ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ། 《སྒེའུ་ཁུང》

ལྷ་བྱམས་རྒྱལ།(པེ་ཅིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-03-26

  རྩོམ་འདི་འབྲི་དུས། ངའི་ཨ་མ་དྲིན་མོ་ཆེ་མི་ཡུལ་དང་གྱེས་ཏེ་ཏག་ཏག་ལོ་འཁོར་གཅིག་ལོན་ལ་ཉེ།

  ལོ་གཅིག་གི་རིང་ལ། ངའི་མཚན་གྱི་རྨི་ལམ་དུ་ཨ་མ་ཡང་ཡང་རྨིས་ཡོང་། ཞོགས་པ་རེ་རེར། ང་པེ་ཅིན་གྱི་ཐོག་ཁང་ཞིག་གི་ཁང་མིག་ཆུང་ངུ་འདིའི་ནང་ནས་གཉིད་ལས་སད་ཡོང་དུས། ཐོག་མར་མིག་ལམ་དུ་བརྒྱུད་ཡོང་བ་ནི་ཡོལ་བས་བཅད་པའི་སྒེའུ་ཁུང་དང་། དེ་ལས་འཕྲོས་ཡོང་བའི་ཞོགས་པའི་གྲིབ་མདངས་རབ་རིབ་དེ་རེད། ང་འདི་ལྟར་མལ་ཁྲིའི་སྟེང་ནས་གཉིད་ལས་སད་ཡོང་སྐབས། ད་ནི་རང་དང་ཆེས་སྙིང་ཉེ་བའི་མི་དེ་འཇིག་རྟེན་དཀར་ངོགས་འདིར་མཐོང་མི་ཐུབ་པའི་བདེན་པའི་ངོ་རིས་སེམས་ནང་ནས་ཇེ་གསལ་དུ་གྱུར་བ་ན། རེ་ཞིག་ལ་ཡོད་ཚད་སྟོང་ལྷང་ལྷང་དང་སྨྲེང་ཤུར་ཤུར་དུ་གྱུར་བ་དང་། མིག་ལྕིབས་ཀྱི་མཐའ་ནས་མཆི་མའི་རྡོག་པོ་རེ་གཉིས་ཀྱང་དབང་མེད་དུ་གྲིལ་ནས་ཟ་འགྲམ་བརྒྱུད་དེ་སྔས་མགོར་ཐོར་ཡོང་། སྐབས་དེ་དག་ཏུ། ངས་མཚན་གྱི་རྨི་ལམ་དེ་མངོན་སུམ་ཡིན་པ་དང་། མིག་སྔའི་མངོན་སུམ་འདི་རྨི་ལམ་ཡིན་པར་རེ་བ་འཆང་ཞིང་། མིག་ནང་གི་སྒེའུ་ཁུང་དེ་ཡང་པེ་ཅིན་གྱི་ཁང་མིག་འདིའི་སྒེའུ་ཁུང་མ་ཡིན་པར། ཕ་ཡུལ་དམེ་ཀྱཱ་གྲོང་ཚོའི་གཞིས་ཁྱིམ་གྱི་སྒེའུ་ཁུང་དེ་ཡིན་པའི་སྣང་བ་བན་བུན་ཞིག་སྐྱེས་ཡོང་།

  ངའི་ཨ་མ་ནི་བོད་ཀྱི་བུད་མེད་དཀྱུས་མ་ཞིག་ཡིན། གནའ་དེང་གི་ཨ་མ་བྲིས་ཡོད་པའི་རྩོམ་ཡིག་མང་པོའི་ནང་དུ་འདི་ལྟར་སོ་སོའི་ཨ་མ་ནི་ཆེས་སྤྱིར་བཏང་གི་བུད་མེད་དཀྱུས་མ་ཞིག་ཡིན་པར་བརྗོད་ཅིང་། དེ་བས་ཀྱང་སྤྱིར་བཏང་ནང་གི་ཆེས་སྤྱིར་བཏང་མ་ཡིན་པ་ཞིག་ཡིན་ཞེས་བརྗོད་བཞིན་ཡོད། ངས་ནི་ཚིག་ཕྱི་མ་དེ་བཤད་མི་འདོད་པར་ངའི་ཨ་མ་ནི་དུས་ནམ་ཡང་ཆེས་སྤྱིར་བཏང་དང་དཀྱུས་མ་ཁོ་ན་ཙམ་ཡིན་ཞེས་བཤད་འདོད། དོན་དངོས་ཀྱང་དེ་ལྟར་ཡིན་ཏེ། ངའི་ཨ་མ་ནི་མི་ཚེ་གཅིག་ལ་གྲག་འགུལ་ཆེན་པོ་ཅི་ཡང་མེད་པའི་བུད་མེད་ཅིག་ཡིན་ལ། དུས་ཚོད་ཀྱི་རླུང་གིས་སྒུལ་བའི་ཚེ་སྲོག་གི་ནགས་ཚལ་ནང་དུ་སྐྱེས་ཤིང་སྐམ་པའི་ཁུ་སིམ་དང་ལྷིང་འཇགས་ཀྱི་སྐྱེས་དངོས་རྐང་གཅིག་དང་མཚུངས། ཨ་མ་དེ་ལྟར་མི་ཡུལ་དུ་ཡོང་སྟེ་འདི་ལྟར་མི་ཡུལ་དང་གྱེས་པར་ཡང་ངེད་ཕུ་ནུ་མིང་སྲིང་དག་ལས་གཞན་སུ་ཞིག་གིས་ཀྱང་སྣང་འཇོག་བྱེད་མི་སྲིད། ཡིན་ན་ཡང་། ད་ལྟ་ང་མལ་སའི་ནང་ནས་ཡར་མ་ལངས་པར་སྒེའུ་ཡོལ་གྱི་ཕྱོགས་སུ་ཅེར་ནས་སྡོད་དུས། སྣང་བ་ཞིག་ལ་ཞོགས་པར་མེ་བརྡར་ལངས་ནས་ཞོགས་ཟས་གཡོས་སྦྱོར་དང་སྒོ་ཕྱི་ནང་གི་ལས་ཀར་བྲེལ་བའི་ཨ་མའི་གྲག་འགུལ་དེ་དག་ད་དུང་ཡང་རྣ་ལམ་དུ་གྲགས་ཡོང་།

