གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《ཁ་བའི་འདབ་མ》སོགས་ལྷུག་རྩོམ་ཁག་ལྔ།

2019-01-19 18:32:11 རྣམ་རྒྱལ་སྒྲོལ་མ། ཀློག་གྲངས། མཆན ཡོད།

                                 ཁ་བའི་འདབ་མ།

  དཔྱད་གླེང་ཚོགས་འདུ་ཤིག་གིས་ཉེ་འཁོར་གྱི་མི་ཚོགས་ཡོམ་ཡོམ་སྒུལ་ཞིང་། ཁྲག་རྒྱུན་དང་སེམས་རྩ་སྦྲེལ་བའི་མི་འདི་དག་གིས་གང་ཞིག་འཚོལ་བའི་དམིགས་ཡུལ་གཅིག་ཡིན་པ་རྟོགས།འདི་ནི་གང་ཞིག་ལག་པས་ཁྲིད་སྟངས་དང་སུ་ཞིག་གི་འཚར་ལོངས་ལ་ས་བོན་གཏོར་ཚུལ་ཞིག་ཡིན་པ་འདྲ།འཛུམ་མདངས་དེ་དག་རེ་སྒུག་ཅིག་ལ་བསམ་ཆོག སྐད་ཆ་དེ་དག་ལམ་བྲོ་ཞིག་ལ་བསམ་ཆོག

  སྐོར་བྲོ་འཁྲབ་པ་ནི་གྲོང་ཁྱེར་གྱི་གྲོགས་པོ་ཚོས་ཕ་ཡུལ་དྲན་སྟངས་ཤིག་སྟེ།ཡང་ན་གཞོན་པའི་ལང་ཚོ་མེ་ལ་སྦར་སྟངས་ཤིག་ཡིན་པ་འདྲ།གཟའ་མཇུག་རེ་རེར་གྲང་ངར་གྱི་མཆེ་བ་གཙིགས་ནའང་གྲོགས་པོ་ཚོ་ཕ་ཡུལ་ལ་ལོག་འདོད་པ་བཞིན་སྐོར་བྲོ་འཁྲབ་ཏུ་འགྲོ་འདོད།

  ནང་སེམས་ཨ་རག་གིས་བསྲེགས་ཐེངས་རེར། ཚོར་བ་ཝུ་ཆང་ལ་སྦངས་ཐེངས་རེར་ཁྱོད་ཀྱིས་ང་རང་དྲན་སྲིད། ང་དང་འབྲེལ་བ་མེད་པའི་སྐད་ཆ་སྣ་ཚོགས་ཤིག་བཤད་ངེས། སྨག་ཇེ་ནག་ཏུ་སོང་ནས་ཚེ་སྲོག་ཡོད་ཚད་རང་མལ་དུ་འཐིམས་རྗེས་ངས་བརྩེ་དུང་དང་འབྲེལ་བའི་ཡིག་འབྲུ་དག་བཀོལ་ནས་འུ་ཅག་གི་བར་དུ་ལས་ཀྱི་གསེར་ཟམ་བཙུགས་པ་ཡིན། ཡིན་ནའང་ངས་རྣམ་ཤེས་མི་གསལ་བའི་ཚེ་སྲོག་གི་ཀོ་གྲུ་ཞིག་ང་ཡི་ཡིད་ཀྱི་གཙང་བོའི་གཞུང་ལ་གཏོང་མི་འདོད། ནམ་ཞིག་ཁྱོད་རང་ཆང་གི་བཟི་ཁ་ལས་དྭངས་ན་སྔར་བཞིན་ང་ཡི་ཚེ་སྲོག་གི་མཚོ་མོ་བསྐོར་ནས་འགྲོ་སྲིད་པས་ངས་ཚོད་མི་ཐིག་པའི་བར་ཐག་གི་ངོ་བོ་མཐོང་མི་འདོད།བློས་མི་དཔོག་པའི་ངོ་གདོང་གི་ཕྱི་ནང་མཐོང་མི་འདོད།

  ཚེ་སྲོག་གི་གོ་རིམ་ཧྲིལ་བོར་བསམ་གཞིགས་གཏོང་དུས་རང་ཉིད་ནི་ཕ་ཡུལ་གྱི་རྩྭ་ཐང་ནས་འཁྱར་བའི་རླུང་བུ་ལྡོམ་པོ་ཞིག་ཡིན་པ་རྟོགས།ཕྱི་རོལ་ན་རང་དབང་གིས་གཡུག་ཆོག་པའི་བར་སྟོང་མི་འདུག ལྷོད་ཡངས་ངང་འཚོས་ཆོག་པའི་རྒྱབ་རྟེན་མི་འདུག ནམ་ཡང་སུ་ཞིག་ལ་དོགས་ཟོན་དང་གང་ཞིག་ལ་སེམས་ཚགས་བྱེད་དགོས་པས།ངས་ཁྲག་རྒྱུན་ལས་བཞུར་བའི་ཚོར་བ་དག་ཡིག་ངོར་ཕབ་མ་མྱོང་། ངས་ཚེ་སྲོག་གི་འདབ་མ་གང་དུ་བརྐྱངས་ནའང་ང་རང་གཟུགས་མེད་ཀྱི་སྒྲོག་ལས་ཐར་ཐབས་མེད་པ་འདྲ། གྲོང་ཁྱེར་གྱི་ཡོད་ཚད་སྲ་མཁྲེགས་ཀྱི་གཤིས་སུ་གྲུབ་པས་ང་ཡི་བྱམས་སེམས་ཀྱི་མངར་ཁ་གང་ལ་བསྒོ། ང་ཡི་ནང་སེམས་ཀྱི་མེ་ཏོག་ཅི་ལྟར་བསྙོར།

