ཚེ་རིང་དོན་གྲུབ་ཀྱི་ཐོལ་རྩོམ་གསར་པ། 《ཐ་མག》

ཚེ་རིང་དོན་གྲུབ།(ཟི་ལིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-02-09

     ཐ་མག་གམ་ཐ་མ་ཁ་ཞེས་པ་འདི་དང་པོ་ཨ་རབ་ཀྱི་སྐད་དེ ṭabāq ཡིན་པ་དང་།དེ་ནས་དབྱིན་སྐད་དུ་སྒྲ་སྒྱུར་བྱས་པ་ནི tabacco ཡིན་ལ། རྒྱ་ནག་སོགས་མི་རིགས་འགའ་རེ་མ་གཏོགས་རྒྱ་གར་དང་བལ་བོ། སོག་པོ། ཡུ་གུར། ཉི་ཧོང་། བོད་སོགས་ཀྱི་སྒྲ་གདངས་ལ་འགྱུར་བ་ཆེན་པོ་མེད་པར་ཕལ་ཆེར་དེ་ལྟར་འབོད་པར་གྲགས། འབྲེལ་ཡོད་རྒྱུ་ཆ་ལྟར་ན་མིའི་རིགས་ཀྱིས་ཡ་ཐོག་སྤྱི་ཚོགས་ཀྱི་དུས་ནས་རྡོ་ཐ་བེད་སྤྱོད་བཏང་ཡོད་ལ། དེ་ཡང་གསལ་པོར་བཤད་ན་ཆེས་ཐོག་མར་རྡོ་ཐ་བེད་སྤྱོད་གཏོང་མཁན་ནི་མེ་གླིང་ལྷོ་མའི་ཨིན་དིའི་མི་ཡིན་པ་གནའ་དཔྱོད་མཁས་པས་བཤད། ཉི་ཧོང་གི་ངག་རྒྱུན་ལྟར་ན་རྡོ་ཐ་ཆེས་ཐོག་མར་ཉི་ཧོང་དུ་ཁྱེར་ཡོང་མཁན་ནི་བདུད་འདྲེ་ཞིག་ཡིན་ཟེར་བར་མ་ཟད་ད་དུང་ཉི་ཧོང་གི་རྩོམ་མཁན་སྐད་གྲགས་ཅན་ཨ་ཁི་ཐ་ག་བ·ལིག་ནོ་ཟི་ཁེས་ངག་རྒྱུན་དེར་གཞི་བཅོལ་ཏེ《རྡོ་ཐ་དང་བདུད་འདྲེ》ཞེས་པའི་བརྩམས་སྒྲུང་གྲགས་ཅན་ཞིག་ཀྱང་བྲིས་ཡོད།

  བོད་ལའང“བདུད་མོའི་མངལ་ཁྲག་ལས་སྐྱེས་ཐ་མ་ཁ”ཟེར་བའམ“རྡོ་ཐ་ནི་འདྲེ་མོ་ཞིག་གིས་སྨོན་ལམ་ལོག་འདེབས་བྱས་པ་ལས་སྐྱེས་པས་ལོབས་སླ་ཞིང་གཅོད་དཀའ”ཟེར་བའི་ངག་རྒྱུན་ཡོད་པ་དང་། མཁས་པའི་བསྟན་བཅོས་ནའང་“བདུད་ཀྱི་དམོད་པ་ལས་སྐྱེས་ཐ་མ་ཁ།།”(ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་《གནས་བརྟན་ཚུལ་ཁྲིམས་མེ་ལོང་དང་དགེ་ཚུལ་ཤེས་རབ་རལ་གྲི་གཉིས་ཀྱི་འབེལ་གཏམ་རྐང་ལ་ཟུག་པའི་མེ་བཙའ་ཞེས་བྱ་བ་བཞུགས་སོ》)ཞེས་གསུངས་ཡོད་མོད། འོན་ཀྱང་བདུད་འདྲེ་ཕོའམ་མོ་དེ་དུས་རབས་གང་དང་རྒྱལ་ཁབ་གང་གི་བདུད་འདྲེ་ཡིན་པའི་སྐོར་གྱི་ངག་རྒྱུན་ཐོས་མ་མྱོང་ལ་འབྲེལ་ཡོད་རྒྱུ་ཆའང་མཐོང་མ་མྱོང་། བདག་ཅག་གི་སྟོན་པའི་རྣམ་ཐར་གྲགས་ཅན《སྤྲིན་དཀར་ལམ་རྙིང》དུ་རྡོ་ཐ་ཞེས་པའི་ཐ་སྙད་འདི་མཐོང་རྒྱུ་མེད་པ་དང་། 