁྱེད་ཀྱིས་འུད་བརྗོད་ཀྱི་རྟོགས་བརྗོད་སྦས་ནས་དུས་རབས་ཤིག་གི་ལོ་རྒྱུས་བཙལ་ཡོད།
    ནས་ར་གཡུ་མཚོ། གནའ་སྔ་མོ་ཞེས་པ་ནི་ང་ཚོའི་བྲང་ཁ་རུ་འཚང་བའི་སྤོབས་པ་ཞིག་ཡིན་ལ། ང་ཚོའི་སྙིང་ཁོངས་སུ་རུམ་པའི་ལ་རྒྱ་ཞིག་ཡིན།  གནའ་སྔ་མོ་སྔ་མོའི་ཕ་མཐའ་ཕ་མཐའ་ནས་དུས་རབས་འདི་ཡི་མགུལ་བར་རླུང་ཁམས་དོ་སྙོམས་ཀྱི་རྒྱན་ཆ་ཁྱོད་ཀྱིས་ཕུལ་ཡོད་ཅིང་། ཆར་ཆུ་རྟག་ཏུ་བསྩལ་བའི་ངལ་བ་ཁྱོད་ཀྱིས་དང་དུ་བླངས་ཡོད། ཁྱོད་ལ་སྒེར་སེམས་མེད་ཅིང་། ཁྱོད་ལ་འདོད་ངམས་ཟེར་བ་དེ་བས་མེད། ཁྱོད་ནི་གངས་ལྗོངས་ཀྱི་ས་གཞི་ན་ལྡིང་བའི་ལྷག་བསམ་ཅན་ཞིག་ཡིན།
    ཁྱོད་ཡོད་པའི་དུས་དེ་ནས་བཟུང་། ངའི་སེམས་ཀྱི་ཟབ་ས་རུ་ཡོད་པའི་དྲན་སྣང་དང་ནས་ར་གཡུ་མཚོའི་བློ་སྤོབས་མཉམ་དུ་སྦྲེལ་ན་བསམ་སོང་། ངའི་རང་གཤིས་ཀྱི་སྣེ་མོར་ཁྱེད་ཀྱི་དྭངས་གཙང་དང་ལྷག་བསམ་སྦྲེལ་ན་བསམ་སོང་།

                                                ༢༠༡༧/༨/༧ཉིན།

                                    མི་ཚེ།

    ཐོག་མ། ང་རང་མུན་པའི་དཀྱིལ་ནས་མགོ་བོ་མཐོན་པོར་འགྲེང་སྟེ།  ཁྱིམ་ཚང་ཞིག་གི་སྒོ་ཐེམ་ཤ་རུས་ཀྱི་རྡོག་པོས་བརྒལ་ནས་མི་རྒན་འགའ་དང་མཉམ་དུ་ཁྱིམ་ཚང་དེའི་བྱམས་སྐྱོང་གི་འོག་ནས་འཚོ་བ་ལ་རོལ། དམར་ཧྲེང་ཡིན་དུ་ཆུག  དོར་རྟ་རལ་བ་ཡིན་དུ་ཆུག མར་སྤགས་ཀྱི་སྣང་སྦྱིན་ནི་ཅི་ལས་ཀྱང་ལྷག་སོང་།
    བར་དུ། ང་རང་འོད་ཀྱི་ལྒང་བུ་ཞིག་གི་སྟེང་ནས་ཕྱོགས་བཞི་ལ་རྒྱང་བལྟ་བྱེད་འགོ་ཚུགས།  མི་མང་ས་དང་འཁྲུག་ཆ་ཆེ་ས་རུ་འདོད་པ་དང་དབང་ཤེད་ཀྱི་ལང་ཚོ་རིང་དུ་བཀྱེད།  ཆུང་མ་ཡང་དེའི་གྲས་སུ།  བུ་ཕྲུག་ཀྱང་དེའི་ཁོངས་སུ། གུ་དོགས་ས་དང་ཁེ་ཕན་ཆེ་ས་རུ་སྐེ་ཡན་ཆོད་ཀྱི་སྐད་ཆས་དུས་ཚོད་ཀྱི་ཐིག་རྩ་རེ་རེ་ཐག་རིང་གི་ས་ལ་འཐེན་ཡོད།  དེ་དུས། ལམ་གྱི་གཡས་གཡོན་ཚང་མ་ནི་ཚ་བས་གཙེས་ཤིང་མྱ་ངན་གྱི་འཁུར་བུས་རབ་ཏུ་བསྣན་འདུག
   མཐའ་མ། ང་རང་འཁར་བ་ལ་རྒྱབ་བརྟེན་བཅོལ་ནས་དུར་ཁྲོད་ཀྱི་ཞིང་ས་ལ་ཕྱོགས། ས་རྡོ་དང་འདྲེས་པའི་ང་ཡི་འགྱོད་བཤགས་རླུང་གྱི་ཁ་མཆེམས་ལ་སྐུར་བ་ཡིན། དེ་དུས། ལུས་ཕུང་ལ་རུལ་དྲི་བྱུང་ཡོད།  རྣམ་ཤེས་ཀྱི་འཇུག་ས་རྙེད་མེད། མ་ཎི་དབྱངས་ལ་བཀུག་གིན་པའི་སང་ཉིན་གྱི་ལམ་ལ་རྨི་ལམ་གྱི་རྒྱགས་ཕྱེ་རུམ་ཡོད།
                      