  ང་རང་ཁ་བའི་འཇིག་རྟེན་དང་བྲལ་བའི་་ཁེར་རྐྱང་གི་ཁ་བའི་མེ་ཏོག་ཅིག་སྟེ། རང་དབང་དང་བག་ཕེབས་ངང་ཁྱོད་ཀྱི་པང་ལ་འབབ་བསམ་ཡང་ང་ཡི་མཛེས་སྡུག་དང་རིན་ཐང་བཞུ་བར་བྱེད་པའི་ཁྱོད་ཀྱི་དྲོད་ཚད་ནི་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། དེ་བས་ང་ནམ་ཡང་མདོག་ཡལ་བའི་ནམ་མཁའི་མཐོངས་སུ་འཁྱར་དགོས་བྱུང་། འབབ་ས་མེད་པའི་ཁ་བའི་འདབ་མ་དེ་དག་དང་འདྲ་བར།དམིགས་ཡུལ་མེད་པའི་རླུང་བུ་ལྡོམ་པོ་དེ་དག་དང་མཚུངས་བར་སུ་ཞིག་ལ་དོགས་པའི་ཚུལ་གྱིས། གང་ཞིག་ལ་གཞའ་བའི་ཚུལ་གྱིས་འཁྱར་དགོས་བྱུང་།

                                               ༢༠༡༨-༡༡-༢༥

                                    བརྗེད་མི་སྲིད་པའི་ཡུལ།

  ཞོགས་པ་ནི་འཚོ་བ་ཞིག་གི་སྔོན་འགྲོ་དང་བདེ་སྐྱིད་ཅིག་གི་རུ་མ་སྟེ།ཚེ་འདིའི་ཞོགས་པ་གྲངས་མེད་ཅིག་ལ་ངས་ལྷ་ཚོགས་ཀྱི་བྱིན་རླབས་བར་མེད་བསྒོམ་ཞིང་སྨོན་འདུན་ཀྱི་རྒྱུད་སྐུད་ཐེངས་མང་དཀྲོལ་མྱོང་ཨང་། པད་མོའི་མིག་ཟུང་འབྱེད་པའི་ཉིན་བྱེད་དབང་བོ་མཐོ་ལ་གཟར་བའི་རི་རྩེ་ནས་ཐད་ཀར་ཡུལ་འདིའི་ཕྱི་ནང་ལ་འཕྲོས་པ་ནི་མཚོ་སྔོན་པོའི་རླབས་ཕྲེང་འོད་ཟེར་གྱིས་སྒུལ་བ་དང་མཚུངས་ལ།པོ་ཏ་ལའི་རྔམ་བརྗིད་འོད་ཟེར་གྱིས་བྱུགས་པ་དང་ཡང་མཚུངས།

