ཆུང་གྲོགས་རྡོར་བྷ་རྗེས་སུ་དྲན་པ།

ཚེ་རིང་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-04-08

  ང་རང་རྨ་ལྷོ་སོག་རྫོང་ཆ་ཚང་སློབ་ཆུང་དུ་ལོ་གཉིས་བསྡད་རྗེས་ཀྱི1976ལོར་གསར་དུ་བཙུགས་པའི་རྫོང་མི་རིགས་སློབ་འབྲིང་དུ་སོང་།ང་ཚོའི་འཛིན་གྲྭའི་ནང་ལ་ཡུལ་ཚོ་སོ་སོའི་སློབ་ཆུང་མཐར་ཕྱིན་ནས་ཡོང་བའི་ཆེ་བ་ལོ་ཉི་ཤུ་ཡས་མས་ནས་ཆུང་བ་ལོ་བཅུ་གཉིས་བཅུ་གསུམ་བར་གྱི་སློབ་མ་ཉི་ཤུ་ལྷག་ཡོད་ལ། དེ་ཚོའི་ཁྲོད་ན་ང་ལས་ལོ་གཅིག་གི་ཆུང་བའི་རྡོ་རྗེ་འཆང་ངམ་རྡོར་བྷའང་ཡོད།ང་ལ་སློབ་ཆུང་རྩིས་རིག་གི་རྨང་གཞི་མེད་པའི་ཁར་རྩིས་རིག་ལ་ཚོར་བ་ཤིན་ཏུ་ཞན་ཞིང་སྤྲོ་བ་གཏན་ནས་མེད། ཐེངས་ཤིག་རྩིས་རིག་སློབ་ཁྲིད་སྐབས་སུ་ང་རང་རྐང་འཇབ་ལག་འཇབ་ཀྱིས་སྒེའུ་ཁུང་ནང་ནས་ཕྱིར་བུད་དེ་སློབ་བྱོལ་བྱས།དེ་མ་ཐག་རྡོར་བྷའང་ངའི་རྗེས་སུ་སློབ་བྱོལ་དུ་ཡོང་བས་ངེད་གཉིས་མཉམ་དུ་རྫོང་མཁར་གྱི་ཉེ་འདབས་ཀྱི་རྩེ་ཆུའི་ཁར་སོང་ནས་ཁ་བརྡ་འདྲ་མིན་བྱས། མ་གཞི་ཁོ་པའང་ང་རང་ནང་བཞིན་རྩིས་རིག་ལ་ཚོར་བ་ཤིན་ཏུ་ཞན་ཞིང་སྤྲོ་བ་གཏན་ནས་མེད་པ་ཞིག་ཡིན་འདུག དེའི་མ་ཚད་ངེད་གཉིས་ལ་ད་དུང་འདྲ་ས་ཤིན་ཏུ་མང་ལ། གཙོ་བོ་བོད་རྒྱའི་སྐད་ཡིག་སློབ་ཚན་ནང་གི་རྩོམ་ཡིག་མང་པོར་སྤྲོ་བ་ཆེ་ཞིང་དེའི་ནང་གི་ཚན་པ་མང་པོ་བློ་ལ་ངེས་པ་དེ་རེད། དེ་དུས་ངེད་གཉིས་ཀས་ད་དུང་རྩོམ་རིག་ཟེར་བ་གོ་མ་མྱོང་བའམ་གང་ལྟར་དེ་ཅི་ཞིག་ཡིན་པ་མི་ཤེས།རིང་བོ་མ་འགོར་བར《གླིང་གེ་སར་རྒྱལ་པོའི་སྒྲུང》དང《ཆུ་ངོགས་གཏམ་རྒྱད》བོད་འགྱུར་མ་སོགས་པར་སྐྲུན་བྱས་པས་ངེད་གཉིས་རྦད་དེ་དེའི་ནང་ལ་ཐིམ་ཞིང་།རྩིས་རིག་ནི་སྔར་ལས་ཀྱང་རྒྱང་རིང་དུ་གཡུག