《འདུལ་བ》ནའང་དགེ་ཚུལ་སློང་གིས་རྡོ་ཐ་འཐེན་མི་ཆོག་པའི་ཁྲིམས་མེད་པས་ན་རྒྱ་གར་དུ་མ་མཐའ་ཡང་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་དུ་རྡོ་ཐ་བེད་སྤྱོད་གཏོང་མཁན་མེད་པ་འདྲ།

  རྒྱལ་ཁབ་གཞན་དང་མི་རིགས་གཞན། ས་ཁུལ་གཞན་གྱི་མི་རྣམས་ལ་ཐ་མག་ཇི་ལྟར་ལོབས་པའི་སྐོར་ང་ལ་དེ་འདྲའི་གསལ་ཆ་མེད་མོད། འོན་ཀྱང་འབྲོག་པ་མང་ཤོས་ལ་ཕྱུགས་ཟོག་འཚོ་སྐབས་ལོབས་པ་ཡིན་ཏེ། དེ་ཡང་མི་དར་མ་ཚོས་ཧ་ཅང་ཞིམ་པའི་ཉམས་ཀྱིས་ཐ་མག་རྔམ་འཐེན་བྱས་ཚེ་གཡག་གོང་ནོན་མི་ནོན་ཙམ་གྱི་ཕྲུ་གུ་སྣབས་དྲུད་ཚོས་འགྲམ་ཆུ་ལྡང་བ་དང་། ཐ་མག་འཐེན་པ་འདི་ད་གཟོད་ཕོ་ཁྱོ་གའི་རྟགས་མཚན་རྣལ་མ་རེད་བསམས་ཏེ་ངོ་ཕོད་ཅན་གྱི་ཕྲུ་གུ་ལ་ལས་འཇིབ་གཅིག་ལེན་དུ་འཇུག་པའི་རེ་བ་བཏོན་པ་ན་ལ་ལས་རྒྱང་རིང་དུ་བཤར་བཞིན་པའི་ནོར་ཁྱུའམ་ལུག་ཁྱུ་ཕྱིར་དེད་ཡོང་དགོས་པའི་ཆ་རྐྱེན་འདོན་པ་དང་། ལ་ལས་ཆ་རྐྱེན་ཅི་ཡང་མེད་པར་འཇིབ་རེ་ལེན་དུ་འཇུག ཐ་ན་མ་རབས་ལ་ལས་བཙན་གྱིས་མང་ཙམ་འཐེན་དུ་བཅུག་སྟེ་ཕྲུ་གུ་ཚོ་གློ་ལུ་དྲག་པོ་རྒྱག་པ་དང་མགོ་ཡོམ་འཁོར་ནས་སྐྱུག་ཏུ་བཅུག་རྗེས་ད་གཟོད་དགའ་འོས་པའི་དོན་ཆེན་ཞིག་འགྲུབ་པ་ལྟར་ཧབ་ཆ་ཐག་གེར་རྒྱག ། ཕྲུ་གུ་འགའ་རེས་དེ་ནས་བཟུང་ཐ་མག་ཅེས་པའི་ཐ་སྙད་འདི་གོ་ན་མགོ་འདར་ཏེ་ཚེ་གང་བོར་ཐ་མག་དང་རིང་དུ་གྱེས་པ་དང་། འགའ་རེས་ནི་དེ་ལྟར་ཐེངས་འགར་འཐེན་ནས་རིམ་བཞིན་དབྱིངས་ཞུགས་རྗེས་ཕྲུ་གུ་མང་པོ་ཨ་ཕ་དང་ཡང་ན་ཕུ་བོ། ཡང་ན་ཁྱིམ་མཚེས་ཚང་གི་རྡོ་ཐ་རྐུ་མཁན་དུ་གྱུར་ཏེ་ཁ་སོས་སུ་མི