གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱ་དགེ་དང་ཁྱ་དགེ་སྡེ་བ།(ཞར་བཀོད་གཅིག་ཡོད)

2018-03-04 14:50:58 དྲོ་ཆེན་པ་རྟ་མགྲིན་སྐྱབས། ཀློག་གྲངས། མཆན ཡོད།

 

ངའི་ཕ་ཡུལ་ནི་མདོ་སྨད་ཅོ་ནེའི་བྱང་རྒྱུད་དུ་ཆགས་པའི་ཁྱ་དགེ་ཞེས་བྱ་བའི་ཡུལ་དགེ་བཅུའི་དཔལ་ཡོངས་སུ་རྫོགས་པའི་གནས་མཆོག་ཅིག་ཡིན་ལ། ཁྱ་དགེ་ཞེས་པའི་མིང་དེ་ཡང་མང་ཕྱོགས་ཤིག་གིས་དགོན་མིང་ཡུལ་ལ་ཐོགས་པ་ཞིག་སྟེ། རུས་ཁྱུང་བོ་ཅན་གྱི་དགེ་སློང་བ་ཞེས་དང་ཐོག་དགོན་པ་དེ་གའི་གྲྭ་བ་ཚོའི་མིང་དུ་གདགས་ཤིང་། རྗེས་སོར་ཁྱུང་དགེ་ཞེས་དགོན་མིང་ནས་རིམ་བཞིན་ཡུལ་མིང་ཁྱ་དགེ་ཞེས་པར་ཟུར་ཆག་པར་འདོད།  ཡུལ་འདིར་གནའ་དུས་སུ་ཅོ་ནེ་གྲགས་པ་བཤད་སྒྲུབ་དང་དཔོན་སློབ་རིན་པོ་ཆེ་སོགས་ཀྱི་བླ་ཆེན་དང་མཁས་ཆེན་མང་དུ་འཁྲུངས་པར་གྲགས། གནའ་ནས་བཟུང་ཡུལ་འདིའི་བཀོད་པ་ནི་བྲག་དང་ནགས་རི། རི་གཟར། འགག་ཕྲེང་དོག་མོ་སོགས་ཡུལ་ཁམས་གཞན་དང་མི་འདྲ་བས། གནའ་མི་ཚོས་བཤད་ན་ཡུལ་འདིར་སྔོན་ཆད་ནགས་ཚལ་ཧ་ཅང་སྟུག་པས་མི་རྟ་གཉིས་ཀ་ཡང་ཁ་ཁར་གྱེས་སོང་བའི་གཏམ་རྒྱུད་ཡོད་ཕྱིར། ད་ལྟ་ཡིན་ཡང་གནས་འདི་རུ་འགྲིམ་འགྲུལ་སྟབས་བདེ་བོ་མེད། རྒྱུ་མཚན་དེའི་ཕྱིར་ཡིན་ནམ་ཅི་ཡིན་མི་ཤེས་ལ། གང་ལྟར་ཡུལ་འདི་གཞན་དང་མི་འདྲ་བར་ཧ་ཅང་བག་འཁུམ་དང་ལྷིང་འཇགས་ཀྱིས་གནས་ཡོད།  ཁྱ་དགེ་དགོན་ནི་མདོ་སྨད་ཕྱོགས་ཀྱི་དགོན་པ་མང་བོ་ལས་ལོ་རྒྱུས་ཡུན་ཅུང་རིང་ཤས་སུ་གྱུར་ཡོད་ལ། དེར་ལྷ་སྡེ་དང་མི་སྡེ་ཅུང་མང་བོས་གྲུབ་ཡོད་པ་ཞིག་ཡིན་པ་མདོར་འདྲིལ་ན་རེབ་རྩ་ཁག་བཞི་རུ་བགོས་པའི་མི་སྡེ་ཡོངས་ཡིན་ནོ། ཁྱ་དགེ་ཞེས་པའི་ཡུལ་ལམ་ལུང་བ་འདིའི་མིང་གཞན་ལ་གཡོ་སའི་ཁོག་ཀྱང་ཟེར།  