  ང་ཚོས་ལྗིད་ཏིག་ཏིག་གི་གོམ་པའི་འདེགས་འཇོག་ནགས་ཁྲོད་ཀྱི་སྡེ་བའི་ཕྱོགས་སུ་བསྒྱུར་ཞིང་། ལམ་ཕྲན་དོག་མོ་རེ་རེ་ནི་ངའི་ཕ་ཡུལ་གྱི་རྐང་ལམ་ཕྲ་མོ་དེ་དག་དང་ཅི་འདྲའི་མཚུངས་ཨང་། ལྷ་སར་སོང་མྱོང་བའི་ཨ་མྱེས་ལོ་གྱ་གཉིས་ཅན་ཞིག་གི་མཐའ་རུ་བསྐོར་ཏེ་གཅིག་རྗེས་གཉིས་མཐུད་དུ་བརྡོལ་བའི་དྲི་བ་འདྲི་མགོ་བརྩམས།བལྟས་གྱིན་བལྟས་གྱིན་ཨ་མྱེས་ཀྱི་གནའ་གཏམ་ལ་ཉན་བཞིན་པ་འདྲ་ལ། མི་རབས་ཤིག་གི་དར་རྒུད་ཀྱི་མཚོ་མོ་དྲག་ཏུ་བསྐྱོམས་པའི་ལོ་རྒྱུས་ཤིག་ལ་ཉན་བཞིན་པ་ཡང་འདྲ།་་ངས་བོད་སྐད་བཤད་ཤེས།ཚ་བོ་ཚ་མོ་དག་གིས་ཉན་ཤེས་པ་ལས་བཤད་མི་ཤེས། ཡོད། ངས་མ་ཎི་འདོན་ཤེས།སྔོན་ཆད་ང་ཚོ་རི་མགོ་ན་ཡོད།༥༡༢ས་འགུལ་རྗེས་ནས་འདིར་ཡོང་བ་ཡིན། འབྲི་མི་ཤེས། དགོན་པའི་ནང་དུ་བླ་མ་ཡོད། ཁོ་ཚོས་རྒྱ་ཡིག་བོད་ཡིག་གཉིས་ཀ་འབྲི་ཤེས།་་ འདོད་རྒྱལ་གྱི་མིང་བརྡ་སྐོར་ཞིག་གི་བཤད་སྟངས་དྲིས་རྗེས་ང་ཡི་སེམས་པ་འཁྱག་སིབ་སིབ་ཏུ་གྱུར། སྐད་དང་ཡི་གེའི་རིན་ཐང་ཅི་འདྲའི་གལ་ཆེའང་།འདུ་ཤེས་ཀྱི་གཟུང་ཐག་ལྟ་བུའི་སྐད་ཡིག་གི་རིན་ཐང་ཅི་འདྲའི་གལ་ཆེའང་། ཚེ་འདིར་སེམས་ཀྱི་ལོག་མལ་ཞིག་ཡོད་པ་ནི་ཅི་འདྲའི་སྙིང་དུ་སྡུག་ཨང་། མ་གཞི་སེམས་ཀྱི་དབྱངས་རྟ་འཐིམས་པའི་སྐད་ཆ་མཚོན་བྱེད་ཀྱི་ཡི་གེ་འདིས་མང་པོ་ཞིག་བྲིས་ཆོག མི་རབས་ནས་མི་རབས་བར་་་་་་་་་

  སློབ་གྲྭ་ཧ་ཅང་ཆུང་ནའང་གཅེས་ཕྲུག་ཚོ་ནི་ངའི་ཕ་ཡུལ་གྱི་གཅེས་ཕྲུག་དེ་དག་དང་ཨ་ན་མ་ན་རེད། ཀ་ཁ་ག་ང་།ཅ་་་་ ཆེས་ཐོག་མོར་ཡུལ་ལུང་འདིའི་གཅེས་ཕྲུག་ཚོའི་རྣ་ལམ་དུ་མེས་པོའི་དྭངས་གཙང་གི་དབྱངས་རྟ་ཞིག་གྱེར་བ་ཡིན། ཕ་ཕ་ཕ་ཕ་་་ཐེངས་མང་ཞིག་ལ་ཁྲིད་རྗེས་ཕ་ཡི་སྒྲ་ཞིག་ཐོན་བྱུང་། ངའི་མིང་ལ་ཀྲང་ཨུན་ཚི་ཟེར།མིང་གཞན་པར་ཕུན་ཚོགས་ཟེར། ངའི་མིང་ལ་ཡང་མེ་ཟེར། མིང་གཞན་ལ་རྟ་མགྲིན་བདེ་སྐྱིད་ཟེར། སྐར་མ་བཅོ་ལྔའི་རིང་གི་སློབ་ཁྲིད་དེའི་རྗེས་སུ་ཁོ་ཚོས་ངའི་མཐའ་བསྐོར་ནས་རྒྱུག་ཏེ་་་དགེ་རྒན། ཁོས་ངའི་སྐྲ་ནས་འཐེན་གི ཁོས་ང་ལ་དགོངས་པ་མ་ཚོམ་ཟེར་དགོས་ནི་རེད་ཡ།་་ ་་དགོངས་པ་མ་ཚོམ། སྐྱོན་མེད་གི་ཨ་་ ཁོ་ཚོའི་དགེ་རྒན་གྱིས་བཤད་རྒྱུར་ལོ་རིམ་གསུམ་པ་ནས་བོད་ཡིག་སྦྱོང་དགོས།སྡེ་བའི་ནང་ན་ལོ་རིམ་དང་པོའི་འཛིན་གྲྭ་ལས་མེད་ཟེར། ཁྱིམ་བདག་གིས་བཤད་རྒྱུར་བྱིས་པར་ཡུལ་སྐད་བཤད་ན་ཁོ་ཚོའི་སློབ་སྦྱོང་ལ་གནོད་པ་ཡོད་པས་རྒྱུན་ཏུ་རྒྱ་སྐད་བཤད་པ་ཡིན་ཟེར།བྱིས་པ་ཚོས་རང་སྐད་རྒྱུད་འཛིན་བྱེད་ཐུབ་ན་བཟང་ཟེར།ར་སྐོར་ཆུང་ཆུང་ནང་གི་བྱིས་པ་འདི་དག་ལ་བལྟས་གྱིན་བལྟས་གྱིན་དབྱར་དགུན་གི་སྐད་ཡིག་གསབ་སྦྱོང་ཞིག་བསྒྲུབ་རྒྱུ་བྱུང་ན་ཅི་མ་རུང་སྙམ།