  རེད་ཨང་། བག་ཆགས་ཁྲོད་ཀྱི་ཨ་མའི་ཞོགས་པའི་གྲག་འགུལ་དེ་དག་ནི་ཅི་འདྲའི་གསལ་པོ་ཞིག་རེད་ཨང་། ང་རང་དུས་རྒྱུན་དུ་གྲག་འགུལ་དེ་ཡིས་རྨི་ལམ་གྱི་ཞིང་ནས་སད་པར་བྱས་ཤིང་། མིག་ཟུང་ག་ལེར་འབྱེད་དུས་ངེད་ཚང་གི་ཐབ་ཚང་གི་ཚ་ཐབ་ཀྱི་སྒེའུ་ཁུང་དེར་ག་ལེར་དཀར་གསལ་འབྱེད་ཡོང་བ་མཐོང་ངེས། སྔོན་མའི་གཞིས་རྙིང་གི་ཁང་བའི་སྒེའུ་ཁུང་དག་ནི་ད་ལྟའི་འདི་འདྲ་མ་ཡིན་པར། ཤིང་གི་སྒེའུ་ཁུང་ཡིན་ཏེ། ཆེ་ཆུང་མེད་པའི་དྲ་མིག་གྲུ་བཞི་མ་ཆུང་ངུས་རྩིབས་རྟ་གྲུབ་ཅིང་། དེའི་ཐོག་ཏུ་དཀར་གཙང་གི་ཤོག་བུ་སྦྱར་ནས་ལྷགས་རླུང་དང་ས་རྡུལ་སོགས་འགོག་པར་བྱས་ཡོད། ལོ་རེའི་ལོ་སར་སླེབ་ལ་ཉེ་དུས། ཁྱིམ་ཚང་རེ་རེས་སྒེའུ་ཁུང་གི་ཤོག་བུ་གསར་བརྗེ་ཐེངས་གཅིག་བྱེད་ཅིང་། སྐབས་དེར་ས་ཆུ་མེ་རླུང་གི་འབྱུང་བ་མཚོན་པའི་དཀར་སེར་དམར་ལྗང་གི་ཤོག་བུ་ཁ་དོག་ཅན་དེ་རིགས་ཀྱང་དྲས་ནས་སྒེའུ་ཁུང་གི་ཤོག་དཀར་ངོས་སུ་སྲོལ་རྒྱུན་གྱི་འགྲོ་སྟངས་ལྟར་སྦྱར་སྲིད་དེ། སྒེའུ་ཁུང་གི་མཐའི་གྲུ་ཟུར་བཞི་ལ་དཀར་སེར་དམར་ལྗང་གི་ཤོག་བུ་ཟུར་གསུམ་མ་རེ་སྦྱར་ཏེ་མཐའ་བརྒྱན་པར་བྱེད་པ་དང་། སྒེའུ་ཁུང་གི་དབུས་ཀྱི་དྲ་མིག་བཞི་ཡང་དཀར་སེར་དམར་ལྗང་གི་ཤོག་བུ་སྦྱར་ནས་སྤུད་དེ་དཀྱིལ་སྙིང་མཛེས་བཟོ་བྱེད་སྲིད། ང་དེ་ལྟར་ཞོགས་པ་རེ་རེར་ཨ་མའི་གྲག་འགུལ་གྱིས་གཉིད་ལས་སློང་ཡོང་དུས། ལམ་སེང་མལ་ལས་ལྡང་མི་དགོས་པར་མིག་ཅེ་རེར་སྒེའུ་ཁུང་ངོས་སུ་བལྟས་ནས་སྡོད་རྒྱུར་དགའ་ཞིང་། འཆར་ཡན་ལ་དགའ་བའི་ངའི་སེམས་ནང་དུ་ཞོགས་པའི་དཀར་གསལ་གྱིས་སྣང་ཡོང་བའི་སྒེའུ་ཁུང་གི་ཤོག་དཀར་ནི་གློག་བརྙན་གྱི་འཆར་ཡོལ་ཞིག་དང་མཚུངས་ལ། ངས་རྟོག་བཏགས་ལ་བརྟེན་ནས་དེ་རུ་ཕྲུ་གུ་ཞིག་གི་སེམས་ནང་དུ་ངོ་མཚར་བའི་ཞིང་ཁམས་ཤིག་བཞེངས་ཆོག

  ད་ལྟ། ང་པེ་ཅིན་གྱི་ཁང་མིག་འདིའི་མལ་ཁྲིའི་སྒང་ནས་གྲག་འགུལ་ཅི་ཡང་མེད་པར་ཉལ་སྡོད་དུས། ཡོལ་བས་བཅད་པའི་སྒེའུ་ཁུང་གི་ཕར་ནང་ནས་མ་དྲིན་མོ་ཆེ་དེའི་ཞོགས་པའི་གྲག་འགུལ་དེ་རིགས་སྔར་བཞིན་གྲགས་ཡོང་པར་རེ། ཡིན་ན་ཡང་། མཚམས་རེར་རླངས་འཁོར་གྱི་དུང་སྒྲའམ་འཁོར་བཀག་མནོན་པའི་སྒྲ་རྣ་བར་གཟན་པ་རེ་སྒེའུ་ཁུང་ཕྱི་རོལ་ནས་མཆེད་ཡོང་པ་མ་གཏོགས། རེ་སྒུག་ཁྲོད་ཀྱི་གྲག་འགུལ་དེ་རིགས་མངོན་སུམ་དུ་ཅི་ཡང་གྲགས་རྒྱུ་མ་བྱུང་ལ། སྒེའུ་ཁུང་གི་ཡོལ་བའི་ངོས་ཀྱི་གྲིབ་མདངས་དེ་ལས་ཀྱང་ཆུང་དུས་ཀྱི་རྟོག་བཏགས་ཀྱི་ཞིང་ཁམས་དེ་འདྲ་ཞིག་ཀྱང་མཐོང་ཐུབ་པ་མི་འདུག དེ་དུས་ངས་གཞི་ནས་རང་ལ་ཆེས་སྙིང་ཉེ་བའི་བུད་མེད་དེ་འཇིག་རྟེན་དཀར་ངོགས་འདི་ནས་དུས་གཏན་དུ་ཡལ་ཚར་བའི་བདེན་པའི་ངོ་རིས་དེ་ཡང་གསལ་བོར་མཐོང་ཡོང་། དེ་ནི་ཅི་འདྲའི་མཐོང་མི་འདོད་པའི་མི་ཡུལ་འདིའི་ཆོས་ཉིད་ཀྱི་རྣམ་འགྱུར་སྡུག་པོ་ཞིག་རེད་ཨང་།