རྩིས་རིག་སློབ་ཁྲིད་ལ་རྒྱུན་དུ་སློབ་བྱོལ་བྱེད་པ་དང་རྒྱུན་དུ་རྡུང་རེས་རྒྱག་པ་སོགས་སློབ་གྲྭའི་སྒྲིག་ལམ་ལ་ཐེངས་མང་འགལ་བས་ངེད་གཉིས་ནི་སློབ་གྲྭ་དེའི་ནང་གི་སློབ་མ་ཐ་ཤལ་གྱི་གྲས་ཡིན་པ་སྨོས་ཅི་དགོས།ཡིན་ནའང་སློབ་ཚན་གཞན་དག་ལ་དེ་འདྲ་ཞན་རྒྱུ་མེད་པའི་ཁར་རྒྱ་ཡིག་ནི་ཕལ་ཆེར་འཛིན་གྲྭའི་ནང་གི་བཟང་ཤོས་ཡིན་པས་ལོ་གསུམ་གྱི་རྗེས་སུ་ངེད་གཉིས་བདེ་བླག་ངང་མཐར་ཕྱིན་ཏེ་ང་རང་མུ་མཐུད་དུ་མཐོ་འབྲིང་འདོན་དུ་རེབ་གོང་ལ་སོང་བ་དང་། རྡོར་བྷ་བྱ་བར་ཞུགས།ཕངས་པ་ཞིག་ལ་ཁོ་པར་འབྲེལ་བ་ཅི་ཡང་མེད་པས་ཡིན་ནམ།ཡང་ན་མཐར་ཕྱིན་རྒྱུགས་འབྲས་དེ་འདྲ་བཟང་རྒྱུ་མེད་པས་ཡིན་ནམ། གང་ལྟར་ཁོ་པར་སྲིད་འཛིན་དང་ཡང་ན་དགེ་རྒན་གྱི་ལས་གནས་སུ་ལས་བགོ་མ་བྱས་པར་རྫོང་རྩྭ་ཐང་ཆེད་གཉེར་རུ་ཁག་ཏུ་ལས་བགོས་བྱས་ཏེ་འདྲུད་འཐེན་འཁོར་ལོ་སྐོར་དགོས་བྱུང་། དགུན་གནང་བཏང་ནས་ཕ་ཡུལ་ལ་འབྱོར་རྗེས་ངས་ཐོག་མར་ཁོ་པ་བཙལ་སྲིད་པ་སྨོས་ཅི་དགོས། ཁོས་ང་ལ“ཁྱོད་སློབ་གྲྭར་སོང་བ་འགྲིག་སོང་།མི་མེད་ཐང་སྟོང་དུ་འདྲུད་འཐེན་འཁོར་ལོ་བསྐོར་ནས་སྡོད་པ་དེ་ངོ་མ་དམྱལ་བ་དང་ཁྱད་པར་མེད།དེའི་ཕྱིར་ངས་ཀྱང་སློབ་གྲྭར་འགྲོ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་ཡོད”ཟེར།

  ངོ་མ།1982ལོར་ང་རང་མཐོ་འབྲིང་མཐར་ཕྱིན་ནས་ཕྱིར་ཕ་ཡུལ་དུ་ལོག་དུས་རྡོར་བྷས་མཚོ་སྔོན་མི་རིགས་སློབ་གླིང་དྲུང་ཡིག་འཛིན་གྲྭར་རྒྱུགས་འཕྲོད་ནས་སོང་ཟིན།ལོ་གཅིག་གི་རྗེས་སུ་ང་ཡང་སློབ་གྲྭ་དེའི་དགེ་རྒན་ཟབ་སྦྱོང་འཛིན་གྲྭར་སོང་ནས་ངེད་ལོ་གཅིག་རིང་ལ་མཉམ་ཟ་མཉམ་འདུག་བྱས།དམའ་འབྲིང་སྐབས་སུ་ཁོ་པ་ནི་གཙང་སྦྲ་ཞན་ཞིང་ནམ་ཡང་མགོ་སྐྲ་འཛིང་བ་ཞིག་ཡིན་པ་ལས་ཕོ་སྒོ་ཅན་ཞིག་ཡིན་པའི་བག་ཆགས་མེད་མོད། འོན་ཀྱང་ད་ལྟ་ཁོ་ནི་གཟུགས་སྟོབས་ཆེ་བའི་ཕོ་གསར་གཞི་བདག་འདྲ་བ་ཞིག་ཆགས་འདུག་པས་བུ་མོ་འགའ་རེ་ནམ་རྒྱུན་ཁོའི་གམ་ལ་འཁོར་གྱིན་འདུག དེ་དུས་ངེད་གཉིས་ཀྱིས་རྩོམ་རིག་ཟེར་བ་ཅི་ཡིན་རགས་ཙམ་ཤེས་པར་མ་ཟད་ངས་སྒྲུང་རྩོམ་འགའ་འང་སྤེལ་ཡོད་ལ། ཁོ་རང་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྙན་ངག་འབྲི་ཀློག་བྱེད་པར་དགའ། ངེད་གཉིས་ལ་ད་དུང་ཐུན་མོང་གི་གཤིས་རྒྱུད་ཅིག་ཡོད་པ་ནི་རྒྱུགས་འབྲས་ལ་གཏན་ནས་དོ་སྣང་མི་བྱེད་པར་རང་ཉིད་དགའ་ཕྱོགས་ཀྱི་དཔེ་ཆ་གཞན་དག་སྟེ་གཙོ་བོ་རྩོམ་རིག་དང་སྒྱུ་རྩལ་སྐོར་གྱི་དཔེ་ཆ་ཀློག་པ་དང་བསམ་བློ་གཏོང་བར་དགའ་བ་དེ་རེད། ཁོ་ཚོའི་འཛིན་གྲྭའི་ནང་ན་ང་ཚོ་ཕ་ཡུལ་གཅིག་པའི་མི་འགའ་རེའང་ཡོད་མོད། འོན་ཀྱང་རྡོར་བྷས་ཁོའི་སློབ་གྲོགས་རྣམས་ནི་རྒྱུགས་འབྲས་ཁོ་ནར་འབད་དེ་འཛིན་གཙོའི་གོ་གནས་རྩོད་པའི་གློས་རྒན་འབའ་ཞིག་ཡིན་ཟེར་ནས་སློབ་ཁྲིད་སྐབས་སུ་མ་གཏོགས་རང་གི་འཛིན་གྲྭའི་མི་རྣམས་དང་དེ་འདྲའི་འགྲོ་འོང་མེད། ཡིན་ནའང་རྗེས་སུ་ཏག་ཏག“གློས་རྒན”དེ་དག་ལས་མང་ཤོས་རིམ་པ་སོ་སོའི་མགོ་ཁྲིད་གོ་གནས་སུ་བསྡད་དེ“འཇོན་ཐང་ཅན་གྱི་མི་སྣ”རུ་གྱུར། དེས་ན་དབང་འཛིན་པ་ལ་མཁོ་བ་ནི་སློབ་མའི་དུས་སུ་རྒྱུགས་འབྲས་ཁོ་ནར་བརྩོན་པ་དང་། ལས་གནས་སུ་སླེབས་རྗེས་ཆུ་སྣ་གར་ཁྲིད་བྱས་ཆོག་པའི་སྤྱི་འབངས་དག་ཡིན་པ་གསལ་པོར་མཚོན་ཡོད།རྡོར་བྷ་དེ་ནས་སློབ་མཐར་ཕྱིན་རྗེས་རྫོང་དྲིལ་བསྒྲགས་པུའུ་ལ་ལས་བགོ་བྱས། ངས་བརྗེད་ཐབས་བྲལ་བ་ནི་རེས་གཟའ་ཉི་མར་ངེད་གཉིས་ཀྱིས་ལས་ཁུངས་དེ་ལ་ཟངས་སེར་གྱི་ཕྱི་ཤུན་ཅན་གྱི“ལའེ་ཁ”(Leica)རྟགས་ཅན་གྱི་པར་ཆས་ཤིག་ཡོད་པ་དེ་བཟུང་ནས་རྫོང་མཁར་ཕྱི་རོལ་ཏུ་སོང་ནས་པར་བརྒྱབ་པ་དེ་རེད། དེ་ནི་ངེད་གཉིས་ཀྱིས་ཐེངས་དང་པོར་པར་ཆས་ལག་ལེན་བྱས་པ་ཡིན་ལ། ངེད་གཉིས་ལ་པར་རྒྱག་པའི་རྨང་གཞིའི་ཤེས་བྱ་ཙམ་ཡང་དེ་དུས་འབྱོར་བ་ཡིན། རྗེས་སུ་ངས་དེ་ནི་འཇར་མན་གྱིས་བཟོས་པའི་མིང་གྲགས་ཅན་གྱི་པར་ཆས་ཤིག་ཡིན་པ་གཞི་ནས་ཤེས་ཤིང་། ལོ་ངོ་བཅུ་ལྷག་གི་སྔོན་ངའི་ཕྲག་པར་རྫོང་གི་ས་གནས་ལོ་རྒྱུས་འབྲི་བའི་ལས་འགན་བབས་ཚེ་འདྲ་པར་ཡང་རྒྱག་དགོས་པས་ང་རང་དྲིལ་བསྒྲགས་པུའུ་ལ་པར་ཆས་དེ་གཡར་དུ་སོང་ནའང་དེ་དུས་མགོ་ཁྲིད་གྲིམ་པོ་ཞིག་གིས་པར་ཆས་དེ་སྔ་ས་ནས“ཁུག་མར་བཅུག”ཚར་འདུག

  1985ལོར་རྡོར་བྷས་ལས་ཀ་གྲོལ་བ་ནས་གཞུང་ལས་ཁང་དུ་གམ་པ་ལི་ཞིག་ལུས་ལ་དཀྲིས་ཏེ་ཟླ་བ་གསུམ་བཞི་ཙམ་ལ་རང་སྦྱོངས་བྱས་མཐར་ནུབ་བྱང་མི་རིགས་སློབ་གླིང་བོད་ཡིག་སྡེ་ཁག་ལ་རྒྱུགས་འཕྲོད་སོང་། ལོ་དེར་ང་ཡང་སློབ་གྲྭ་དེར་ཟབ་སྦྱོང་དུ་སོང་བས་ཡང་བསྐྱར་རྡོར་བྷ་དང་མཉམ་ཟ་མཉམ་འདུག་བྱེད་པའི་གོ་སྐབས་བྱུང་། དེ་བས་ཀྱང་དགའ་འོས་པ་ནི་སློབ་གྲྭ་དེའི་དགེ་སློབ་མང་ཤོས་ཀྱིས་དེང་རབས་རྩོམ་རིག་ཀློག་པ་དང་གླེང་བ་དང་།འབྲི་བ་སོགས་རྩོམ་རིག་གི་ཚ་རླབས་ཤིག་འཕྱུར་གྱིན་ཡོད། ང་ཚོ་ཕ་ཡུལ་གཅིག་པའི་ཆབ་བྲག་མགོན་པོ་སྐྱབས་དང་ལྗང་བུ། རྡོར་བྷ། དཀོན་མཆོག་སྐྱབས་སོགས་རྩོམ་དགའ་དག་གིས་རྩོམ་ཡིག་འགའ་རེ་བྲིས་པར་མ་ཟད་《མཐིང་ཟླ》ཞེས་པའི་སྒེར