གཡོ་སའི་ཁོག་འདིར་ད་ལྟ་ཡང་ཧ་ཅང་ལྷིང་འཇགས་ཀྱིས་ཁེངས་ཡོད་སྟབས། རིག་གནས་རིན་ཆེན་གྱི་ཕྲ་རྒྱན་པའི་མཁས་པ་དང་།  དཔལ་འབྱོར་མ་རྩ་ཡི་མཐོ་འགྲན་པའི་ཁེ་ལས་པ། ཐོབ་དང་དབང་ཆའི་གོ་ཆ་འཛིན་པའི་འགོ་བ་སོགས་ཧ་ཅང་ཉུང་བའི་ས་ཆ་ཞིག་གོ། ཡིན་ཡང་དུས་རབས་ཀྱི་རླུང་འཚུབ་རྒོད་པོའི་ཁྲོད་དུ། སྤྱི་ཚོགས་ཀྱི་ནང་ཁུལ་འདིར་དཔལ་འབྱོར་དང་རིག་གནས་ཀྱི་འགྲན་རྩོད་ཤུགས་ཆེ་ན་ཡང་། ང་ཚོའི་ཕ་ཡུལ་གྱི་ཡུལ་མི་ཚོ་ཧ་ཅང་བག་འཁུམ་དང་ལྷོད་ཡངས་ཀྱིས་སེམས་ཁུར་ཅི་ཡང་མེད་པ་ལྟར་གནས་ཡོད་ལ། ལོ་རེར་བཞིན་རིག་གནས་ཀྱི་བྱ་འགུལ་ཇེ་ཉུང་དང་། སྣ་ཁ་ཆིག་རྐྱང་བ་ཁོ་ནར་འགྱུར་གྱིན་འདུག་སྟེ། སྔོན་དུས་ལོ་སར་གྱི་སྐབས་སུ་ཟས་སྣ་མོད་པོ་མེད་ཀྱང་དམངས་ཁྲོད་ནས་ལག་འཇུ་མ་ལྷོད་པའི་རྩེད་རིགས་སྣ་ཚོགས་མཐོང་རྒྱུ་ཡོད་ལ། མི་མང་ཚོའི་གདོང་གི་བཅོས་མ་མ་ཡིན་པའི་འཛུམ་མདངས་ཀྱང་མཐོང་རྒྱུ་ཡོད། ཡིན་ཙང་། ད་རེས་སུ་རིམ་བཞིན་ལོ་སར་གྱི་སྐབས་སུ་ལག་རྩེད་སྤོ་ལོའི་འགྲན་སྡུར་ཞིག་དང་རྟ་རྒྱུག་འགྲན་སྡུར་གཉིས་ལས་རྩེད་རིགས་ཅི་ཡང་མཐོང་རྒྱུ་མི་འདུག་ལ། རྩེད་རིགས་དེ་གཉིས་ནི་ལོ་རེས་མོས་སུ་འཁོར་བའི་ནང་ཆེས་གལ་ཆེ་བ་དང་ཆེས་ཁྱབ་རྒྱ་ཆེ་བའི་རྩེད་རིགས་གཉིས་ཀ་ཁོ་ན་དེའོ།  ལྷག་པར་དུ་ལག་རྩེད་སྤོ་ལོ་འགྲན་སྡུར་ལྟ་བུར་མཚོན་ན་དབྱར་དགུན་སྟོན་དཔྱིད་གང་གི་སྐབས་སུ་ཡང་ཡོད་པ་མ་ཟད། ཞང་སྲིད་གཞུང་གིས་ཆེད་དམིགས་ཀྱིས་ལོ་རེའི་དུས་ཚོད་ཅིག་གཏན་འཁེལ་བྱས་ཏེ་ཞང་རང་ཉིད་ཀྱིས་ལུས་རྩལ་འགྲན་སྡུར་རྣམ་གྲངས་སུ་འཇོག་ཅི་ཐུབ་བྱས་པས་ཁྱབ་བརྡལ་ཧ་ཅང་ཆེ་ཕྱིར། རང་ཡུལ་ལུང་བ་དང་རང་སྡེ་ཕྲ་མོའི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་རྩེད་རིགས་དག་རིམ་བཞིན་གྲགས་མེད་འགུལ་མེད་དུ་འགྱུར་བཞིན་ཡོད། ཡུལ་ལུང་འདིའི་གསར་རུ་གསར་མོ་ཚོའང་ཁྱིམ་ལས་བསྒྲུབས་ཚར་མ་ཐག་ཁ་པར་ལག་ཏུ་བླངས་ནས་སྐད་འཕྲིན་གྱི་དྲ་རྒྱར་ཚུད་འགྲོ་བ་མ་གཏོགས་ཟ་དང་ཟུར་ནས་རིག་གནས་ཤེས་བྱའི་གནས་ལ་ཅུང་ཟད་བློ་ཁ་ཕྱོགས་རྒྱུ་ནི་ཁོ་ཚོ་དང་འབྲེལ་མེད་དུ་བསམ་གྱིན་ཡོད། ལྷག་པར་དུ་ཚོང་ཙ་ཙིག་རྒྱག་དུས་སུའང་ཕྱོགས་ཞེན་གྱི་དབང་གིས་རྒྱུག་རྟ་དགའ་ས་རེ་མཐོང་ཚེ་དེ་ལ་ཆེ་ལུག་བཅོ་ལྔ་ཉི་ཤུ་སྟེར་བ་འམ་ཡང་ན་འབྲི་གཡག་མང་བོར་བརྗེ་བ་སོགས་གྱོང་གུད་གང་ཆེ་གང་ཡོད་ཀྱི་རྡིབ་ཚོང་རེ་གཉིས་ལས་དུས་རབས་ཀྱི་འགྲོས་ཕྱོགས་དང་བསྟུན་པའི་ཚོང་ཡག་པོ་ཅི་རིགས་ཡོད་པ་དེ་དག་མཐོང་གི་མེད། ལོ་འདི་ཤས་ལ་ཕལ་ཆེར་སྤྱི་ཕྱོགས་ཤིག་ནས་སྤོ་ལོ་དང་རྟ་རྒྱུག་འགྲན་སྡུར་ནི་ཆད་པ་མེད་པའི་བྱ་འགུལ་ཞིག་ཡིན་ལ། བདེ་ཐང་མ་ཡིན་པ་དང་ཚད་ལས་འདས་པའི་བྱ་འགུལ་ཞིག་ཏུའང་གྱུར་དང་འགྱུར་བཞིན་འདུག་པས། དེ་ལ་འོས་འཚམ་གྱི་ཚད་གཞིར་འབབ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྙམ།   ང་ཚོའི་ལུང་པར་ཡང་དེ་ལས་མ་འདས་པར་གསར་བུ་ཚོའི་ཁ་ན་ནམ་རྒྱུན་གླེང་བཞིན་པ་ནི་སྤོ་ལོ་དང་རྒྱུག་རྟ། དེ་ནས་རླངས་འཁོར་ལ་རྒྱུགས་འཕྲོད་ཡོད་མེད་སོགས་ཀྱི་ཁ་བརྡ་ཁོ་ན་ཙམ་མོ། སྤྱིར་དེ་དག་གླེང་མ་ཆོག་པའམ་སྤེལ་མ་ཆོག་པ་ཞིག་ཀྱང་རྩ་ནས་མིན་པར་འོས་འཚམ་དང་ཚད་གཞི་ཡོད་པའི་སྒོ་ནས་བྱ་བ་བསྒྲུབ་ན་ཧ་ཅང་ལེགས་པ་མ་གཏོགས་མི་ཚང་མས་སྤོ་ལོ་རྩེ་བའམ་ཡང་ན་ཚང་མས་རྟ་རྒྱུག་བྱེད་པ། ཚང་མས་རླངས་འཁོར་བསྐོར་ནས་གླ་བྱས་ཚེ་སྙིང་བོ་ཡོད་མེད་ལ་སོམས་ཤིག  ནང་ཁུལ་ལ་ཕམ་རེས་བྱས་པ་ཙམ་ལས་གཞན་དུ་མ་འདོད། 