  ཆུང་དུས་ཀྱི་ཞོགས་པ་རེ་རེར། ངས་དེ་ལྟར་སྒེའུ་ཁུང་གི་ངོས་ལ་ཅེ་རེར་བལྟས་ནས་ཨ་མའི་གྲག་འགུལ་ལ་ཉན། ལྷིང་འཇགས་ཀྱི་ཞོགས་པ་དེའི་གྲག་འགུལ་ཡོད་ཚད་ངའི་ཨ་མ་དང་ཐད་ཀར་རམ་བར་བརྒྱུད་ཀྱིས་འབྲེལ་བ་ཡོད་ངེས་གཏན་ཡིན་ཏེ། ཨ་མས་ཕྱི་སྒོའི་ལྕགས་ལུང་འབྱེད་པའི་སིལ་སྒྲ་དང་། ཁྱམས་ར་སྟོད་སྨད་དུ་ཡར་འགྲོ་མར་འགྲོ་བྱེད་པའི་གོམ་སྒྲ། ཆུ་རྫའི་ནང་དུ་ཆུ་བྱོ་བའི་ཤག་སྒྲ་དང་ཟངས་སྐྱོག་གི་ཏིང་སྒྲ། འོ་མ་དཀྲོགས་པའི་མཚམས་ཚིགས་ཡོད་པའི་ཤག་སྒྲ། དེ་མིན་ཕྱགས་མས་ཁྱམས་ར་ཕྱགས་པའི་ཧྲག་སྒྲ་སོགས་གྲགས་ཡོང་ལ། ཨ་མས་གྲག་འགུལ་དེ་ཡིས་ཁྱིམ་གྱི་ཐབ་ཀའི་ནང་གི་མེ་གཉིད་ལས་བསླངས་ནས་འུར་འུར་དུ་འབར་བ་དང་། ཐབ་མགོའི་སླ་ངའི་ནང་གི་ཆུ་ཡང་རྨི་ལམ་ལས་དཀྲོགས་ཏེ་ལྷོག་ལྷོག་ཏུ་གདུ། གྲག་འགུལ་དེ་དག་ཞོགས་པའི་ཐོག་མའི་དུས་ཚོད་དུ་ངའི་ཉན་ལམ་དུ་ཡང་དང་ཡང་དུ་གྲགས་ཡོང་། དེ་བས་ཀྱང་། ཨ་མའི་གྲག་འགུལ་གྱིས་གྲོང་ཚོ་འདིའི་ཞོགས་པ་ཡང་གཉིད་ལས་བསླངས་བ་འདྲ་སྟེ། ངས་ཅང་མ་འགོར་བར་ཁང་བའི་བྱ་འདབ་ཀྱི་འོག་ཏུ་ཚང་མལ་བཟོས་ཡོད་པའི་མཆིལ་བ་དེ་དག་ཀྱང་གཉིད་ལས་སད་དེ་ཅིར་སྒྲ་སྒྲོག་བཞིན་ངེད་ཚང་གི་ཁྱམས་རའི་ལྕགས་གདང་དུ་བབས་ནས་ཕར་འཕུར་ཚུར་འཕུར་བྱེད་པའི་གཤོག་སྒྲ་གྲགས་ཡོང་བ་ཐོས་ཤིང་། ད་དུང་སྐྱ་ཀ་ཕྲ་མོ་ཞིག་ཀྱང་ངེད་ཚང་གི་མཁར་གྱང་གི་གྲུ་ཟུར་གྱི་རྡོ་དཀར་དུ་བབས་ནས་རྔ་སྒྲོ་འགྱོགས་ཙམ་བྱེད་བཞིན་ཅག་སྒྲ་བར་མེད་དུ་སྒྲོག་པ་ཐོས། སྐབས་དེར། སྒོ་ཁའི་ཁྱི་རྒན་རྒྱ་བོ་དེ་ཡང་ཕལ་ཆེར་གཉིད་ལས་སད་པ་འདྲ་སྟེ། ངས་དེས་བྱ་རྨྱང་བྱེད་བཞིན་སྐེ་ཡི་ལྕགས་ཐག་སིལ་སིལ་དུ་དཀྲུག་རྡེབ་བྱེད་པའི་སྒྲ་ཐོས་བྱུང་། འདི་ཡོད་ཚད་ངས་ཨ་མར་འབོད་པའི་བུད་མེད་དཀྱུས་མ་འདིས་མི་ཚེ་འདིའི་གོ་རིམ་ཀུན་ཏུ་བསྒྲུབས་པའི་ལས་ཀ་ཕལ་བ་ཞིག་ཡིན། ཁོ་མོས་ཞོགས་པའི་གྲག་འགུལ་འདི་དག་ལ་བརྟེན་ནས་རང་གི་ཉི་མ་རེ་རེ་དང་། ཟླ་བ་རེ་རེ། ལོ་རེ་རེ་ཕར་ལ་སྐྱེལ་བ་དང་། དེ་ནི་གཟུགས་མེད་ཀྱི་རླུང་བུས་སྐྱེས་དངོས་རྐང་གཅིག་གི་ཡལ་འདབ་ཡང་མོར་སྒུལ་བའི་གྲག་འགུལ་དང་མཚུངས་ལ། ད་ལྟ་གྲག་འགུལ་ཡང་དུས་གཏན་དུ་ཞི་བར་འཇགས་ཤིང་། ཁོ་མོའི་མི་ཚེ་ཡི་ཡལ་འདབ་ཀྱང་འགུལ་མཚམས་ཡོངས་སུ་བཞག་སོང་། ང་སྔར་བཞིན་མལ་ཁྲིའི་སྒང་ནས་འགུལ་མེད་དུ་ཉལ་ཏེ་སྡོད་དུས་འདིར། ཡིད་དུ་གྲག་འགུལ་དེ་དག་སྔར་བཞིན་རྣ་ལམ་དུ་ཐེངས་གཅིག་གྲགས་རྒྱུ་བྱུང་ན་ཅི་མ་རུང་སྙམ།