་འཇུག་ལ། དེ་དུས་ངས་གསང་དུ་འཐེན་བཞིན་ཡོད་ཟེར་བ་ལས་ངས་རྐུ་དུ་འཐེན་བཞིན་ཡོད་མི་ཟེར་ནའང་ངོ་བོ་རྐུན་མ་ཡིན། རྐུན་མ་ཡིན་ན་ནམ་ཞིག་ལྷང་ལ་འབུད་དུས་ཤིག་ཡོད་ལ། དེ་དུས་འགྲམ་ལྕག་ཚ་བེར་བེར་རེ་ཉོ་སྲིད་པ་བཤད་ཅི་དགོས། ཡིན་ནའང་རིམ་བཞིན་ཁྱིམ་བདག་ཚོའང་ཐབས་ཟད་དེ་ཕྲུ་གུ་ཐ་ཤལ་དེ་རྒྱ་ཡན་དུ་མི་གཏོང་ཐུ་མེད་རེད། མཇུག་མཐར་དེ་བས་ཀྱང་ཐབས་ཟད་འུ་ཐུག་ནས་ལག་ལ་སྒོར་མོ་དང་ཀོ་ལྤགས། མར་ཕྱུར་རེ་བཞག་ནས་རྡོ་ཐ་དང་ཐ་མག་ཉོ་རུ་བཅུག་སྟེ་འབྲོག་པ་ཚོས་བཤད་སྟངས་ལྟར་ན“ལྟོ་ལྷག་ཅན”དུ་གྱུར་པ་རེད།

  ངའི་དྲན་པས་ཟིན་དུས་ཀྱི་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་སྨད་དང་བདུན་ཅུའི་སྟོད་ཙམ་ལ་འབྲོག་པ་འགའ་རེས་ཟངས་དམར་ཟངས་སེར་གྱི་རྭ་ཙེ་ཟད་པོ་མཐོ་གང་ཙམ་བཟུང་ནས་རྡོ་ཐ་འཐེན་གྱི་ཡོད་པ་དང་། ཡང་འགའ་རེས་བ་གླང་གི་རྭ་ཅོ་དཀར་ནག་བཟུང་ནས་ཁ་ཆུ་མིག་ཆུ་བཞུར་ཞོར་སྣ་ཐ་ངན་ངོན་འཐེན་གྱི་འདུག ངས་ད་དུང་ཐ་མག་དང་སྣ་ཐ་གཉིས་ཀ་འཐེན་མཁན་ཡང་མཐོང་མྱོང་ལ། དེ་ནི་ཅི་འདྲ་ཞིག་རེད་ཟེར་ན་རྡོ་ཐ་འཐེན་མཁན་རྣམས་ཅི་ཙམ་རྫོབ་པོ་ཡིན་པ་དེ་ལས་ལྡབ་གཉིས་ཀྱིས་རྫོབ་པོ་རེད། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་ཡོང་བ་དང་བསྟུན་ནས་ས་གནས་ལས་བྱེད་པ་གཙོ་བྱས་པའི་འབྲོག་པ་ལ་ལས་ཀྱང་གཙོད་རྭའི་མགོ་རྔ་དངུལ་གྱིས་ཤན་པ་དང་། དངུལ་གྱི་སྟེང་ལ་གཡུ་བྱུར་གྱིས་ཕྲ་རྒྱན་བཏབ་སྟེ་རིང་ཚད་ལ་སྤྱི་ཁྲུ་གཅིག་གཉིས་དང་ལྗིད་ཚད་ལ་སྤྱི་རྒྱ་གཅིག་གཉིས་ཅན་གྱི་རྭ་ཙེ་རྫིག་པོ་འཛིན་གྱིན་ཡོད་པས་དེ་རྡོ་ཐ་འཐེན་བྱེད་ཀྱི་ནུས་པ་ལས་རྒྱན་ཆའི་ནུས་པ་ཆེ་བ་ནི“རྡོ་ཐ་ལོ་མ་རྩྭ་རེད/རྩྭ་འཐེན་ན་ཕན་པ་མེད་རུང/ངའི་གཙོད་རྭའི་རྭ་ཙེར་འདང་ཆེ……”ཞེས་པའི་དམངས་གླུ་ལྟ་བུ་ཞིག་ཡོད་པས་ཀྱང་ར་སྤྲོད་བྱེད་ཐུབ། རིམ་བཞིན་རྭ་ཙེ་དངུལ་ཤན་མ་དེ་དག་ལས་འགའ་རེ་ཅ་ལག་རྙིང་བ་ཉོ་མཁན་གྱི་ལག་ལ་ཤོར་ཞིང་དེ་ནས་འགྲེམ་སྟོན་ཁང་དུ་ཉར་ཚགས་བྱས་ཡོད་པ་དང་། འགའ་རེ་བཞུས་ནས་དངུལ་གྱི་མཆོད་ཀོང་བཟོས་ཏེ་ལྷ་ཁང་གསེར་ཁང་ན་ཡོད་པ་ལས་ད་ལྟ་དམངས་ཁྲོད་དུ་ཕལ་ཆེར་མཐོང་རྒྱུ་མི་འདུག དེ་ཡང་ད་ལྟ་བོད་ཡུལ་དུ་རྡོ་ཐ་བེད་སྤྱོད་གཏོང་མཁན་མེད་པ་མ་ཡིན་པར་ཐ་མག་གམ་ཤོག་དུ་དར་བས་རེད། ཞིང་འབྲོག་མང་ཚོགས་ཀྱིས་ཐ་མག་སྒམ་ཆུང་གཅིག་ལ་སྒོར་མོ་ལྔ་དྲུག་ཅན་འཐེན་པ་ནས་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་ཀྱིས་སྒོར་མོ་ལྔ་བཅུ་དྲུག་ཅུ་ཅན་འཐེན་པ་སོགས་སོ་སོའི་དཔལ་འབྱོར་གྱི་ཆ་རྐྱེན་དང་ལག་ན་དབང་ཆ་ཡོད་མེད་ལ་རག་ལས་ཡོད།

  རྡོ་ཐ་ལ་ཟུག་སློང་དང་ངལ་སོས་སོགས་ཀྱི་ཕན་ནུས་ཡོད་ནའང་གང་ལྟར་དེ་བདུད་འདྲེ་དང་འབྲེལ་བ་ཡོད་པས་ན་ཕན་པ་ལས་གནོད་པ་ཆེ་བ་བཤད་ཅི་དགོས། དེ་མི་ལུས་བདེ་ཐང་ལ་གནོད་པ་ཆེ་བ་དང་རང་བྱུང་མཁའ་དབུགས་སྦགས་བཙོག་བཟོ་བར་མ་ཟད་སྤྱི་ཚོགས་མཁའ་དབུགས་ཀྱང་སྦགས་བཙོག་བཟོ་བ་ནི་དཔེར་ན་དཔལ་འབྱོར་ཆུ་ཚད་དམའ་བའི་ས་ཆ་ཆུང་ངུར་ལྟག་སྒོ་འགྲོ་བྱེད་གཙོ་བོ་ཞིག་ཡིན་པ་ལྟ་བུ་རེད། དཔེར་ན་སྔོན་ཆད་ངེད་ཚོའི་རྫོང་ལ་འགོ་གཙོ་ཞིག་ཡོད་པ་ནི་ཐ་མག་ཆེས་བཟང་གྲས་ཁོ་ན་འཐེན་མཁན་ཞིག་ཡིན་ནའང་དེ་དུས་ཁོ་རང་གིས་ཐ་མག་རྐང་གཅིག་ཀྱང་ཉོ་མྱོང་མེད་པ་ངས་ཁ་ཚོན་བཅད་ནས་བཤད་ཕོད། དེས་མི་ཚད་ཁོའི་ཐ་མག་འཐེན་སྟངས་ནི་ཧ་ཅང་མཐོང་དཀོན་པོ་ཡིན་ཏེ། ཐ་མག་རྐང་རེར་འཇིབ་གཉིས་གསུམ་རེ་བླངས་རྗེས་སར་གཡུགས་ཏེ་སླར་ཡང་རྐང་གཅིག་ལ་མེ་བསྒྲོན་པས་ན་རང་དབང་མེད་པར“ཆུད་ཟོས”ཞེས་པ་འདི་ཡིད་ལ་དྲན་ཡོང་བ་དང་། གལ་ཏེ་ར་ལོ་ཁོའི་ཞབས་ཞུ་བ་ཡིན་ཚེ་ཐ་མག་བཟང