  དགོན་པའི་ནང་གི་བླ་མས་བོད་ཡིག་འབྲི་ཤེས།སྐད་ཆ་འདིས་ང་རང་མྱུར་དུ་དགོན་པར་འགྲོ་འདོད་ཀྱི་བསམ་པ་ཞིག་སྐྱེས་བྱུང་།ཉིན་གུང་གི་ཆུ་ཚོད་ཡོལ་རྗེས་ང་ཚོ་དགོན་པའི་གཞི་ནས་ནང་དུ་སླེབས།གྲྭ་བ་ལོ་བཅུ་དྲུག་ཅན་དེས་བཤད་རྒྱུར།་་དམའ་འབྲིང་སྐབས་གཟའ་འཁོར་རེར་བོད་ཡིག་སློབ་ཁྲིད་གཅིག་ལས་མེད། ང་རང་འཐད་ཀྱིས་དགོན་པར་ཡོང་ནས་བོད་ཡིག་སྦྱངས་པ་ཡིན། ང་ད་ལྟ་དམའ་གསུམ་ཡིན། སང་ཉིན་དགའ་ལྡན་ལྔ་མཆོད་ཡིན་པས་ངས་གནང་བ་ཞུས་ཏེ་དགོན་པར་ཡོང་བ་ཡིན། འདོན་ཤེས། སེམས་ཅན་ཐམས་ཅད་ཀྱི་ནང་དོན་ཅི་རེད། དེ་མི་ཤེས། འདོན་ཤེས་པ་ལས་ནང་དོན་མི་ཤེས།དེ་དུས་ལོ་དགུའི་འགན་བབས་སློབ་གསོའི་རྐྱེན་གྱིས་ཕྱིར་སློབ་གྲྭར་འགྲོ་དགོས་བྱུང་བ་རེད། དེ་ནས་མཉམ་པར་ཞིག་དང་ལྷན་དུ་ཁ་བརྡ་འདི་སེམས་པའི་དཀྱིལ་ལ་ཉར་དགོས་བྱུང་།

  དགོན་པར་བསྐོར་བ་གསུམ་བརྒྱབ་རྗེས་དུས་ཚོད་ཀྱི་རྐྱེན་པས་གོམ་པ་ཕྱི་ལ་སྤོ་དགོས་བྱུང་།སྒོ་ཁར་ཨ་ཁུ་ཞིག་དང་འཕྲད་བྱུང་ལ་འཛུམ་དང་བཅས་ཏེ་གང་ནས་ཡིན་པར་དྲིས་པས་གྲོགས་མོས་ལྷ་ས་ནས་ཡིན་ཚུལ་བཤད་པ་ན་ལག་མགོར་འཇུས་ཏེ་ལྷ་སར་ངའི་གཉེན་ཉེ་ཡོད།ང་རང་ལོ་བཅུའི་སྔོན་དུ་ལྷ་སར་སོང་མྱོང་། ངས་བོད་རིགས་མཐོང་དུས་སེམས་པ་ཧ་ཅང་དགའ། ཁྱོད་ཚོ་ཡང་ཡང་ཕེབས་ཤོག་ཨ། ང་ཚོའི་སེམས་པའི་གཏིང་རིམ་ཞིག་ནས་མིག་ཆུ་བརྡོལ་ཡོང་།དགོན་འདབས་ཀྱི་སྔོ་ལ་ཡུག་གི་ཡུལ་སྐྱིད་མཚེའུ་ནི་ང་ཚོ་འདྲ་བའི་མི་བུ་མང་པོ་ཞིག་གི་མིག་ཆུའི་མཚོ་མོ་ཡིན་ནམ།

  ཕྱིར་ལོག་དུས་སེམས་པ་ལྗིད་ཏིག་ཏིག སྤྱི་སྐད། འདུ་ཤེས། ཁྲག་རྒྱུན། ས་མཐའ། འགན་འཁྲི། ཡིག་འབྲུ་འདི་དག་ཅུང་བརྡ་ཞིག་དང་འདྲ་མཚུངས་བར་ངའི་རྣ་བར་ཡང་ཡང་གྲགས་ཤིང་།ང་ཚོ་འདི་ལྟར་ཡོང་ཤུལ་དུ་ཡུལ་སྐྱིད་གྲོང་གི་མི་རྣམས་ཀྱིས་ང་ཚོར་རེ་བ་ཞིག་བཞག་ཡོད་དམ། ལག་བརྡ་དེ་དག་་་་་་འཛུམ་མདངས་དེ་དག་་་་་་