  ཆུང་ངུའི་དུས་ནས་ང་ནི་འཆར་ཡན་ལ་ཤིན་ཏུ་དགའ་ཞིང་ལྷན་སྐྱེས་ཀྱི་འཆར་ཡན་རྒོད་པའི་ཕྲུ་གུ་ཞིག་ཡིན། དུས་ནམ་ཞིག་ལ་དེ་ལྟ་བུའི་འཇོན་ནུས་ལྡན་པར་གྱུར་བ་ང་ལ་གསལ་ཆ་ཅི་ཡང་མེད་ཀྱང་། ད་ལྟ་དཔྱོད་ཤེས་ལ་བརྟེན་ནས་གཞིགས་ན་ཕལ་ཆེར་ངེད་ཚང་གི་ཞོགས་པའི་སྒེའུ་ཁུང་དེ་དང་ཨ་མའི་ཞོགས་པའི་གྲག་འགུལ་དེ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་གཏན་ཁེལ་རེད། ཞོགས་པ་རེ་རེར། ང་དེ་ལྟར་སྔ་མོར་གཉིད་ལས་སད་ཡོང་པ་དང་། ཨ་མའི་གྲག་འགུལ་གྱི་ཁྲོད་ནས་སྒེའུ་ཁུང་གི་དྲ་མིག་དེ་དག་མོག་པོ་ནས་གསལ་པོ་དང་། གྲིབ་མདངས་ནས་དཀར་གསལ་དུ་གྱུར་བར་བལྟས་ནས་བསྡད། དེ་ལྟར་སྡོད་དུས། དྲ་མིག་གི་ཤོག་དཀར་དེ་ནི་བརྙན་ཡོལ་ནང་བཞིན་དུ་གྱུར་ཅིང་། དེའི་ངོས་སུ་གསོན་ཉམས་ཀྱིས་ཁེངས་བའི་འཇིག་རྟེན་ཞིག་གི་ཟློས་གར་འཁྲབ་ཡོང་སྟེ། འབྱུང་བ་མཚོན་པའི་ཁ་དོག་དཀར་སེར་དམར་ལྗང་གི་ཤོག་བུ་དེ་དག་ནི་བཟོ་བཀོད་ལྟ་ན་སྡུག་པའི་ཁང་ཆེན་རེ་རེར་གྱུར་ཅིང་། དྲ་མིག་གི་རྩིབས་མ་དེ་དག་ཕྱི་ཡི་ལྕགས་རིའམ་ཡང་ཕན་ཚུན་བར་གྱི་ཟམ་པ་དང་ལམ་སོགས་སུ་གྱུར། དེ་བས་ཀྱང་ཤོག་དཀར་ངོས་སུ་ལུས་པའི་ནག་ཐིག་རེ་གཉིས་ཀྱང་ལམ་དུ་འགྲོ་བའི་མི་རེ་གཉིས་སུ་གྱུར་བ་དང་། ངོ་མཚར་བ་ཞིག་ནི་ཡུན་རིང་དེར་ཅེར་ནས་སྡོད་དུས་ནག་ཐིག་དེ་དག་རིམ་གྱིས་འགུལ་ནས་འགྲོ་བཞིན་པའི་འཁྲུལ་སྣང་ཡང་སྐྱེས་ཡོང་། སྐབས་འདི་དག་ཏུ། ཨ་མས་བཟོས་པའི་སྒོ་ཕྱི་ནང་གི་གྲག་འགུལ་དེ་དག་ནི་ངའི་རྟོག་བཏགས་བྱས་པའི་འཇིག་རྟེན་འདིའི་གྲག་འགུལ་དུ་གྱུར་ཅིང་། ཁོ་མོ་ཡར་འགྲོ་མར་འགྲོའི་གོམ་སྒྲ་དེ་ནི་ནག་ཐིག་ལས་སྐྱེས་པའི་མི་དེ་དག་རྒྱང་ནས་ཚུར་ཡོང་བཞིན་པའི་གོམ་སྒྲར་གྱུར། ཡང་ཐབ་མགོའི་སླ་ངའི་ནང་གི་ཆུ་ཁོལ་བའི་ཤང་སྒྲ་དེ་ནི་ཤོག་དཀར་གྱི་འཇིག་རྟེན་དེར་ལྡང་པའི་རླུང་ཆེན་གྱི་འུར་སྒྲ་རུ་གྱུར། ཨ་མས་གཉིད་ལས་བསླངས་པའི་མཆིལ་བ་དང་སྐྱ་ཀ་དག་གི་སྐད་ཅོར་ཡང་འཇིག་རྟེན་དེའི་སྐད་ཅོར་དུ་གྱུར་་་་་ང་དེ་ལྟར་ཨ་མའི་ཞོགས་པའི་གྲག་འགུལ་དེ་དག་གི་རམ་འདེགས་རོལ་དབྱངས་ཀྱི་འོག་ནས་སྒེའུ་ཁུང་གི་འཇིག་རྟེན་དུ་འཆར་ཡན་གྱིས་གཡེང་བ་དང་། དེ་ལྟར་རིམ་གྱིས་ནར་སོན་དུས་རྟོག་བཏགས་གཙོ་ཆེ་བའི་སྒྲུང་གཏམ་འབྲི་མཁན་གྱི་མི་ཞིག་ཏུ་གྱུར་ཅིང་། ཆུང་དུས་ཀྱི་འཆར་ཡན་གྱི་སྦྱོང་བརྡར་དེ་རིགས་ཀྱིས་ངའི་མི་ཚེ་ལ་རིན་ཐང་དམིགས་བསལ་བ་ཞིག་བསྐྲུན་སོང་།