་ངོས་ཀྱི་དུས་དེབ་ཅིག་ཀྱང་བསྒྲུབས། དེའི་སྟེང་དུ་ཁ་བྱང་ལ《ང་ཚོར་ཅི་ཞིག་ཡོད》ཅེས་པའི་འདྲ་པར་སྒྲུང་རྩོམ་ཞིག་སྤེལ་མྱོང་། ངས་བསམ་ན་དེ་ནི་བོད་ཡིག་གི་འདྲ་པར་སྒྲུང་རྩོམ་ཐོག་མ་མིན་ཡང་སྔ་ཤོས་ཡིན་སྲིད། དེ་དུས་རྡོར་བྷ་སྔར་བཞིན་སྙན་ངག་འབྲི་བར་དགའ་བ་ལས་གཞན་ལྦུ་ཆང་འཐུང་བའི་ཞོར་དུ་རྒྱ་ནག་གི་གླུ་མ་ཏིང་ལིས་ཅོན(邓丽君)གྱི་གླུ་ལ་ཉན་པར་དགའ་བ་དང་། གླུ་ལ་ཉན་པའི་ཞོར་དུ་མཚམས་རེར་མིག་ཆུ་འཐོར་གྱིན་འདུག མཚམས་རེར་རང་གིས་བྲིས་པའི་སྙན་ངག་སྐད་དམའ་མོས་གྱེར་འདོན་བྱེད་པའི་དུས་མཚུངས་སུའང་མིག་ཆུ་འཐོར་གྱིན་འདུག ཁོ་པ་ཉི་ཧོང་གི་གློག་བརྙན་ལ་དགའ་བ་དང་། གློག་བརྙན་བརྒྱུད་ནས་ཉི་ཧོང་གི་མི་དང་ལྷག་པར་དུ་ཉི་ཧོང་གི་བུ་མོ་ལ་དགའ་བར་གྱུར། དེས་ཕྱིར་ཁོས་ཉི་ཧོང་གི་སྐད་ཡིག་ཀྱང་བསླབ་སྟེ་མ་འོངས་པ་ན་ཉི་ཧོང་ལ་འགྲོ་རྒྱུ་ཡིན་ཟེར་བ་དང་། གསལ་པོར་བཤད་ན་མ་འོངས་པར་ཉི་ཧོང་ལ་མག་པར་འགྲོ་བའི་འདུན་པ་ཡོད། རིམ་བཞིན་ཆུང་དུས་ཀྱི་རྡུང་རེས་རྒྱག་པར་དགའ་བའི་ནད་རྙིང་དེའང་ཕྱིར་འཕར་བཞིན་ཡོད་དེ། མཚན་མོ་ཞིག་ལ་ང་རང་གཉིད་དུ་ཡུར་འདུག་སྐབས་ཁོས་གློ་བུར་དུ་ང་གཉིད་ལས་བསླངས་ཏེ“འུ་གཉིས་གྲོགས་པོ་ངོ་མ་ཨེ་ཡིན།”ཟེར། ངས་གཉིད་མ་སད་ཀྱིས“དེ་བཤད་ཅི་དགོས”ཞེས་ལན་བཏབ། བློ་ཡུལ་ལས་འདས་པ་ཞིག་ལ་ཁོས“དེས་ན་འགྲོ དེ་རིང་ཁྱི་ཕྲུག་འགས་ང་ལ་གཉོམ་འཇོག་བྱས་སོང་། འུ་གཉིས་ད་ལྟ་ཉིད་ལ་སྐྱིན་པ་ལེན་དུ་འགྲོ”ཟེར། ང་ལ་སྐྲག་སྣང་དང་སུན་སྣང་ཞིག་སྐྱེས་ནའང་ངོ་ཚའི་དབང་གིས་ཁོ་དང་མཉམ་དུ་མི་འགྲོ་ཀ་མེད་བྱུང་། ཁོས་བཤད་པའི“ཁྱི་ཕྲུག”དེ་དག་ང་ཚོས་ངོ་ཤེས་པའི་དགེ་རྒན་གཞོན་ནུ་མ་ཞིག་ཡོད་པ་དེའི་ཁྱིམ་ན་ཡོད་ལ། སྟབས་ལེགས་པ་ཞིག་ལ་ངེད་གཉིས་ཁྱིམ་ལ་འཛུལ་མ་ཐག་རྡོར་བྷས་བསམ་དབང་དྲན་དབང་མ་བྱིན་པར“ཁྱི་ཕྲུག”གཅིག་གི་གདོང་ལ་ཁུ་ཚུར་ཡིད་ཚིམ་པ་གཅིག་གཞུས་པ་ན་གཞན་རྣམས་དེ་མ་ཐག་རང་རང་སར་བྲོས་སོང་བས་ངས་འཇིགས་སྐྲག་དང་ཕམ་ཁ་མྱང་མ་དགོས། ང་ཕྱིར་ཕ་ཡུལ་ལ་ལོག་རྗེས་རྡོར་བྷས་རྡུང་རེས་མང་པོ་རྒྱག་བཞིན་ཡོད་པ་ཐོས་ཤིང་། ཁོ་པ་སློབ་མཐར་ཕྱིན་ལ་ཉེ་དུས་གཞི་ནས་སློབ་གྲྭ་ནས་ཕྱིར་བསྐྲད་དེ་ཕ་ཡུལ་དུ་ལོག་བྱུང་། དེ་དུས་ཁོའི་ངོ་གདོང་ན་རྨ་ཤུལ་མང་པོ་ཡོད་པས“རྡུང་རེས་བརྒྱ་ཐམ་པ་བརྒྱབ་སོང”ཟེར་བ་དེའང་བདེན་ཤས་ཆེ། དེ་ནས་རིང་བོ་མ་འགོར་བར་ཁོ་པར་མི་འདོད་ནད་ཀྱིས་གཙེས་པ་དང་། ཉིན་ཞིག་ཁོ་རང་ང་སར་ཡོང་སྟེ་སྒོར་མོ་འགའ་ཨེ་ཡོད། ལན་ཀྲོའུ་ལ་སྨན་པར་སྟོན་དུ་འགྲོ་རྒྱུ་ཡིན་ཟེར། ངས་ལག་ན་སྒོར་མོ་བཅུ་ཕྲག་ཙམ་ཡོད་པ་ཁོ་པར་བྱིན།དེ་དུས་ཁོའི་ཤ་མདོག་ཅུང་སེར་པོར་གྱུར་འདུག་པ་ལས་དེ་འདྲ་ཚབས་ཆེན་ཞིག་ཡིན་པའི་སྣང་བ་མ་བྱིན་མོད། འོན་ཀྱང་འདི་ནི་ངེད་གཉིས་ཀྱི་ཆེས་མཇུག་མཐའི་ཐུག་འཕྲད་ཡིན་པ་སུས་ཤེས།

  རྗེས་སུ་ཁོའི་ནུ་བོ་བཙུན་པ་དགེ་འདུན་འཕྲིན་ལས་ཀྱིས་ཉར་ཚགས་བྱས་ཡོད་པའི་ཁོའི་སྙན་ངག་རྣམས་མང་ཤོས་རྒྱ་ཡིག་ཡིན་པ་དེ་ལས་ཁག་ཅིག་ངེད་ཚོའི་གྲོགས་པོ་ཆབ་བྲག་མགོན་པོ་སྐྱབས་ཀྱིས་བོད་ཡིག་ཏུ་བསྒྱུར་སྒྲིག་བྱས་ནས་པར་སྐྲུན་བྱས་པ་ནི《སྙན་ངག་གིས་སླར་ཡང་ཁོ་རང་བཙལ》ཞེས་པའི་དེབ་ཆུང་དེ་རེད། 