ཁྱ་དགེ་དགོན་གྱི་མིང་ཆ་ཚང་ལ་ཁྱ་དགེ་དགོན་དགེ་ལྡན་ལེགས་བཤད་གླིང་ཞེས་ཟེར་ཞིང་། གྲྭ་བ་ཉིས་བརྒྱ་ལྷག་གིས་གྲུབ་པའི་དགོན་པ་ཞིག་ཡིན་ལ། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ཡན་ལག་བརྒྱ་དང་བརྒྱད་ཀྱི་ཡ་གྱལ་ཡིན་ལ། དགོན་འདིར་ཁྱ་དགེ་ཚང་དཔོན་སློབ་རིམ་བྱོན་གཙོ་བྱས་བྲག་དགོན་པ་ཚང་སོགས་བླ་མ་ལྔ་ལྷག་གིས་སྔོན་ཆད་གདན་ས་རུ་གྱུར་མྱོང་བའི་ལོ་རྒྱུས་ཡོད། དགོན་འདིའི་དགེ་སློང་བ་མང་ཆེ་བ་ཆོས་དང་རིག་གནས་ཕྱོགས་ལ་བརྩོན་པ་ཆེ་བ་དག་དག་ཡིན་ལ། བླ་བྲང་བཀྲ་ཤིས་འཁྱིལ་སོགས་ནས་སློབ་གཉེར་བྱས་ནས་འོང་བའི་སློབ་མ་རེ་འགར་ཆོས་དང་རིག་གཞུང་གང་ཅིའི་ཐད་ནས་མིང་གྲགས་ཀྱང་ཅུང་ཟད་ཆེ་སྟེ། དཔེར་ན། དགེ་རྒན་འོད་ཟེར་གཤེགས་པ་ཚང་ནི་དཔོན་སློབ་རིན་པོ་ཆེ་སྐུ་ཕྲེང་བཞི་བ་རྗེ་འཇིགས་མེད་ཐུབ་བསྟན་རྒྱ་མཚོ་ཚང་གི་དགེ་རྒན་ཡིན་ལ། རིག་གནས་ཐད་ནས་མཚན་སྙན་གྲགས་ཧ་ཅང་ཆེ། ཨ་ཁུ་རིན་ཆེན་ཚང་བླ་བྲང་དགོན་ནས་སློབ་གཉེར་གནང་བ་ཞིག་ཡིན་ལ་ཚད་མ་དང་བསྡུས་གྲྭའི་ཕྱོགས་ནས་བླ་བྲང་དུའང་གྲགས་འགུལ་ཅུང་ཟད་བཟོས་མྱོང་མཁན་ཞིག་ཡིན། ད་དུང་ན་གཞོན་སློབ་གཉེར་བ་མང་བོ་ཞིག་ཀྱང་དཔོན་སློབ་ཚང་གི་བཀའ་དྲིན་ལ་རྔ་བའི་སྒོ་མང་དགོན་སོགས་སུ་སློབ་གཉེར་ལ་འགྲོ་བའི་སྐལ་བ་ལྡན་ཞིང་རེ་འགའ་ལ་མཚན་སྙན་ཀྱང་ཆེར་རྒྱས་དང་རྒྱས་བཞིན་པའོ། ཡིན་ཙང་། གྲྭ་བ་ལ་ལ་ཞིག་ནི་ད་དུང་ཟང་ཟིང་གི་སྤྱི་ཚོགས་སུ་མགོ་འཐོམས་ནས་ཡོད་དེ། ལ་ལ་ཞིག་ནི་ཁྱིམ་ཚང་འཁོར་བ་ལ་ཐེ་གཏོགས་བྱེད་མཁན་དང་རེ་འགའ་ཞིག་ནི་འ་འུར་ལང་ལོང་གི་སྤྱི་ཚོགས་ལ་མགོ་འཁོར་མཁན་ཡང་ཡོད་དེ། དཔེར་ན། དབྱར་དགུན་སྟོན་དཔྱིད་ལ་སྤོ་ལོ་ལ་མགོ་འཁོར་ནས་ཡོད་མཁན་ཡང་ཡོད་པ་རེད། སྤྱིར་གྲྭ་བ་ཚོས་སྤོ་ལོ་རྩེ་མི་ཆོག་པ་མ་རེད། གྲྭ་བ་ཚོས་ལྷག་ཏུ་རྩེ་ནས་ལུས་ཕུང་སྦྱོར་བརྡར་བྱས་ན་ཧ་ལས་པའི་ཡག་པོ་རེད། ཡིན་ཡང་རྩ་བ་བོར་ནས་རྩེ་མོ་ལ་འཇུ་མི་ཉན་པ་རེད། སྤྱིར་ང་ཚོ་ནི་ལག་རྩེ་སྤོ་ལོའི་ལས་རིགས་(职业)མིན་པས་སྤོ་ལོ་དེའང་ལུས་ཕུང་བདེ་ཐང་ལ་བསམ་ནས་རྩེ་ན་ཡག་པར་འདོད་དོ།།