                                               ༢༠༡༨-༡༢-༢

                                   དྲོད་ཁོལ།

  ང་རང་བློན་པོ་མགར་ཚང་གི་གཏམ་རྒྱུད་བརྗོད་པའི་དཔེ་དེབ་ཅིག་གི་ཀློག་པ་པོར་གྱུར་བས་ཁྱོད་ཀྱིས་བསྐུར་བའི་ཞོགས་པའི་འཚམས་འདྲི་དྭངས་མོར་ཡ་ལན་མ་བྱིན་ལ།ཉིད་ཀྱིས་བསྐུར་བའི་མཚོ་ཁའི་གྲོང་ཁྱེར་གྱི་མཛེས་སྡུག་ཀྱང་མ་མཐོང་།ཁྱོད་ཀྱིས་ཤེས་སམ། སློབ་སྐབས་འདིར་ངའི་ལོ་རྒྱུས་ཀྱི་བག་ཆགས་དག་རྩ་ནས་དཀྲུག་ཀྱིན་འདུག ང་རང་དོགས་སློང་དང་མཐའ་དཔྱོད་ལ་མཁས་པའི་ལོ་རྒྱུས་དགེ་རྒན་གྱི་དྲུང་དུ་བསྡད་ནས་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཟིན་བྲིས་སུ་ཕབ་ཐུབ་སོང་། འདི་ནི་ངའི་རྨི་ལམ་གྱི་རི་མོ་འགྲུབ་པའི་གོམ་པ་ཐོག་མ་ཡིན་ངེས། ལོ་རྒྱུས་སློབ་ཁྲིད་ཡོད་པའི་དགའ་སྤྲོ་བསམ་ན་ཁ་བ་མེད་པའི་སྐྱོ་ངལ་ནི་ནམ་ཡང་བསྲན་ཆོག་པ་ཞིག་རེད།

  ཁྱོད་ཀྱིས་ཤེས་སམ།ཕ་ཡུལ་ལ་ཁ་བ་འབབ་ཀྱིན་འདུག ངས་རྒྱང་རིང་གི་འབྲོག་རི་སྨུག་པོ་དྲན་འོང་ཞིང་། འུ་ཅག་གི་དད་རྟེན་དང་རྨི་ལམ་ལུས་པའི་རྒྱང་རིང་གི་ཕ་ཡུལ་དྲན་འོང་།ངས་རྒྱང་རིང་གི་ཁ་བའི་རི་གྲོང་དྲན་འོང་ཞིང་།འུ་ཅག་གི་བྱིས་དུས་ཀྱི་དྭངས་གཙང་དང་རྨི་ལམ་གྱི་ས་བོན་སྦྲུམ་པའི་རྒྱང་རིང་གི་ཕ་ཡུལ་དྲན་འོང་།མི་ཞིག་ཕ་ཡུལ་གྱི་ནམ་མཁའ་ནས་བརྒལ་བ་ནི་རང་ཉིད་ལ་ཉམ་ཚོད་ཐེངས་ཤིག་བླངས་པ་ཡིན་མོད།ཕ་ཡུལ་དང་སྦྲེལ་བའི་སེམས་ཀྱི་འདོགས་ཐག་ཆད་པར་ཧ་ཅང་སྐྲགའུ་ཅག་ནི་ཕ་ཡུལ་གྱིས་རྨི་ལམ་འཚོལ་བར་མངགས་པའི་ཡིད་འོང་གི་བྱ་ཁྱུ་དེ་ཡིན།གཤོག་ཡ་དང་འཕུར་ཡ་ཡོད་པས་ཁ་བ་དང་མེ་ཏོག་སླེབས་དུས།མཉམ་དུ་ཕ་ཡུལ་ལ་འཕུར།སྨྱུ་གུ་དང་ཤོག་བུ་ཡོད་དུས་མཉམ་དུ་ཕ་ཡུལ་འབྲི།

  གྲོགས་མོའི་སྙན་ངག་གི་གསང་བ་མ་མཐོང་གོང་གྲོགས་པོའི་སྒྲུང་གཏམ་གྱི་མཐོ་རླབས་མ་སླེབས་གོང་ངས་ཁྱོད་ལ་ལོ་ཟླའི་མཛེས་སྡུག་དང་སེམས་ཚོར་བྲིས་ཡོད།གྲོང་ཁྱེར་དང་མི་ཚོགས་འཁྱག་གིས་བསྡམས་ཟིན་མོད།དགེ་རྒན་གྱི་གསུང་གི་བདུད་རྩི་དང་སློབ་གྲོགས་ཚོའི་མཛའ་བརྩེའི་ཆུ་རྒྱུན་དྲོད་ལམ་ལམ་འབབ་ཀྱིན་འདུག འདི་དག་ཡོད་ཚད་དགུན་ཁ་འདི་བསྐྱལ་བའི་སེམས་རྟེན་ཡིན་འོས། མཚོ་ཁའི་རླངས་པ་སྤྲིན་དཀར་ལ་འདྲེས་ནས་ཕྱོགས་མཐར་འཁྱམས་དུས་འཚོ་བའི་ཟིན་བྲིས་ལྷོ་བཞུད་སྤྲིན་པར་བསྐུར་རོགས། ཉི་ཤར་གྱི་འཛུམ་མདངས་ཉིད་ཀྱི་མཁའ་དབྱིངས་ནས་བགྲོད་དུས་རྨི་ལམ་གྱི་མཛེས་སྡུག་འོད་ཀྱི་ཟེར་མར་བསྐུར་རོགས།