2014ལོར་ཁོའི་རྒྱ་ཡིག་གི་སྙན་ངག་ཕྱོགས་བསྒྲིགས་དངོས་སུ་པར་སྐྲུན་བྱས་པ་དག་ནི་རྡོར་བྷ་ཟེར་བའི་སྙན་ངག་གི་བུ་ཆུང་ཞིག་འཇིག་རྟེན་འདིར་སྐད་ཅིག་ཙམ་ལ་འཚོ་མྱོང་བའི་བདེན་དཔང་ཁོ་ན་ཡིན། སློབ་གྲོགས་དང་ལས་གྲོགས་དང་། ཐ་ན་བཟའ་ཟླ་བུ་ཕྲུག་སོགས་ཀྱང་རི་མགོའི་བ་ཁ་ལྟ་བུ་ཡིན་པས་ན་ཕན་ཚུན་གྱི་སེམས་ལ་རྨ་ཁ་བཟོ་བ་ནི་ཤིན་ཏུ་མི་འོས་མོད། འོན་ཀྱང་ཉོན་མོངས་ཀྱི་དབང་གིས་དེ་ནི་ཧ་ཅང་དཀའ་བའི་ལས་ཤིག་ཡིན་པ་འདྲ། ཡིན་ནའང་རྡོར་བྷ་དང་ངེད་གཉིས་བར་ཚེ་གང་བོར་ཁབ་སྐུད་ཙམ་གྱི་ཉོག་དྲའང་བྱུང་མ་མྱོང་ལ། དེ་བས་ཀྱང་ཕན་ཚུན་གྱི་སེམས་ལ་རྨ་ཁ་ཁབ་རྩེ་ཙམ་ཡང་བཟོས་མ་མྱོང་། ངས་བསམ་ན་འདི་ནི་ཁོ་པ་ཕྱི་གསལ་ནང་གསལ་གྱི་མི་ཞིག་ཡིན་པའི་རྐྱེན་གྱིས་ལོས་ཡིན། དྲང་མོར་བཤད་ན་རྡོར་བྷའི་མི་ཚེ་ཐུང་དྲགས་པས་གཞན་ལ་ངོམ་ཆོག་པའི་ལག་རྗེས་འཇོག་ཁོམ་མ་བྱུང་ལ། གལ་ཏེ་ཁོ་པ་ཚེ་རིང་པོར་འཚོ་ཡོད་པའི་དབང་དུ་བཏང་ནའང་ཕུལ་དུ་བྱུང་བའི་སྙན་ངག་པ་ཞིག་ཏུ་གྱུར་ཡོད་མེད་སུས་ཀྱང་བཤད་དཀའ་མོད། འོན་ཀྱང་ཁོ་ནི་གཞན་གྱིས་ཆུ་སྣ་གར་ཁྲིད་བྱེད་མི་ནུས་པའི་རང་གཤིས་ཅན་དང་བསམ་བློ་ཅན་དང་། དེ་བས་ཀྱང་ཕྱི་གསལ་ནང་གསལ་གྱི་སྐྱེ་བོ་ཞིག་ཡིན། ང་རང་འདི་འདྲའི་སྐྱེ་བོ་ལ་དགའ་བས་ཁོ་པ་ཚེ་ལས་འདས་ནས་མི་ལོ་ཉི་ཤུ་ལྷག་འགོར་ནའང་གཏན་ནས་བརྗེད་ཐབས་བྲལ་བས་ཆུང་གྲོགས་རྗེས་སུ་དྲན་པའི་ཚིག་ཉོག་འདི་བྲིས་པ་དགེའོ།།
 
རྩོམ་སྒྲིག་པ། དབང་མོ།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། 2015ལོའི《གངས་རྒྱན་མེ་ཏོག》དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུང་གྲོགས་རྡོར་བྷ་རྗེས་སུ་དྲན་པ།

2019-04-08 ཚེ་རིང་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།