དེ་ནས་ཁྱ་དགེ་དགོན་པ་ནི་གཡོ་སའི་ཁོག་ཅེས་པའི་ལུང་བ་དེའི་དཀྱིལ་དུ་གནས་ཡོད་ཅིང་། དེ་ནི་རྒྱ་བོད་ཀྱི་རྡོ་རིང་ལྟ་བུར་གྱུར་ཡོད་དེ། དགོན་པའི་མན་ཆད་ཀྱི་སྐུ་ཞབས་ཚོའི་ཞལ་ན་རྒྱ་སྐད་དམ་རྒྱ་བོད་སྐད་རིགས་བསྲེས་མ་༼   རྒྱ་སྐད༧༠%  བོད་སྐད༣༠% ༽བདེ་བོར་འཛིན་ཅིང་མཐོང་ཆེན་བྱེད་ཀྱིན་ཡོད། དེའང་ཁག་མེད་དེ། རྒྱ་དང་འདྲེས་མཚམས་ཡིན་པའི་རྒྱུ་མཚན་ཡིན་ཀྱང་སྲིད། ཡིན་ཡང་དེ་རུ་མིའི་བསམ་བློའི་གོ་རྟོགས་མཐོན་པོ་ཡོད་དེ། བུ་ཕྲུག་སློབ་གྲྭར་བསྐྱལ་བ་དང་རང་གིས་ཐུན་མིན་གྱི་ལག་པ་འགུལ་ནས་རང་ཁ་གསོ་བ་སོགས་བྱེད་རྒྱུར་གོམས་ཡོད་པ་དེ་ནི་ཧ་ཅང་བཟང་རྟགས་སུ་མཐོང་།  དགོན་པའི་ཡན་ཆད་དུ་རང་སྐད་རང་ལུགས་ཀྱི་སྲོལ་ཧ་ཅང་མ་ཉམས་པར་ཡོད་ནའང་། ཨ་ཁུ་ཞི་བདེས་བཤད་པ་ལྟར་བླུན་པོ་མདོང་བཟུང་ཏག་ཏག་མ་གཏོགས་མཁས་པ་སྨྱུག་ཐོགས་གཅིག་ཀྱང་བརྩི་རྒྱུ་མེད་པ་རེད། དགོན་པའི་ཡན་ཆད་དུ་སྡེ་བ་བཞི་ལྔ་ཙམ་ཞིག་ཡོད་པ་དེར་ཁྱིམ་ཚང་ཉིས་བརྒྱ་ལྷག་ཙམ་ཡོད་ཀྱང་ཞིབ་འཇུག་སློབ་མའི་ཡན་ཆད་ཀྱི་བསླབ་གནས་ཟིན་མཁན་གྱི་མི་ཉིས་གསུམ་ཙམ་ལས་མེད་དོ།  ཡིན་ཡང་དུས་རབས་ཀྱི་རླུང་འཚུབ་དྲགས་པོས་ཡུལ་འདིའི་མནའ་མ་བུ་མོ་ཚོའི་བསམ་བློའི་འདུ་ཤེས་བསྒྱུར་ཡོད་པ་འདྲ། ཁྱིམ་ཚང་ཞིག་ནས་ཨུ་ཚུགས་ངང་གཞན་གྱི་གཡོག་བྱེད་རྒྱུ་ལས་གྲོང་ཁྱེར་ཞིག་ལ་སོང་ནས་རང་དབང་གི་འཚོ་བ་ཞིག་ལོངས་སུ་སྤྱོད་པས་དགའ་སྙམ་ནས་ཡུལ་ཕྱོགས་ཀྱི་མནའ་མ་ཨ་ནེར་མ་འཆམ་པ་དང་བག་མ་མག་པར་མ་མཐུན་པ་ཚང་མ་གྲོང་ཁྱེར་ཞིག་ལ་འགྲོ་རྒྱུ་ཞིག་གོམས་སོང་། དེའང་བཟང་ངན་མི་ཤེས་པས་ལེགས་པར་སོམས་ཤིག

       མདོར་ན། ང་ཡང་ཕ་ཡུལ་ཁྱ་དགེ་དང་ཁ་ཐག་ཧ་ཅང་ཉེའོ།
                              

                                       2016.8.13སྔ་དྲོར།  ཉི་མ་བླ་བྲང་ནས།


                 གྲོ་ཆེན་སྡེ་བ་དང་དྲོ་ཆེན་སློབ་ཆུང་།

གྲོ་ཆེན་ཞེས་པའི་མིང་དེ་ནི་ངག་རྒྱུན་ཙམ་ལས་ལོ་རྒྱུས་ཀྱི་ཡིག་ཆ་སོགས་གཞི་འཛིན་ས་ཕལ་ཆེར་མེད་པ་འདྲ། ངག་རྒྱུན་དུ་གྲོ་ཆེན་ཞེས་པའི་མིང་དེ་གནའ་དུས་སུ་འབྲུ་རིགས་གྲོ་བཏབ་ན་ཧ་ཅང་ཡག་ས་ཞིག་ཡིན་པ་དང་། ལུང་བ་ཆེ་ཆུང་གཉིས་ཡོད་པས། ལུང་བ་ཆེ་བ་ལ་གྲོ་ཆེན་དང་ལུང་བ་ཆུང་བ་ལ་གྲོ་ཆུང་ཞེས་སུ་འབོད་སྲོལ་ཡོད་པར་གྲགས། སྔོན་དུས་སུ་ས་འདིའི་མི་སྡེ་ཅུང་ཆེ་མོད།  ཕྱིས་སུ་ཨ་འཁོར་སོགས་མི་སྡེ་མང་བོ་ཞིག་ཁག་གྱེས་པར་བཤད། ཨ་འཁོར་ཞེས་པ་དེ་ཡང་དང་ཐོག་མ་སྡེ་ནས་གྱེས་ཏེ་ལུང་ཆེན་ཞིག་གི་ཕར་ནང་ན་ཁ་ཕར་འཁོར་ནས་ཆགས་པས་ན། ཕར་འཁོར་ནས་ཨ་འཁོར་ཞེས་ཟུར་ཆགས་པར་བཤད།

དེང་གི་གྲོ་ཆེན་སྡེ་བ་དེ་ཧ་ཅང་ཆུང་བ་མ་ཟད། དེ་ཡང་སྡེ་ཆུང་ཁག་གསུམ་སྟེ། ཉི་ཏོ་ཤར་དང་ལུག་ཁྲིམས་ནང་། དགུན་ས་འགབ་བཅས་གོང་རིམ་ལྟར་ཆགས་ཡོད། སྔོན་དུས་སུ་ས་རྒྱ་ཧ་ཅང་ཆེ་ལ་མི་གཤིས་ཀྱང་དེ་འཚམ་གྱིས་འཇམ་ཞིང་བཟང་བར་གྲགས། ཡིན་ཡང་ས་ཆ་མང་ཤས་ཤིག་གཞན་ལ་གཡར་བ་དང་བྱིན་པ་སོགས་བྱས་མཐར་ད་ལྟ་ས་རྒྱ་ཧ་ཅང་ཆུང་བ་རེད།  བྲག་རླུང་ཐང་ཞེས་པ་དེ་ནི་འོས་འཚམ་གྱིས་རྩྭ་ས་ཡག་ལ་རྩྭ་བཅུད་ཀྱང་བཟང་བས་རུ་འབབ་ས་གཙོ་བོ་ཞིག་ཏུ་བརྩི་བཞིན་ཡོད། མདོ་སྨད་ཆོས་འབྱུང་སོགས་སུ་ཅོ་ནེའི་བྱང་ཕྱོགས་སུ་གཙོ་བོ་ཕྱུགས་ལས་གཉེར་བཞིན་ཡོད་ཅེས་པ་སོགས་ལ་བལྟས་ན་སྔོན་དུས་ས་འདི་རུ་ཕྱུགས་ལས་གཙོ་བོ་དང་ཞིང་ལས་ཕལ་བ་བྱས་ནས་འབྲོག་ཞིང་མཉམ་ལས་ཀྱི་ས་ཆ་ཞིག་ཡིན་པར་ཐེ་ཚོམ་མེད། ཡིན་ཡང་མི་དམངས་ཀུང་ཧྲེ་ཅན་གྱི་དུས་སུ་ས་ཞིང་སྔར་ལས་རྒྱ་ཇེ་ཆེར་བཏང་བ་སོགས་ཀྱིས་ཞིང་ལས་དང་ཕྱུགས་ལས་གཉིས་གཙོ་ཕལ་གྱི་དབྱེ་བ་དེ་ཙམ་མེད་པར་གྱུར་སོང་།