                                           ༢༠༡༧/༧/༢༥ཉིན།

                                     སེམས་ཁོང་གི་རྒྱབ་རི་སྨུག་པོ།

ངའི་མིག་ལམ་དུ་སྔོ་ཡུག་ཡུག་ལན་མང་བྱས་མྱོང་བའི་ལ་ཁའི་སྤྲིན་པ་འདིས་ང་ལ་འཕྲིན་པ་ཞིག་སྐུར་འདུག་ཅིང་། དེའི་ནང་དུ་རབ་རིབ་ཀྱི་ཡི་གེ་འགའ་རེ་ཡང་བྲིས་འདུག
    ཞོགས་པ་འདིར། ངས་སེམས་པ་རྣལ་ལ་ཕབ་ནས་ཡི་གེ་རེ་རེ་ངག་ནས་ཟློ་སྐབས། ལམ་འགྲམ་གྱི་ལྕང་ལྗོན་མང་པོས་ང་ལ་ལག་གཡུག་བྱེད་ཅིང་།ལྗོན་སྟེང་གི་བྱ་བྱེའུ་མང་པོས་ང་ལ་ཟུར་མིག་གི་སྐད་འབོད་རིང་དུ་བྱེད་ཀྱིན་འདུག འོན་ཀྱང་། གྲག་འགུལ་དང་གཡོ་འགུལ་ཆ་ཙམ་ཡང་མེད་པའི་སེམས་ཁོང་གི་རྒྱབ་རི་སྨུག་པོ་འདི། ངའི་གྲུ་ཟུར་དུ་རྫབ་རྫོབ་ཀྱི་ངང་ནས་ངལ་གསོ་བྱས་ནས་བསྡད་འདུག ན་ཟུག་དང་སྐྱོ་ངལ་རྒྱུན་ལ་མཐུད་དེ། དུ་བ་དང་ལང་ཚོ་དམ་ལ་བཏགས་ཏེ། འཚོ་བའི་ཕམ་ཁ་པང་དུ་བླངས་ནས་རེ་ཆད་ཀྱི་མི་ཚེ་གཡང་ལ་འབུད་ཀྱིན་འདུག
      ཁུ་སིམ་དང་ལྷིང་འཇགས་ཡིན་པའི་མཚན་མོ་ཞིག་ལ།ཁྱོད་ཀྱིས་རང་ཉིད་ལ་རྨོངས་འཐོམ་དང་དོ་མེད་གྱི་རྒྱན་ཆ་བཏགས་ཏེ། སྒྱིད་ལུག་དང་གཏི་མུག་གི་ཕ་མཐའ་ལ་གནས་སྐབས་ཀྱི་བདེ་བ་གྲུག་ཏུ་སོང་། བརྩེ་བ་དང་སྨོན་པས་ཕྱུག་པའི་མཚན་མོ་ཞིག་ལ། ཁྱོད་ཀྱིས་ཉེ་འཁོར་ལ་རྫུན་རྐྱལ་དང་གཅམ་གསག་གི་ཞགས་པ་དབྱུགས་ཏེ། ཟང་ཟིང་དང་བསླུ་ཁྲིད་ཀྱི་བར་འཁྱམས་སུ་ལྟད་མོ་བལྟ་བར་སོང་། སྐབས་དེ་དུས། མི་ཚོགས་ཀྱི་དཀྱིལ་ནས་འགྲེང་བའི་ཁྱོད་ལ་འཛེམ་བག་ཅི་ཡང་མེད་ཅིང་འཇིགས་རུང་གི་བསམ་པའི་གཡའ་དང་བྲལ་ལ། ཤི་གསོན་དང་ན་རྒས་ཀྱི་དྲན་པ་རླུང་ལ་སྤུར་ནས་ཡིད་རྟོན་དཀའ་བའི་མི་བུ་གསར་པ་ཞིག་གི་ལས་དབང་ལ་འཐམ་བཞིན་འདུག
      དེ་ལྟར། མཚན་མོ་དབྱངས་ལ་བཀུག་གིན་པའི་ཁྱེད་རང་གི་ཁ་ཕྱོགས་དང་ཉིན་མོ་རླུང་ལ་སྐུར་གྱིན་པའི་ཁྱེད་རང་གི་དུས་ཚོད། སྙིང་པོ་རྡུལ་ཙམ་ཡང་མེད་པའི་བར་སྣང་གི་ཁམས་སུ་ལང་ལིང་གི་ངང་ནས་གཉིད་ལ་རོལ་དུས། སེམས་ཁམས་ཀྱི་སྲབ་མདའ་གཞན་ཡུལ་གྱི་ལག་ན་གནས་ཤིང་། ཤ་རུས་ཀྱི་སྒྲོམ་གཞི་ཆུང་ཆུང་ཡུལ་དུས་ཀྱི་བྲན་ལ་འགྱུར་བས།  སྔ་མོ་སྔ་མོ་ཞིག་གི་བྱིས་པ་ཤ་ཐང་ཨང་ཐང་དེ་ཁྱོད་མིན་ལ། ཕ་མ་གཉིས་ཀྱི་འགྲམ་དུ་ཕུགས་བསམ་དང་རྨི་ལམ་འདྲེས་མའི་དྲིན་གཟོ་གླེང་མཁན་གྱི་རེ་བ་ཅན་དེ་ཡང་ཁྱོད་རང་དེ་བས་མ་ཡིན། ཁྱོད་ནི་ཤི་ཟིན་པའི་རི་གྲོང་གི་ངང་སྒུག་ཅིག་ཡིན་ལ།   དམིགས་པ་ལ་གཏད་བཟོ་མེད་པའི་གྲོང་ཁྱེར་སྲུང་མཁན་གྱི་རྣམ་ཤེས་འཁྱམ་པོ་ཞིག་ལས་མི་འདས།
     སེམས་ཁོང་གི་རྒྱབ་རི་སྨུག་པོ། ནམ་ཡང་གོམ་ཁ་བསྒྱུར་མ་མྱོང་བའི་སྲ་མཁྲེགས་ཀྱི་རྐང་རྗེས་ལ་བསང་རྫས་དང་སྤོད་ངད་ཀྱི་དྲི་ཞིམ་དབེན་ཞིང་། གཙང་བཙོག་ཅི་ཡང་མེད་པའི་བསམ་པའི་སྣེ་མོ་དེ་སྲང་ལམ་གྱི་ཕྱོགས་མཐར་ངེས་མེད་དུ་བསྐྱོད་དེ་ཡ་ང་བའི་མེས་པོའི་དཔའ་མཛངས་རྡོལ་རོལ་དུ་གཏོང་བའི་ལས་ལ་འབྲེལ་ཡོད། རང་གཤིས་ལ་ཉམས་པ་མེད་པའི་ཁྱིམ་རྒྱུད་ཀྱི་དར་ཆེན་དེ་ངན་དམོད་དང་ལབ་གླེང་གི་བར་ནས་ཧྲལ་ཧྲུལ་དང་རུལ་བར་བྱེད་པའི་ལས་ལ་འབྲེལ། དེ་དུས།  ཁྱོད་ལ་ཅི་ཡང་ལྷག་མི་སྲིད་ཅིང་། སྐྱབས་དང་སྟོན་པ་མེད་པའི་བསྡུས་གཟུགས་ཡ་མ་བརླ་ཞིག་ཏུ་འགྱུར་བ་ལ་ཐེ་ཚོམ་མེད་དོ།།
     ཉི་འོད་ལམ་ལམ་དུ་འཕྲོ་བའི་ཉིན་དགུང་ཞིག་ལ། ངས་འཕྲིན་ཡིག་ཅིག་ཁྱོད་ཀྱི་ལག་ཏུ་སྤྲོད་རྩིས་ཡོད་རུང་། ཁྱོད་ཁོར་ཡུག་འདི་དང་ཞལ་གྱེས་ཞུས་ཟིན་པ་འདྲ། རླུང་བུ་བསིལ་བསིལ་དུ་ལྡང་བའི་སྲོད་དུས་ཤིག་ལ། ངས་བསླབ་བྱ་ཞིག་ཁྱོད་ཀྱི་ཟབ་ས་རུ་བསྙལ་རྩིས་ཡོད་རུང་། ཁྱོད་འགྱོད་གདུང་དང་མཉམ་དུ་ཐག་རིང་ལ་ཕྱིན་ཟིན་པ་འདྲ།  དེ་དུས། ངས་སེམས་ཁོང་གི་རྒྱབ་རི་སྨུག་པོ་ལ་ཆགས་འཇིག་དང་བྲལ་བའི་སྨོན་ལམ་ཞིག་མ་ཎའི་མགུར་དབྱངས་དང་མཉམ་དུ་འཆོར་གྲ་སྒྲིག།
     སེམས་ཁོང་གི་རྒྱབ་རི་སྨུག་པོ། གལ་ཏེ། ཁྱོད་ཀྱི་བྲང་ངོས་སུ་སྐད་ཆ་དུམ་བུ་གཅིག་གི་སྙིང་གཏམ་བཤད་དགོས་ན། གལ་ཏེ། ཁྱོད་ཀྱི་ངོ་རིས་སུ་མེ་ཏོག་ཆག་པ་གཅིག་གི་མཛེས་རྒྱན་སྤྲས་དགོས་ན།  ངས་ངེས་པར་དུ་ལ་ཁའི་སྤྲིན་པས་སྐུར་བའི་འཕྲིག་ཡིག་འདི་ཁྱོད་ལ་ལན་གཅིག་བཀླག་དགོས་ཨང་།

                                                                    ༢༠༡༧-༦-༥ཉིན།
  
                                     གང་ལྟར་ཁྱི་རེད།
        
           ༡

   གྲོང་ཁྱེར་གྱི་གཡས་གཡོན་གང་སར་དབྱངས་གྲོས་མི་གཅིག་པའི་འུར་སྒྲ་དུ་མ་ཞིག་མི་ཚོགས་ཀྱི་རྣ་རྩར་ལྷང་ལྷང་དུ་བསྒྲགས་འོང་བར་ཧང་སངས་རྒྱུ་ཅི་ཡང་མི་འདུག ཁྲོམ་སྲང་དང་བར་འཁྱམས་ཡོད་དོ་ཅོག་ན་དུས་རབས་ཀྱི་དཔང་རྒྱ་དང་དུ་བླངས་ཟིན་པས།  འཁྲུག་ཆ་དང་གཡོ་ཟོལ་ནི་དུས་རབས་དེའི་ཁ་བྱང་དུ་འགྱུར་ཟིན་ལ། ཁྱི་ཕྲུག་མང་པོ་ཞིག་དུས་རབས་དེའི་ནང་གི་མི་སྣ་གསར་པ་ལ་འགྱུར་ཟིན།
            
             ༢

   ཞོགས་པ་དེར། གླིང་སྐོར་གྱི་ལམ་དུ་ཁྱི་ཕྲུག་འཁྱུ་གཅིག་སྤུང་དང་ཤིག་ཤིག་གི་ངང་ནས་རྒན་པོ་རྒན་མོ་ཚོའི་མདུན་ཕྱོགས་སུ་བང་ཁ་འགྲན་གྱིན་འདུག  དེ་དག་གི་སྐད་འབོད་རེ་རེ་ནི་སྔོན་མ་བྱིས་པ་ཚོའི་ངུ་དགོད་ལས་ལྡབ་འགྱུར་གྱིས་སྙན་ཅིང་། དེ་སྔོན་ང་ཚོའི་ཁ་ནང་ནས་རང་ཤུགས་སུ་འདོན་འོང་བའི་སྐད་ཆ་དེ་དག་ལས་སྙན་པར་འདུག
   ཁོ་ཚོའི་ཨ་ཕ་ནི་མིག་ཤེལ་ཆེན་པོ་རྒྱབ་པའི་རྒན་པོ་དེ་དག་ཡིན་པ་དང་། ཁོ་ཚོའི་ཨ་མ་ནི་གདོང་ལ་དཀར་དམར་བྱུག་པའི་རྒན་མོ་དེ་དག་ཡིན།  སྤུན་མཆེད་ཟེར་ཡང་རྒན་པོ་རྒན་མོ་ཚོ་ཡིན་ལ། འགྲོ་རོགས་ཟེར་ཡང་རྒན་པོ་རྒན་མོ་ཚོ་ཡིན།
    ནམ་རྒྱུན་ཁོ་ཚོ་ལ་མིང་སྙན་པོ་འདྲ་འདུག་སྟེ། ནོར་བུ་དང་བཀྲ་ཤིས།  བསམ་གྲུབ།  དབྱངས་ཅན། སྒྲོལ་མ། ད་རུང་མིང་གི་རྗེས་ལ་ལགས་ཤེས་པའི་ཞེ་སའི་ཚིག་དེ་སྦྱར་ནས་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་ངང་ནས་འབོད་ཀྱིན་འདུག དེས་མ་ཚད་ཁྱི་ཕྲུག་ཁ་ཤས་ལ་རྒྱ་སྐད་ཀྱི་མིང་སྙན་མོ་འདྲ་བཏགས་འདུག་སྟེ།ཞོའོ་པེ(小白)དང་ཏུང་ཏུང(东东)ཡོ་ཡོ(月月 )ལེའེ་ལེའེ(乐乐)ལ་སོགས་པའི་ཉན་ན་རྣ་བར་སྙན་ཞིང་བསམ་ན་འཇིགས་སྐུལ་ཆེ་བའི་མིང་འགའ་རེ་འདུག

             ༣

   ད་ལྟ་ཁྱི་ཕྲུག་དེ་དག་གི་ལུས་ལ་གྱོན་གོས་སྙིང་རྗེ་པོ་རེ་མནབས་ནས་ཁྲོམ་སྲང་གི་ཕྱོགས་གང་སར་འཁྱམ་པའི་སྤྲང་ཕྲུག་དེ་དག་ལ་ངོམས་སོ་བྱེད། དེ་བས། ཁ་ནང་དུ་ཟས་ཞིམ་པོ་འདྲ་ལྡད་ཀྱིན་ལྡད་ཀྱིན་སློང་མོ་བ་དག་གི་ངོ་གདོང་ལ་དཕྱ་དམོད་བྱེད་ཅིང་། སྐབས་ལ་ལར་ཞིམ་པོ་མེད་པའི་རྣམ་འགྱུར་ཞིག་རང་གི་བདག་པོ་ལ་སྟོན་པར་བྱེད།
   སྐབས་རེ་ཁོ་ཚོའི་བར་ལ་སྐད་ཆ་མང་ཞིག་འཆད་རྒྱུ་འདུག་སྟེ། བདག་པོས་རང་ཉིད་ཀྱི་སྐད་འཛེར་འཛེར་བར་དུ་ཁྱི་ཕྲུག་ལ་གཏམ་གླེང་བྱས་རུང་། ཁྱི་ཕྲུག་གིས་འུ་་་་་་་་་ཞེས་པའི་སྒྲ་རེ་གཉིས་བསྒྲགས་ཤིང་། ད་དུང་མཇུག་མ་གཡུག་གཡུག་འགའ་དང་མགོ་བོ་འགུལ་ཙམ་འགུལ་ཙམ་གྱི་ངང་ནས་བྱ་བྱེད་རེ་གཉིས་སྟོན་པ་ལས།  མཐུན་མོངས་ཀྱི་བརྡ་དོན་ཅི་ཞིག་གླེང་བཞིན་པ་ནི་ང་ལ་གསལ་ཆ་ཡེ་ནས་མ་བྱུང་།