                                              ༢༠༡༨-༡༡-༡༥

                                    སེམས་ཀྱི་གཟུང་ཐག

  ཟླ་ཕྱེད་རིང་འཐིབས་པའི་སྨུག་སྤྲིན་མཐུག་པོ་ཁྱོད་ཀྱི་ནམ་མཁའ་ནས་གློ་བུར་དུ་སངས་པ་ནི་མི་ཞིག་གི་ཚེ་སྲོག་དག་གཙང་དང་བག་ཕེབས་ཀྱི་གནས་ཤིག་ལ་བསྐྱལ་བ་དང་ཅི་འདྲའི་མཚུངས་ཨང་། སྔོ་ཡུག་ཡུག་གི་ནམ་མཁའ་ཡངས་པོ་འདི་ལྟར་ཁྱོད་ཀྱི་མིག་ལམ་དུ་མངོན་དུས། ཁྱོད་ཀྱིས་ལོ་ངོ་མང་པོ་ཞིག་གི་སྔོན་དུ་ཨ་ལོང་ཐང་ནས་བསྡད་དེ་སྤྲིན་པའི་གར་རྒྱུ་ལ་ཚོད་དཔག་བྱས་ཤིང་། རང་ཉིད་ནམ་མཁའི་མཐའ་རུ་སླེབས་པའི་སྟོང་བསམ་བྱས་པ་དྲན་སྲིད།

  དེ་དུས་ཁྱོད་རང་ཁྱིམ་ཁ་གཡས་གཡོན་གྱི་བེའུ་རྫི་བྱས་ཏེ་དགོང་མོ་ཨ་ཁུ་འཇམ་དབྱངས་ཚང་ནས་བརྙན་འཕྲིན་ལ་བལྟ་བར་རིན་མི་དགོས་པ་དྲན་ནམ། སྐར་ཚོགས་ཤར་ཐེངས་རེར་ཨ་ཅེ་དང་མཉམ་དུ་ཚར་ལྭ་གོན་ཞིང་བྱུ་རུའི་སྐེ་རྒྱན་བཏགས་ཏེ་བརྙན་འཕྲིན་ལ་བལྟ་རུ་སོང་བ་དྲན་ནམ། ཆུང་ཆུང་གི་ཁྱོད་ཀྱིས་ཨ་མའི་གདོང་གི་ཆེ་ཞིང་ནག་སོབ་སོབ་ཀྱི་མིག་འབྲས་དྭངས་མོ་བརྐུས་པ་ཙམ་གྱིས་ཟླ་འོད་འོག་གི་ཁྲོམ་པའི་གྲལ་ན་ཁྱོད་ཀྱི་མཛེས་སྡུག་ལ་དོ་མཁན་སུ་ཞིག་མཆིས།

  འུ་གཉིས་ནམ་མཁའ་ཡངས་ཤིང་སྤྲིན་དཀར་རྩེན་པའི་རྩྭ་ཐང་ཞིག་ནས་འཚར་ལོངས་བྱུང་བས་ས་གང་དུ་ཕྱིན་ཀྱང་རང་ཉིད་ལ་རེ་སྒུག་དང་འདུན་མ་བཅོལ་ཆོག་པའི་ཡིད་འོང་གི་ནམ་མཁའ་ཞིག་ཡོད་ན་བསམ། མི་ཚེའི་ལྷག་མར་གདམས་ཀ་བྱེད་ཐེངས་རེར་ང་རང་ཐེ་ཚོམ་དང་དོགས་པ་ཟ་བར་དགའ་ལ། གཞན་གྱིས་ཅི་བཤད་ལ་ཉན་གོམས་སུ་སོང་བས་རང་ཉིད་འཇིག་རྟེན་འདིར་གཞན་གྱི་ཁ་ལ་ཉན་པར་སླེབས་པ་དང་ཡང་འདྲ། འོན་ཀྱང་ཁྱོད་ཀྱིས་རྨོ་མོ་འདས་པའི་ལོ་དེར་དབེན་གནས་བདམས་ཤིང་།མི་ཡུལ་འདིར་དྭངས་གཙང་གིས་སླེབས་པ་བཞིན་མི་ཡུལ་དང་ལྷད་མེད་ངང་གྱེས་རྒྱུ་བྱས།