སྔོན་དུས་སུ་ས་འདི་རུ་ཁ་དྲོན་ནང་བ་ཞེས་མཁས་མཛངས་ཀྱི་རི་ཁྲོད་པ་ཞིག་བྱུང་བར་གྲགས་ལ། ཁོང་གི་ཉེ་འཁོར་གྱི་ཁོར་ཡུག་ཀུན་ཏུ་ཚུལ་ཁྲིམས་ཀྱི་དྲི་འཐུལ་ཡོད་པས། ཐག་ཉེ་རིང་གི་བླ་མ་དང་དགེ་བཤེས། སློབ་མ་སོགས་ཕེབས་དུས་རྒྱང་ཐག་ཅུང་རིང་ས་ནས་ཀྱང་ཁོང་བཞུགས་ཡོད་མེད་ཚོར་ཅེས་དམངས་ཁྲོད་དུ་བཤད་སྲོལ་མཆིས། ཁོང་ལ་གསུང་འབུམ་མང་དུ་ཡོད་པ་ད་ལྟ་བླ་བྲང་དགོན་པའི་ཚོགས་ཆེན་འདུ་ཁང་དུ་བཞུགས་པར་གྲགས།  ཡིན་ཙང་། དུས་ཀྱི་འཕོ་འགྱུར་གྱི་དབང་གིས་དེང་སང་གནས་འདི་ནི་ཧ་ཅང་བག་འཁུམ་ཞིང་དབེན་འཇགས་ཀྱིས་ཁེངས་པའི་ཞིང་ཁམས་ཤིག་ཏུ་གྱུར་འདུག་ལ། རླངས་འཁོར་སོགས་འགྲུལ་འགྲིམ་གྱི་སྟབས་ཀྱང་ཧ་ཅང་མི་བདེ་བས་ཐག་རིང་ནས་ཕྱིར་ཕ་ཡུལ་ལ་ལོག་པར་སེམས་འཁུར་ཆེ་བ་ལྟ་བུའི་ཚོར་སྣང་ཞིག་མི་སུ་ལའང་སྟེར་ངེས། དེ་བས་ཡུལ་མི་ཕྱི་ལ་འགྲོ་བའམ། ཕྱི་མི་ནང་ལ་འོང་བ་སོགས་སྟབས་ཧ་ཅང་མི་བདེ་བས་ན། ས་འདི་རུ་མཁས་མཛངས་གཉིས་ལྡན་གྱི་རིག་གནས་པ་དང་ཆབ་སྲིད་པ། དམག་དོན་པ། དཔལ་འབྱོར་བ། ཁེ་ལས་པ། བསམ་བློ་བ། སྒྱུ་རྩལ་བ་སོགས་མཛུ་གུས་བརྩི་ཆོག་པ་གཅིག་ཀྱང་མེད། ཡིན་ཙང་། སྡེ་བ་ཆུང་ཆུང་སྡེ་ཁ་འཆམ་ཞིང་། སྡེ་མི་སོ་སོ་དགོད་ཁ་བཙན་པའི་མི་སྡེ་འདི་ལྟ་བུར་མཚོན་ན། འཛོམས་དུས་གླུ་གར་གཞས་གསུམ་དང་། བྲལ་དུས་ཁ་ཏ་སློབ་གསོ་ཡི་ལུགས་དེ་མེད་པ་རྩ་བ་ནས་མིན་པར། དམངས་ཁྲོད་དུ་གླུ་གར་ལ་མཁས་པ་མང་བོ་ཞིག་ཡོད་མོད། ཕྱི་ལ་ཅོ་ནེའི་སྙིང་མོ་སྐྱིད་ལྟ་བུ་ཙམ་ལས་སྟོན་རྒྱུ་མེད་པ་དེ་ཙམ་མོ།།