  ཨ་མ་གསོན་ངོགས་སུ་ཡོད་དུས། ངས་ཁོ་མོར་སྒེའུ་ཁུང་སྐོར་གྱི་སྐད་ཆ་ཅི་ཡང་བཤད་མ་མྱོང་། ཁོ་མོས་ཀྱང་རང་གི་ཞོགས་པ་རེ་རེའི་གྲག་འགུལ་གྱིས་བུ་ངའི་མི་ཚེ་ལ་ཤུགས་རྐྱེན་འདི་འདྲ་ཞིག་ཡོད་པའི་སྐོར་ལ་བསམ་ཚོད་ཅི་ཡང་བྱས་མེད་ལས་ཆེ། ཁོ་མོས་ཐ་ན་ངས་བྲིས་པའི་རྩོམ་ཡིག་གཅིག་ཀྱང་བཀླགས་མི་ཤེས། ལོ་ངོ་བཅུ་ཕྲག་དུ་མའི་རིང་ལ། ང་ཡང་དང་ཡང་དུ་ཨ་མར་གྱེས་ཤིང་ཡང་དང་ཡང་དུ་ཨ་མའི་གམ་དུ་ལོག ང་ནི་བར་སྣང་དུ་ངེས་མེད་ལྡིང་སྐོར་རྒྱག་པའི་བྱ་ཞིག་དང་མཚུངས་ཤིང་། རང་ཚོད་ཀྱིས་མཐོ་ས་ཞིག་བསྙེགས་ནས་མཐོ་ཚད་ཅིག་ཟིན་སོང་བའི་ང་རྒྱལ་གྱིས་ཁེངས་ཡོད། ཡིན་ན་ཡང་ངའི་ཨ་མ་ནི་བྲག་ཐེམ་བཞིན་དུས་ནམ་ཡང་སྔར་མལ་སྲུང་ནས་བསྡད་ཡོད་པ་དང་། ང་གྱེས་ཐེངས་རེར་གཟུགས་པོར་བདག་གཅེས་བྱོས། མི་ལ་འཁོན་འཛིང་མ་བྱེད་ཅེས་བའི་བཅོལ་གདམས་སྟབས་བདེ་ཞིག་ལས་ཅི་ཡང་བཤད་མི་ཤེས། དོན་དམ་དུ། ང་རང་མི་ཚེ་ཕྱེད་ཀའི་ལམ་དུ་བསྐྱོད་ཚར་ཀྱང་ཨ་མའི་ཤེས་རྒྱ་ལས་བརྒལ་ཡོད་པའི་གནས་ལུགས་ལྷག་མ་ཞིག་ཅི་ཡང་རྟོགས་མེད་ལས་ཆེ་ལ། དེ་བས་ཀྱང་འཆི་གསོན་གྱི་མདུན་ནས་ང་ཡང་ཤིན་ཏུ་རྨོངས་པའི་ཕྲུ་གུ་ཞིག་ལས་མ་འདས། ད་ལྟ། ཨ་མ་མི་ཡུལ་དང་གྱེས་ཤིང་ལྷག་པར་དུ་ངའི་འཇིག་རྟེན་ནས་མི་སྣང་བར་གྱུར་ནས་ལོ་གཅིག་འགོར་ལ་ཉེ་བའི་དུས་འདིར། ང་པེ་ཅིན་གྱི་ཁང་མིག་འདིའི་མལ་ཁྲིའི་ཐོག་ཏུ་ཉལ་ནས་ཞོགས་པའི་གྲག་འགུལ་ལ་གཟབ་ཉན་བྱེད་དུས། ངས་མདང་གི་རྨི་ལམ་གྱི་མཇལ་འཛོམས་དེ་དག་སྒེའུ་ཁུང་གི་ཡོལ་བའི་ངོས་སུ་ཕབ་འདོད་ཅིང་། དེ་བས་ཀྱང་རང་གི་མངོན་སུམ་གྱི་འཚོ་བའི་ནང་དུ་ཕབ་འདོད་སྐྱེས། ངས་རང་གིས་ཨ་མར་འབོད་པའི་བུད་མེད་དཀྱུས་མ་འདི་ལ་སྒེའུ་ཁུང་སྐོར་གྱི་སྐད་ཆ་འདི་དག་གསལ་བོ་ཞིག་ལབ་འདོད་པ་དང་། ཞོགས་པ་རེ་རེར་ཁོ་མོའི་གྲག་འགུལ་དེ་དག་ལ་ངས་སྔར་བཞིན་ཉན་ཐུབ་པའི་རེ་བ་ཞུ་ངེས།

  ངའི་ཨ་མ་ནི་དངོས་གནས་བུད་མེད་དཀྱུས་མ་ཞིག་ཡིན། ད་ལྟའི་ཤེས་རྒྱ་དང་མཐོང་རྒྱ་འཛོམས་པའི་གནམ་འོག་གི་ཨ་མ་ཕལ་མོ་ཆེ་དང་མི་མཚུངས་པར། ཁོ་མོས་སོ་སོའི་བུ་ཕྲུག་ལ་གནས་ལུགས་ཀྱི་གོ་བརྡ་ཆེན་པོ་ཅི་ཡང་སྤྲོད་མི་ཤེས། གལ་སྲིད་བུ་ཕྲུག་ཚོར་མཚོན་ན་སོ་སོའི་ཕ་མ་ནི་འཇིག་རྟེན་འདིར་འཇུག་པའི་སྒོ་དང་སྒེའུ་ཁུང་ལྟ་བུ་ཡིན་ན། ངའི་ཨ་མ་ནི་ངེད་ཚང་གི་གཞིས་རྙིང་གི་ཐབ་ཚང་དེའི་སྒེའུ་ཁུང་དེ་འདྲ་ཞིག་རེད་སྙམ་ཡོང་། སྒེའུ་ཁུང་དེ་ནི་ད་ལྟའི་ཤེལ་གྱི་སྒེའུ་ཁུང་ནང་བཞིན་ཕྱི་གསལ་ནང་གསལ་ཞིག་མ་ཡིན་པར། ཤོག་དཀར་གྱིས་སྦྱར་ནས་ཕྱི་ནང་གསལ་བོ་ཅི་ཡང་མཐོང་མི་ཐུབ། དེ་ནི་ངའི་ཨ་མ་དང་མཚུངས་ཏེ། ཁོ་མོས་ཕལ་ཆེར་འཇིག་རྟེན་འདིའི་གནས་ལུགས་ཆེན་པོ་གཅིག་ཀྱང་ཕྱི་གསལ་ནང་གསལ་གྱིས་ང་ལ་ལབ་མི་ཤེས་པའམ་སྟོན་མི་ཤེས་པ་འདྲ། ཡིན་ན་ཡང་། ཤོག་དཀར་གྱིས་བཅད་ཡོད་ཀྱང་འོད་སྣང་སྒྲིབ་མེད་པ་ནང་བཞིན་ངའི་ཨ་མས་ཆུང་ངུས་དུས་ནས་ངའི་སེམས་ནང་དུ་མི་གཤིས་ཀྱི་དཀར་གསལ་གྱི་འོད་སྣང་ཕྲ་མོ་རེ་ཚོར་མེད་དུ་འཕྲོས་ཡོང་བར་བྱེད་ཅིང་། འཇིག་རྟེན་འདིའི་སྐྱིད་སྡུག་གི་ངོ་གདོང་དང་དགེ་སྡིག་གི་རི་མོ་རེ་རེ་ཡང་དེ་ལྟ་བུའི་འོད་སྣང་ཕྲ་མོར་བརྟེན་ནས་རིམ་གྱིས་ངའི་འདུ་ཤེས་ཀྱི་ཁྲོད་དུ་ཇེ་གསལ་ནས་ཇེ་གསལ་དུ་བཏང་ཡོད། ཨ་མས་གནས་ལུགས་བཤད་མི་ཤེས་ཀྱང་། གནས་ལུགས་ལག་ལེན་ཁྲོད་སྟོན་ཤེས། ཨ་མ་ཞོགས་པ་རེ་རེར་སྔ་མོ་ནས་མེ་བརྡར་ལངས་དགོས་ཀྱི་ཡོད་ཅིང་། དེ་ལ་ད་ལྟ་ནང་བཞིན་གཟའ་མཇུག་གི་ངལ་གསོའི་དུས་སྐབས་ཟེར་བ་ཞིག་ཀྱང་མེད་པར་ཉིན་རེ་རེ་དང་ཟླ་རེ་རེ། ལོ་རེ་རེ་བྱས་ནས་ཆད་མེད་དུ་རྒྱུན་འཁྱོངས་བྱེད་དགོས་ཀྱི་ཡོད། དེ་བས་ཀྱང་ཞོགས་པ་རེ་རེར་ངས་སྒེའུ་ཁུང་ངོས་སུ་བཞེངས་པའི་རྟོག་བཏགས་ཀྱི་འཇིག་རྟེན་དེའི་རམ་འདེགས་རོལ་མོ་ལྟ་བུའི་གྲག་འགུལ་དེ་དག་ནི། ཨ་མའི་ངལ་རྩོལ་གྱི་འགྱུར་ཁུགས་ཡིན་པ་དང་། ང་ཚོར་འཚོ་གནས་ཀྱི་གནས་ལུགས་ཆེས་བབ་ཆགས་པ་དེ་ལག་ལེན་ཏུ་བཏབ་ནས་བསྟན་ཡོད། སྤྱིར་དེ་ལྟ་བུའི་ངལ་རྩོལ་ནི་བྱ་གཞག་རླབས་ཆེན་སྒྲུབ་མཁན་དག་ལ་མཚོན་ན་ཅི་འདྲའི་གླེང་རིན་མེད་པ་ཞིག་རེད་ཨང་། ཡིན་ན་ཡང་། ཨ་མས་ཞོགས་སྔ་ལངས་ཀྱི་ངལ་རྩོལ་གྱི་འགྱུར་ཁུགས་ལ་བརྟེན་ནས་ངེད་ཅག་ཕུ་ནུ་མིང་སྲིང་ཆེ་ཆུང་མང་པོ་བདེ་བླགས་ངང་འཚར་ལོངས་བྱུང་དུ་བཅུག་ཡོད་པ་དང་། མི་ཚེ་གཅིག་གི་གོ་རིམ་ནང་དུ་སྒོ་ཕྱི་ནང་གི་ལས་ཀ་རྩག་རྩིག་་མཐར་འཁྱོལ་གྱིས་འབད་ནས་ཁྱིམ་གཞིས་ཀྱི་འཚོ་གནས་ལ་ཆེས་རྩ་བའི་རྨང་གཞི་བཏིངས་ཡོད་ཅིང་། ང་ཚོའི་སྣང་ངོར་ལས་ལ་བརྩོན་པའི་མིག་དཔེ་བབ་ཆགས་པ་ཞིག་བཞག་ཡོད། ངའི་ཨ་མར་གྲག་འགུལ་ཆེན་པོ་ཅི་ཡང་མེད། མོའི་གྲག་འགུལ་དེ་དག་ནི་སྒོ་ཕྱི་ནང་གི་ཁྱབ་རྒྱ་ལས་དུས་ནམ་ཡང་བརྒལ་མི་ཐུབ། ཡིན་ཡང་ངའི་ཨ་མས་ལག་ལས་ཀ་དེ་རིགས་ཤིན་ཏུ་འཇོན་པོར་སྒྲུབ་ཅིང་ཤིན་ཏུ་རྣལ་མོས་སྒྲུབ་སྲིད། དེ་བས་ཀྱང་ཤིན་ཏུ་སྤྲོ་སྣང་ལྡན་པའི་ངང་འགྲུབ་པར་བྱེད་ངེས། ད་ལྟ་བསམས་ན། མི་ཞིག་མི་ཡུལ་དུ་གནས་པའི་ལོ་ངོ་བཅུ་ཕྲག་འགའི་དུས་ཚོད་དུ་འདི་ལྟར་ལས་ཀ་གཅིག་ལ་རྩེ་གཅིག་གིས་གཞོལ་བ་ནི་ཅི་འདྲའི་རླབས་ཆེན་ཞིག་རེད་ཨང་།