  ཕྱིས་སུ་ངས་ཨ་མར་ཁྱོད་རང་དགོན་པར་སོང་རྗེས་ཀྱི་འགྱུར་བ་བཤད་དེ་ང་ཡང་ཇོ་མོ་བཅའ་རྒྱུ་ཡིན་ཞེས་བཤད་པ་ན་ཨ་མས་ང་ལ་དེའི་བསོད་ནམས་ཡོད་པ་མ་རེད་ཟེར། དེའི་རྗེས་་ཀྱི་མི་ལོ་ལྔའི་ནང་དུ་ཁྱོད་རང་ཕྱིར་ཡུལ་ལ་མ་ཡོང་ཞིང་ང་ཡང་ཁྱོད་ལ་ཐུག་མ་མྱོང་། འུ་གཉིས་དེ་ལྟར་མི་ཡུལ་འདིའི་གྲུ་ག་ཞིག་ནས་རང་རང་སོ་སོར་ལུས་ཤིང་ཁྱོད་ཀྱིས་སློབ་སྦྱོང་བྱས་ནས་ཚོགས་གྲལ་དུ་ཚུད་ཤིང་།ངས་ཀྱང་སློབ་སྦྱོང་བྱས་ནས་ལོ་ཟླ་ཕར་ལ་བསྐྱལ། ཁོ་ཚོས་ང་ལ་བར་ཐག་ལྟ་བུའི་གསང་བ་རེ་ངོམ་ཐེངས་རེར། ཆ་མེད་ལྟ་བུའི་མིག་མདངས་རེ་སྟོན་ཐེངས་རེར་ང་ལ་རང་ཉིད་མི་གྲལ་ནས་ཕུད་པའི་ཚོར་བ་རེ་སྦྱིན་ཡོང་།ཞིབ་འདང་ཞིག་བརྒྱབ་ན་ང་རང་ངེས་པར་དུ་ཚོགས་པ་ཞིག་གམ་མི་གྲལ་ཞིག་ལ་ཚུད་དགོས་པའི་ངེས་པའང་མི་འདུག མི་རེ་རེ་ཁེར་རྐྱང་གི་ཚེ་སྲོག་རེ་རེ་མིན་ནམ།ང་ཚོ་ཅིའི་ཕྱིར་ཚོགས་ཚོགས་འདུ་འདུ་བྱེད་དགོས་སམ། འདི་ནི་གསོག་གསོབ་བམ་ཚུལ་འཆོས། ཡང་ན་གང་ཞིག་གཞན་ལ་ངོམ་འདོད་ཀྱི་བསམ་པ་ཞིག་གིས་སྐུལ་བཞིན་མེད་དམ། ཡང་ཕྱོགས་གཞན་ཞིག་གི་བསམ་ན་འདི་ནི་མི་མང་པོ་ཞིག་གི་འཚོ་གནས་ཀྱི་རྩ་བའི་དགོས་མཁོ་ཞིག་ཡིན་ཀྱང་སྲིད། གང་ལྟར་ངས་ཁེར་རྐྱང་དང་སྡོང་གྲོགས་མེད་པ་དག་ལ་འགྱེལ་མི་སྲིད་པའི་སེམས་པ་བཀན་མོ་རེ་ཡོད་པའི་ཡིད་ཆེས་བྱེད་ཀྱིན་ཡོད།

  དུས་ཚོད་བཞུར་བ་མགྱོགས་དྲགས་པས།རྨོ་བོ་ཡང་འཇིག་རྟེན་གཞན་ཞིག་ཏུ་ཆས་སོང་། ཁྱོད་ཀྱི་མིག་ཆུའི་ཕྲེང་ཐག་ཨ་མའི་ཁ་པར་བརྒྱུད་ནས་ངའི་མིག་ལམ་དུ་ཤར་བྱུང་བས་ང་རང་མྱུར་དུ་ཕྱིར་ཡོང་ན་བསམ་ཡང་།འཚོ་བ་ལ་སྒྲིག་སྲོལ་དང་གོ་རིམ་མང་དྲགས་པས། འགྲུལ་བཞུད་ལ་ཞུ་ཡིག་དང་འཛིན་ཡིག་མང་དྲགས་པས་ངས་སྐྱོ་གདུང་གི་རྟ་ཕོའི་སྲབ་ཁ་མི་ལྷོད་ག་མེད་བྱུང་།

  གསོག་གསོབ་དང་དྲི་མས་མ་གོས་པའི་གཞུང་བཟང་མ། སྐྱེ་བ་གཅིག་ལ་མ་སྤུན་ཏུ་གྱུར་བའི་སེམས་ཀྱི་གཟུང་ཐག ཁ་བ་དང་ལྷན་དུ་ཕ་ཡུལ་ལ་འབྱོར་བས་སེམས་པ་དགའ་སོང་ངམ། ཞི་དུལ་དང་སྨྲ་བ་ཉུང་བའི་ཁྱོད་ཀྱི་དྲན་ངོགས་ན་ངའི་སེམས་པའི་རྒྱུད་སྐུད་ལ་དུངས་བའི་རྣམ་ཤེས་འཁོར་ཡོད་དམ།

                                               ༢༠༡༨-༡༡-༡༨

                                    ཡིད་ཆེས།

  དགུན་གྱི་གྲང་ངར་ནི་སུ་ཞིག་གི་གདུག་རྩུབ་ཀྱི་མཆེ་བ་དང་མཚུངས་བར་མི་སེམས་ཀྱི་དྲོད་ཁོལ་ཡང་ཡང་སློག་སྲིད་ལ། ཞོགས་སྦྱོང་བྱེད་པ་ནི་གྲང་རེག་གི་འཇིག་རྟེན་ལ་གཟབ་ཉན་བྱེད་པ་དང་འདྲ་ཡང་ང་ཚོ་ནི་དཀའ་སྤྱད་འབད་བརྩོན་བྱེད་པའི་རིགས་རྒྱུད་ཅིག་གི་རྗེས་རབས་པ་ཡིན་པས་དུས་ཚིགས་ཀྱི་འཇབ་རྒོལ་ལ་སྐྲག་མཁན་ཡེ་ནས་མེད་པ་འདྲ།