དྲོ་ཆེན་ཞེས་པ་ནི་མང་ཚོགས་ཀྱི་ཁ་ནང་གྲོ་ཆེན་ཞེས་པ་ལུང་ཁུངས་ཅི་ཡང་མེད་པའི་སྒོ་ནས་ཡིག་ཐོག་ཏུ་ཕབ་པ་ཁོ་ན་ཞིག་ཡིན་ལ། དྲོ་ཆེན་སློབ་ཆུང་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་ནས་ཚུགས་པ་ཞིག་ཡིན་ལ། ད་ལྟའི་བར་དུ་གསོ་སྐྱོང་བྱས་པའི་སློབ་མ་ཡང་ཕྱུགས་རྫི་དེ་ཚོ་རྐྱང་རྐྱང་ཡིན།  ༢༠༡༢ལོའི་སྔ་རོལ་དུ་སློབ་གྲྭ་དེ་ནས་གསོ་སྐྱོང་བྱས་ནས་རིམ་གྱིས་སློབ་ཆེན་སོགས་རིག་གནས་པའི་སྡེ་རུ་འགྲིམས་སོང་བའི་སྡེ་མི་གཅིག་ཀྱང་མེད། སྔོན་གྱི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་གསོ་སྐྱོང་བྱས་པའི་སློབ་མ་ཚང་མ་ད་ལྟ་ཕྱུགས་རྗེས་སུ་འདུར་གྱིན་པ་རྐྱང་རྐྱང་ཡིན།  དེ་དག་ནི་ཁྱིམ་བདག་གི་བསམ་བློའི་གོ་རྟོགས་དང་དགེ་རྒན་གྱི་སློབ་གསོ་སོགས་ཕྱོགས་མང་བོ་ལ་རག་ལས་ཡོད། ཡིན་ཙང་། སྐབས་དེ་དུས་དགེ་རྒན་ཕལ་ཆེ་བ་བོད་ཡིན། ཉིས་སྟོང་ལོའི་རྗེས་ནས་བཟུང་རིམ་གྱིས་བོད་ས་དག་མ་ལ་རྒྱའི་དགེ་རྒན་རྐྱང་བ་བཀོད་སྒྲིག་མཛད་པའི་འགོ་བ་དེ་དག་གི་ཀླད་པའི་ནང་གཅིན་སྐྱག་ཅི་ཞིག་བླུགས་སོང་བ་ཅི་ཡིན་མི་ཤེས་ལ། བོད་ཕྲུག་སྙིང་ལ་རྗེ་བོ་དེ་དག་གིས་བོད་སྐད་འཁྲོལ་བར་སེམས་ཁྲལ་བྱེད་བཞིན་པའི་དུས་སུ་གློ་བུར་དུ་རྒྱ་རྒན་འགའ་རེ་འགྲོ་ས་མེད་པར་ས་འདི་རུ་བཀོད་སྒྲིག་བྱས་ཏེ་བོད་ཕྲུག་ཚོའི་སྨྲ་ལྕེ་འཕྲོག་པ་འདི་ཡིད་རེ་སྐྱོ་ཨང་།   འདི་ནི་ལྟོ་བ་ལྡིར་བའི་འགོ་བ་ཚོས་རང་གི་ཁེ་ཕན་གང་ཞིག་གི་ཆེད། དགོས་མཁོ་གང་ཞིག་གི་སླད། མང་ཚོགས་མང་བོ་ཞིག་གི་མགོ་སྐོར་ནས་མི་རིགས་གཞན་བསྒྱུར་གྱི་སྲིད་ཇུས་ཤིག་བྱེད་ཐབས་ཀྱི་སྟེང་ལ་སྒོར་མོ་གཡོ་ལེན་གྱི་བསམ་བློ་ཞིག་སྣོན་དགོས་དོན་ཡོད་དམ་ཅི།

                                             ༢༠༡༦ལོའི་ཟླ་༩པའི་ཚེས༡ཉིན། དྲོ་ཆེན་སློབ་ཆུང་ནས།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།