          ༤

    ཁྱི་ཕྲུག་དེ་ཚོ་ངོ་མ་སྐྱིད་པོ་རེད་འདུག ཉིན་གང་པོ་དགའ་ཞིང་སྤྲོ་ཞིང་དུ་འཚོ་བ་ལ་རོལ་ཅིང་། ཁྱིམ་ཚང་ཞིག་གི་ཐེམ་ཐོའི་ནང་དུ་མཁའ་དབུགས་གཏོང་ལེན་བྱེད་ཀྱིན་འདུག་ལ། འཇིག་རྟེན་མིག་ལ་རེག་རྒྱུ་མི་བྱུང་བའི་བྱིས་པ་དག་གི་བསྡོད་གནས་སྟེང་དུ་བདེ་བའི་གཉིད་ལ་རོལ་འདུག  
     གལ་ཏེ། དུས་རབས་ཉེར་གཅིག་གི་ནང་དུ་སྨོན་ལམ་ཡག་པོ་ཞིག་བཏབ་དགོས་ན། རྒན་པོ་རྒན་མོ་ཚོའི་གཅེས་གཅེས་སུ་གཉོར་བའི་ཁྱི་ཕྲུག་གཅིག་གི་སྐྱེ་བ་བླངས་ན་ཅི་མ་རུང་སྙམ་པའི་སྨོན་ཁ་འཆོར་དགོས་འདུག་ཨང་། ཁོ་ཚོའི་མིག་ལམ་དུ་འོད་འཁྱུག་འཁྱུག་བྱེད་པའི་གཟུགས་ལེབ་ལེབ་དང་སྤུ་སོག་སོག་གི་ཚ་བོ་ཚ་མོ་དེ་དག་གི་སྐྱེ་བ་བླངས་ན་བསམ་པའི་འདུན་པ་ཕྱོགས་དགོས་ཨང་།
   དེ་ལྟར། སྨོན་ལམ་ལ་མངོན་དུ་འགྱུར་ངེས་པའི་ཉིན་དེ་ནས་བཟུང་།   ང་ཚོའི་འདུ་ཤེས་ཀྱང་མཉམ་དུ་རུལ་འགྲོ་གིན་པ་སུས་ཤེས་སམ།  ང་ཚོའི་རྣམ་ཤེས་ཀྱིས་ཀྱང་སོ་སོའི་རུས་སྒྲོམ་ལ་སྐྱུག་བྲོ་བྱ་ངེས་པ་སུས་གླེང་ངམ། དེ་དུས།  བསམ་གྲུབ་དང་དབྱངས་ཅན། ཞོའོ་པེ(小白)ལ་སོགས་པ་ང་ཚོའི་སྤུན་མཆེད་ཡིན་ནམ།

             ༥

    གྲོང་ཁྱེར་གྱི་གཡས་གཡོན་གང་སར་འཇིགས་སྐུལ་གྱི་སིང་སྒྲ་ཁྲི་སྟོང་མང་པོ་མི་སེམས་ཀྱི་སྙིང་རྩ་ལ་རྡེག་འོང་བར་སྐྲག་རྒྱུ་ཅི་ཡང་མི་འདུག  རང་ཁྱིམ་གྱི་ཁུགས་སོ་གང་སར་རིགས་རྒྱུད་མི་གཅིག་པའི་སྙིང་ཉེ་འཁྱུ་རེ་གསར་དུ་ངོས་འཛིན་དང་གསོ་ཉར་གྱི་ལམ་ཁ་ལ་ཕྱོགས་ཟིན་པས། རྨོངས་པ་དང་ཉེན་ཁ་ནི་མཐའ་འཇུག་གི་ཡ་ལན་ཞིག་ཡིན་པ་ལས་ཅི་ཡང་མ་ཡིན། དེས་ན། ཁྱི་ཕྲུག་མང་དག་ཞིག་དུས་རབས་དེའི་ནང་གི་མི་སྣ་གསར་པ་ལ་འགྱུར་བ་འདྲ་སྣང་ཡང་། གང་ལྟར་ཁྱི་ཕྲུག་རེད།
   
                                                        ༢༠༡༧/༧/༡༤ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནས་ར་གཡུ་མཚོ།(ཞར་བཀོད་གསུམ་ཡོད)

2017-10-22 གསར་བུ།(བོད་ལྗོངས་སློབ་ཆེན) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།