་པོ་གང་འདོད་དུ་འཐེན་རྒྱུ་ལོས་ཡོད་བསམ། དེ་ལྟར་ཁོས་ཉིན་གཅིག་ལ་མ་མཐའ་ཡང་ཐ་མག་སྒམ་ཆུང་བཞི་ལྔ་རེ་འཐེན་པའམ་བརླགས་པ་དེའི་རིན་ཐང་ནི་དམངས་སྒོར་སུམ་བརྒྱ་བཞི་བརྒྱ་དང་། ཟླ་རེར་ཆིག་ཁྲི་ཡས་མས་ཡིན་ལ། དེ་ནི་སྐབས་དེའི་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་ཅིག་གི་ཟླ་ཕོགས་རེད། ལོ་གཉིས་ཀྱི་སྔོན་ལ་ཁོ་རང་རྒན་ཡོལ་བྱས་ཟིན་པ་དང་། ཉེ་སྔོན་ངེད་གཉིས་ངོ་ཐུག་ནས་ཆུ་ཚོད་གཅིག་ཡས་མས་ལ་ཁ་བརྡ་བྱས། ཁོས་ངའི་ཐ་མག་ལས་ཀྱང་རིན་གོང་ལྡབ་གཅིག་ལྷག་གིས་དམའ་བ་དེའི་རིགས་འཐེན་གྱིན་ཡོད་ལ། དེ་ཡང་རྩེ་ནས་རྩ་བར་དང་། དེ་ནས་ཁ་འཛིན་ཡང་ཚིག་རེག་བར་དུ་གཙང་བཞེས་བྱས་པས་ན་རང་དབང་མེད་པར“གྲོན་ཆུང”ཞེས་པ་འདི་ཡིད་ལ་དྲན་བྱུང་། ཀྲུང་དབྱང་གི“གཏན་ཁེལ་བརྒྱད”བཀྲམ་པ་ནས་དཔོན་པོ་མང་ཤོས་ཀྱིས་ཐ་མག་གདར་ཚད་གཅིག་ལ་སྒོར་མོ་ཆིག་སྟོང་ཅན་དེའི་རིགས་འཐེན་ཕོད་ཀྱིན་མེད་ལ། ལ་ལ་ཐབས་ཟད་འུ་ཐུག་སྟེ་ཐ་མག་བཟང་ངན་གཉིས་བཟུང་ནས་མི་མང་འཚོགས་ས་དང་བརྙན་མིག་ཡོད་སར་ཐ་མག་ངན་པ་དེ་འཐེན་པ་དང་། རང་ཁྱིམ་དང་ཡང་ན་མི་ཆ་མེད་མེད་སར་སྔར་བཞིན་ཐ་མག་བཟང་པོ་འཐེན་གྱིན་འདུག

  ཆང་རག་ཐ་མག་ལ་ཁྱོད་དང་ང་མེད་ཟེར་སྲོལ་ཡོད་མོད། འོན་ཀྱང་མི་འགའ་རེས་ནི་གཞན་གྱིས་ཅི་ཙམ་བྱིན་ན་དེ་ཙམ་ལེན་པ་ལས་རང་གིས་ནམ་ཡང་གཞན་ལ་རྐང་གཅིག་ཀྱང་སྟེར་མི་སྲིད། སྔོན་ཆད་ང་ལ་ལས་གྲོགས་ཤིག་ཡོད་པ་དེ་ཏག་ཏག་དེ་འདྲ་ཡིན་ཏེ། ཁོས་ནམ་རྒྱུན་ཟངས་སེར་གྱི་རྭ་ཙེ་ཆུང་ངུ་ཞིག་བཟུང་སྟེ་དྲི་ངན་འཐུལ་བའི་རྡོ་ཐའི་ལོ་མ་འཐེན་བཞིན་ཡོད་ལ། མ་མཐའ་ཡང་གཞན་གྱི་མཐོང་སར་དེ་ལྟར་ཡིན། ཁོས་བཤད་ན་ཤོག་དུ་འཐེན་ན་དུ་སྐོམ་མི་སོད་ཟེར་མོད། དགོད་བྲོ་བ་ཞིག་ལ་གཞན་གྱིས་ཁོ་པར་ཐ་མག་བཟང་ངན་ཅི་ཙམ་བྱིན་ན་དེ་