  ད་ལྟ། ངས་རང་ཉིད་སྔར་བཞིན་སྒེའུ་ཁུང་ལ་ཅེར་ནས་བསྡད་ཡོད་པ་ཚོར། མི་ཚེ་ནི་ཡང་སྙིང་ཅི་ཞིག་ཡིན་ནམ། འཚོ་བ་ཡང་ཡང་སྙིང་ཅི་ཞིག་ཡིན་ནམ། ངས་ད་དུང་ཡང་ལན་ཆ་ཚང་ངམ་ཁ་གསལ་ཞིག་ཅི་ཡང་རྙེད་མེད། ཡིན་ན་ཡང་ངས་རྟོགས་པ་ནི། ཨ་མ་དྲིན་མོ་ཆེ་འདི་ལྟར་ང་དང་རིང་དུ་གྱེས་པ་ནི་ངའི་མི་ཚེའི་ནང་ཆེས་གལ་ཆེ་བ་ཞིག་དང་ངའི་འཚོ་བའི་ནང་ཆེས་སྙིང་ཉེ་བ་ཞིག་ཡལ་བར་གྱུར་བ་ཡིན་བ་དེ་རེད། ངས་རང་གི་སྒེའུ་ཁུང་སྟོང་ལྷང་ལྷང་བྱེད་པ་ཚོར། མི་ཞིག་ལ་ཨ་མ་མེད་པར་གྱུར་བའི་སྟོང་ཆ་དེ་ཕལ་ཆེར་སུ་དང་གང་གིས་ཀྱང་སྐོང་མི་ཐུབ་པ་ནང་བཞིན། ཨ་མ་དྲིན་མོ་ཆེ་ངའི་འཇིག་རྟེན་ནས་མི་སྣང་བར་གྱུར་བའི་སྟོང་ཆ་འདི་རིམ་གྱིས་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་འདུག ང་ལ་མཚོན་ན། ཕྱིར་དྲན་ཁྲོད་ཀྱི་གཞིས་རྙིང་གི་སྒེའུ་ཁུང་དེ་ནི་ཨ་མའི་སྒེའུ་ཁུང་ཡིན་ཏེ། སྒེའུ་ཁུང་དེ་བརྒྱུད་ནས་ངས་ཐོག་དང་པོར་འཇིག་རྟེན་འདིའི་འགྱུར་ཁུགས་ཐོས་པ་དང་ཐོག་དང་པོར་ཕྲུ་གུ་ཞིག་གི་ཞོགས་པའི་དུས་ཚོད་ལ་རོལ་བ་ཡིན། ཨ་མས་ང་ལ་བསྐྱུར་བའི་ཤུལ་བཞག་ནི་ཞོགས་པ་དེའི་གྲག་འགུལ་དེ་དག་ཡིན་ཏེ། དེ་ནི་ཅི་འདྲའི་བབ་ཆགས་ཤིང་ཡིད་དུ་འོང་ལ། སྤྲོ་སྣང་དང་གསོན་ཉམས་ཀྱིས་ཁེངས་བའི་ཞོགས་པ་ཞིག་རེད་ཨང་། ང་ལ་ཨ་མ་འདི་འདྲ་ཞིག་ཡོད་པས། གཞི་ནས་བྱིས་དུས་ཀྱི་ཞོགས་པ་དེ་འདྲ་ཞིག་ཡོད་པར་གྱུར་ཅིང་། དེ་ལྟ་བུའི་ལྷོད་ཉམས་དང་བདེ་འཇགས་ཀྱིས་ཁེངས་པའི་ཞོགས་པ་དེར། འཆར་ཡན་ལ་དགའ་བའི་སྣང་བ་སྤྲོ་པོ་དེ་ཡང་ཞོགས་པའི་སྒེའུ་ཁུང་བརྒྱུད་ནས་ངའི་གཤིས་ཀའི་ལྗོན་ཤིང་ལ་མེ་ཏོག་བཞིན་བཞད་སོང་།

  ལོ་གཅིག་གི་སྔོན་ལ། ཨ་མའི་ཚེ་སྲོག་གི་མཆོད་མེ་རྐང་དེ་རླུང་ཁའི་མར་མེ་བཞིན་ཡོམ་ཡོམ་གཡོས་ནས་གཞིལ་ལ་ཉེ་བར་གྱུར། ང་པེ་ཅིན་ནས་གང་མགྱོགས་ཀྱིས་ཁོ་མོའི་སྔས་འགྲམ་དུ་སླེབ་དུས། ཡོད་ཚད་ལ་ལྡོག་ཐབས་ཅི་ཡང་མེད་པའི་བཟོ་ལྟ་ཤར་འདུག ཡིན་ན་ཡང་ངས་རང་གི་ཨ་མའི་ཉམས་སྣང་ལ་ཉི་ནུབ་སྔ་རོལ་གྱི་ལྷོད་འཇགས་དེ་འཁྱིལ་ཡོད་པ་ཚོར་ཡོང་བ་དང་། མི་ལོ་བརྒྱད་ཅུ་ལྷག་གི་མི་ཚེའི་འགྱུར་ཁུགས་ཀྱི་དབྱངས་རྟ་དེ་ཡང་རིམ་གྱིས་ཞི་ནས་ཞི་བར་འཇགས་བཞིན་འདུག ང་ལ་མཚོན་ན། འཆི་བ་མི་རྟག་པའི་གནས་ལུགས་ཆེན་པོ་དག་ལ་འགྲེལ་བཤད་གཏན་ཚིགས་ཅན་ཤིན་ཏུ་མང་པོ་བསྐྱོན་ཤེས་པའི་ “མཁས་པ”ཞིག་ཡིན། ཡིན་ན་ཡང་། འཆི་གསོན་གྱི་བར་མཚམས་སུ་སླེབས་ཟིན་པའི་ཨ་མའི་ཁ་གཏད་དུ་སྡོད་དུས་གཞི་ནས་རང་གི་ངག་ཡོངས་སུ་ལྐུགས་པ་ཚོར་ཡོང་བ་དང་། སེམས་གསོ་བའི་ཚིག་གཅིག་ཀྱང་ངག་ནས་མི་འཕྲོད་པར་ལུས་སོང་།

  རེད་ཨང་། ང་ནི་ཆུང་ཕྲུ་གུས་དུས་ནས་ཨ་མས་བཟོས་པའི་ཞོགས་པའི་གྲག་འགུལ་གྱི་ཁྲོད་ནས་གཉིད་ལས་སད་ཅིང་ནར་སོན་པ་ཞིག་ཡིན་པ་དང་། དེ་ལྟ་བུའི་གྲག་འགུལ་ཆུང་ངུ་དེ་རིགས་ངའི་རྩ་ལམ་གྱི་ཟུངས་ཁྲག་ཏུ་འདྲེས་ཡོད་པས། གནད་འགག་གི་དུས་སྐབས་འདི་དག་ལ་ཡང་གྲག་འགུལ་ཆེན་པོ་ཅི་ཡང་བཟོ་མི་ཤེས་པ་ཞིག་ཏུ་གྱུར། དེ་བས་ཀྱང་ངེད་ཚང་གི་གཞིས་རྙིང་གི་སྒེའུ་ཁུང་གི་ཤོག་དཀར་དེ་ཡང་དེ་ལྟར་དཀར་གསལ་ཡང་གསལ་ཞིག་རྩ་ནས་མིན་པས། ངས་ཀྱང་དུས་ད་ལྟའི་བར་དུ་འཇིག་རྟེན་འདིའི་འཆི་གསོན་སོགས་དང་འབྲེལ་བའི་གནས་ལུགས་ཆེན་པོ་དག་ལ་ངེས་ཤེས་གསལ་ཐག་ཆོད་པ་ཞིག་ཅི་ཡང་འདྲོངས་མི་སྲིད་པ་འདྲ། ང་དེ་ལྟར་གྲགས་མེད་དུ་ཨ་མའི་གམ་ནས་བསྡད་དེ་ཉིན་མཚན་གང་མང་སོང་བ་དང་། ངས་དུས་ཚོད་ཀྱི་རླུང་བུ་དེ་ཨ་མའི་ཚེ་སྲོག་གི་ཡལ་འདབ་བར་ནས་རིམ་གྱིས་སྐག་ཏེ་རྒྱུ་བ་འགག་བཞིན་པ་མཐོང་བྱུང་། ཡིན་ན་ཡང་། ངའི་མི་ཚེ་འདིའི་ཆེས་ཐོག་མའི་ཞོགས་པའི་དུས་ཚོད་དུ་ཨ་མའི་གྲག་འགུལ་ཡོད་པ་བཞིན། ཨ་མའི་ཆེས་མཇུག་མཐའི་མི་ཚེའི་ཞོགས་པ་རེ་རེར་ང་ཡང་ཁོ་མོའི་གྲག་འགུལ་དུ་གྱུར། ངས་དེ་ལྟར་ཨ་མར་སྐྱེལ་མ་ཞུས།

  ད་ལྟ། པེ་ཅིན་གྲོང་ཁྱེར་གྱིས་ངའི་སྒེའུ་ཁུང་ཕྱི་རོལ་ལ་གྲག་འགུལ་ཆེན་པོ་རེ་བཟོ་བཞིན་འདུག ཟང་ཟིང་དང་འདུ་འཛི་ཆེ་བའི་ཉིན་གཅིག་གི་དུས་ཚོད་ཀྱང་ངའི་ལྷག་བསྡད་ཡོད་པའི་མི་ཚེའི་ནང་དུ་འཚང་ཁ་བརྒྱབ་ནས་སླེབས་བྱུང་། དེ་ལྟར་ལགས་ཀྱང་། ང་འདི་ལྟར་གྲག་འགུལ་ཆུང་ངུས་སྒེའུ་ཁུང་ནང་རོལ་ནས་ཉལ་ཏེ་རང་གི་ཨ་མ་དྲན་བཞིན་བསྡད་ཡོད།

                                                      ༢༠༢༠ལོའི་ཟླ་༣ཚེས་༢༦ཉིན་པེ་ཅིན་ནས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ། 《སྒེའུ་ཁུང》

2020-03-26 ལྷ་བྱམས་རྒྱལ།(པེ་ཅིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།