  སྔོན་ཆད་ངས་ཀྱང་བོད་ལྭ་གོན་ནས་ཞོགས་སྦྱོང་ལ་འགྲོ་བསམ་མོད།ཉིན་དེར་བོད་ལྭ་དང་འབྲེལ་བའི་བརྡ་འཕྲིན་ཞིག་གིས་ངའི་སེམས་པ་ཀློང་ཀློང་པོར་བཟོས་སོང་། ངས་གང་ཞིག་ནས་གཟབ་གཟབ་མ་བྱས་པའི་སྤྱོད་པ་ཉི་ཚེ་བ་ཞིག་གིས་བོད་ལྭའི་མཛེས་སྡུག་བཅོམ་འགྲོའམ་བསམ། ཡང་ན་ཁོ་ཚོས་འཇིག་རྟེན་གྱི་དོན་སྤྱིར་བཏང་བ་ཞིག་བོད་ལྭ་དང་སྦྱར་ཏེ་ཇེ་ཆེར་བཏང་འགྲོའམ་སྙམ། གཞན་ཡུལ་ནས་བོད་ལྭ་གྱོན་པ་ནི་གྲང་རེག་འགོག་པ་ཁོ་ན་མ་ཡིན་པར་གཞན་དང་ཁྱད་པར་འབྱེད་པའམ་ཡང་ན་གྲང་རེག་མ་ཡིན་པའི་གཞན་གྱི་སྙིགས་གཤིས་མང་པོ་ཞིག་འགོག་གྱིན་ཡོད་ལ། ཁྱོད་ལ་རང་གི་རིག་གནས་ཀྱི་ཁམས་དང་གཤིས་ཀ་ཡོད་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན་པ་འདྲ།

  ཉིན་དེར། བོད་ལྭ་གྱོན་པའི་སློབ་གྲོགས་དེའི་སྤྱོད་པ་དང་འབྲེལ་བའི་བརྡ་འཕྲིན་བསྐུར་ཡོང་དུས་ང་ཚོ་ཁོང་ཁྲོ་ལངས་ནའང་གནས་ལུགས་བཤད་ས་ཞིག་མེད་པ་འདྲ། སྐབས་འདི་དག་ལ་རྒྱུན་ཏུ་སེམས་རྩར་རླུང་བུ་ལྡང་སྲིད་མོད།ང་ཚོས་བསྒྲུབ་འོས་པ་ནི་བོད་ལྭ་དང་ཀུན་སྤྱོད་མཉམ་དུ་གྱོན་རྒྱུ་དེ་རེད །འཇིག་རྟེན་གྱི་འགལ་བ་ཚང་མ་ནི་ཕན་ཚུན་ལ་རྒྱུས་ལོན་མ་བྱས་པའམ་ཕན་ཚུན་ལ་སེམས་མ་བསྟན་པས་བྱུང་བ་བདེན་ན། ཁ་ནས་ནམ་ཡང་མཐུན་སྒྲིལ་དང་གཅིག་གྱུར་གླེང་ཞོར་དོན་དུ་ཕྱོགས་ལྷུང་གིས་མཐའ་རུ་འདེད་པའམ་ཡང་ན་ཕན་ཚུན་དང་ཉེ་བར་མི་བཅར་དོན་ནི་འདང་མི་དཔོག་པའི་བསམ་གཞིགས་ཀྱི་གནད་ཅིག་རེད། རྒྱུ་འབྲས་ཀྱིས་བསྐྱེད་པའི་ང་ཚོ་ནམ་ཡང་འཇིག་རྟེན་གྱི་མཐོ་སར་འགྲེངས་ཏེ་མི་རྣམས་ལ་ཞབས་ཞུ་བྱེད་བཞིན་པ་འདྲ་མོད། ཕྱོགས་གཞན་ཞིག་ནས་བསམ་ན་གཞན་གྱི་སེམས་ནང་དུ་ང་ཚོ་ནམ་ཡང་སྐྱོན་ཀུན་སེལ་དང་ཡོན་ཏན་ཀུན་ལྡན་གྱི་ཚུལ་དུ་གནས་དགོས་པ་ནི་ང་ཚོ་དྭངས་གཙང་དང་སྐྱོན་མེད་ངང་གནས་པར་གོ་སྐབས་ཤིག་སྤྲད་ཡོད་པ་འདྲ།

  གཞན་ཡུལ་ནས་བོད་ལྭ་གྱོན་པ་ནི་མཛེས་སྡུག་ཅིག་རེད་ལ།དྲོད་ཁོལ་ཞིག་ཀྱང་རེད། དེ་ལས་ཀྱང་ཡིད་ཆེས་དང་སྙིང་སྟོབས་ཤིག་ཀྱང་རེད།

                                               ༢༠༡༨-༡༢-༨

 

རྩོམ་སྒྲིག་པ། ལྷ་སྐྱིད།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    

 

  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།