ཙམ་ལེན། གལ་ཏེ་ཁོའི་ལག་ན་མེ་བསྒོས་མ་ཐག་པའི་ཐ་མག་ཅིག་ཡོད་ཚེ་གཞན་གྱིས་བྱིན་པའི་ཐ་མག་དེ་རྣ་ཅོག་གཡས་པར་འགེལ་བ་དང་། ཡང་གཅིག་བྱིན་ན་རྣ་ཅོག་གཡོན་པར་འགེལ། དེ་ནས་ཡང་གཅིག་བྱིན་ཚེ་ལག་ལ་བཟུང་ནས་ཅུང་ཙམ་བསྡད་རྗེས་རིམ་བཞིན་ཁུག་མར་འཇུག དེ་ལྟར་ཁོ་པར་ཉིན་རེར་མ་མཐའ་ཡང་ཐ་མག་རྐང་བཅུ་ཡས་མས་རག་གི་ཡོད། མཚམས་རེར་ལས་ཁུངས་ནས་གཞུང་སྒོར་གྱིས་ཟ་མ་བཟའ་བ་དང་། ཡང་ན་ལས་གྲོགས་ལ་ལར་རྩོམ་ཡོན་རེ་འབྱོར་ནས་མགྲོན་བྱེད་དུས་ཁོ་རང་སྔ་བ་གསུམ་གྱི་སྔོན་མ་ཡིན་མོད། འོན་ཀྱང་མཚམས་རེར་སྒེར་ནས་སྒོར་མོ་བསྡུས་ཏེ་ཟ་ཁང་དུ་འགྲོ་དུས་ཁོས་ཁ་གཡོར་ས་སྣ་ཚོགས་བཙལ་ནས་གཡོལ་ཐབས་བྱེད། ཐེངས་ཤིག་ལས་ཁུངས་ཟ་མ་བཟའ་རུ་འགྲོ་སྐབས་ངས“འགོ་ཁྲིད་ཀྱིས་ད་ཐེངས་ཟ་མ་ཟོས་རྗེས་འགྲོ་སོང་སོ་སོའི་ལག་ནས་བསྡུ་དགོས་ཟེར་གྱིན་འདུག”ཅེས་ཀུ་རེ་བྱས། བློ་ཡུལ་ལས་འདས་པ་ནི་ཁོ་པ་ལམ་བར་དུ་གར་སོང་ཆ་མེད་དུ་གྱུར། དེའི་ཕྱིར་ངས་ནམ་རྒྱུན་འདི་ཚང་གི་ཞལ་ཟས་ནི་ཁྱི་ལྟོ་ལའང་དོ་མིན་དང་། ཡང་ན་མི་གཞན་མེད་དུས་ཁོས་རྒྱས་ཟ་རྒྱས་འཐུང་བྱེད་ཀྱི་ཡོད་མེད་ལ་བསམ་བློ་གཏོང་གིན་འདུག འདི་ལྟར་བཤད་ཚེ་ཁྱོད་ཀྱི་སེམས་ལ“སྙིང་རྗེ། མི་དེ་འབྱོར་བ་ཞན་པ་ལོས་ཡིན”བསམས་པར་སྲིད་ཀྱང་། དོན་ལ་ཁྱོད་རང་རྦད་དེ་ནོར་འདུག་སྟེ། གང་ཡིན་ཟེར་ན་ཁོ་པ་ནི“ཕྱུག་པོ་སེར་སྣ་ཅན་དེ་དབུལ་པོ་ལས་ཀྱང་ཐུ”ཟེར་བ་དེའི་རིགས་ཡིན་ནོ།།

  འཇིག་རྟེན་འདི་ན་བྱ་དངོས་ཅི་ཙམ་ཡོད་ན་རྒྱལ་ཁམས་འདི་ན་རྫུན་མའང་དེ་ཙམ་ཡོད་དེ། ཟས་རིགས་རྫུན་མ་དང་གྱོན་ཆས་རྫུན་མ། སྨན་རྫས་རྫུན་མ་དང་སྒོར་མོ་རྫུན་མ། དཔེ་ཆ་རྫུན་མ་དང་གསར་འགྱུར་རྫུན་མ། ཨ་ཕ་རྫུན་མ་དང་གྲོགས་པོ་རྫུན་མ། ཆང་རག་རྫུན་མ་དང་ཐ་མག་རྫུན་མ་སོགས་བགྲང་གིས་མི་ལང་ལ། ལྷག་པར་དུ་ཚོང་རྫས་གང་ཞིག་ཅི་ཙམ་བྲིན་པ་དང་རིན་གོང་ཅི་ཙམ་མཐོ་ན་རྫུན་མའང་དེ་ཙམ་མང་། ང་རང་དུ་ཆང་རྫུན་མར་འཕྲད་པ་བགྲང་གིས་མི་ལང་ལ། དེ་དག་མང་ཤོས་ད་ལྟ་ཕལ་ཆེར་བརྗེད་ཟིན་མོད། འོན་ཀྱང་ཕན་ཚུན་བརྩེ་འདང་ཆེ་བར་རློམ་པའི་མི་ཞིག་གིས་ང་ལ་ཐ་མག་རྫུན་མ་ཞིག་བྱིན་པ་དེ་ནི་ནམ་ཡང་བརྗེད་ཐབས་མེད་དེ། དེ་ཡང་ཁོས་ཡར་ཞུ་ཡི་གེའམ་ཡང་ན་གཏུག་ཡིག་ཅིག་འབྲི་རོགས་བྱེད་དགོས་པའི་རེ་བ་བཏོན་པ་ལྟར་ང་རང་ཁོའི་ཁྱིམ་ལ་སོང་ནས་ཕྱིར་ཡོང་ཁར་ཁོས་ཧ་ཅང་གཏོང་ཕོད་ཆེ་མདོག་དང་འདང་རྩིས་ཆེ་མདོག་གིས་གདར་ཚད་གཅིག་ལ་སྒོར་མོ་ཆིག་སྟོང་ཅན་གྱི་ཐ་མག་བཟང་པོ་ཤོག་སྒམ་འགའ་ཨུ་ཚུགས་མཐར་སྐྱེལ་གྱིས་ངའི་ཁུག་མར་བཅུག ཏག་ཏག་ལམ་བར་དུ་ངའི་ཐ་མག་ཚར་སོང་བས་མི་དེས་བྱིན་པའི་ཐ་མག་སྒམ་ཆུང་གཅིག་གི་ཁ་གཏེད་པ་ན་ཕལ་ཆེར་རྫུན་མ་ཡིན་པ་ངོས་ཟིན་ནའང་ད་དུང་སོམ་ཉིའི་ངང་འཇིབ་གཅིག་བླངས་ཚེ་དེ་མ་ཐག་ཁ་ལྕེའང་སྦྲིད་སོང་། གལ་ཏེ་གདར་ཚད་དེའི་ཁ་གཏེད་མེད་ན་མི་དེས་ཀྱང་རྫུན་མ་ཡིན་པ་ཤེས་མེད་ཀྱང་སྲིད་མོད། འོན་ཀྱང་ཁོས་རྫུན་མ་ཡིན་པ་ཤེས་རྗེས་ཁྱིམ་ལུད་དུ་གཡུག་མ་ཕོད་པར་མ་ཟད་ད་དུང་གཏོང་ཕོད་ཆེ་མདོག་དང་འདང་རྩིས་ཆེ་མདོག་གིས་ང་ལ་བྱིན་པ་དེས་ངེད་གཉིས་ཀྱི་མཛའ་བརྩེ་དེའང་རྫུན་མ་ཡིན་པ་ར་སྤྲོད་བྱས་སོང་།

  སྤྱིར་ན་ཁྱི་སྐྱག་ནང་ན་གཙང་བཙོག་བསལ་རྒྱུ་མེད་པ་ནང་བཞིན་ཐ་མག་དང་སྣ་ཐ་འཐེན་མཁན་ཚང་མ་ཧ་ཅང་རྫོབ་པོ་ཡིན་པ་སྨོས་མ་དགོས་མོད། འོན་ཀྱང་ཞིབ་ཏུ་བརྟགས་ན་ཐ་མག་འཐེན་མཁན་ལ་ལ་ནི་ཅུང་བག་ཡོད་ཚུལ་ལྡན་ཡིན་ཏེ། མ་མཐའ་ཡང་མི་མང་འཚོགས་ས་དང་། ལྷག་པར་དུ་ནར་མ་སོན་པའི་ཕྲུ་གུ་དང་དགུང་ལོ་བགྲེས་པ་ཡོད་ས། འདྲིས་ལོབས་མེད་པའི་གཞན་ཁྱིམ་སོགས་སུ་ཐ་མག་མི་འཐེན་པ། དུ་སྣེ་གང་སར་མི་གཡུག་པ། ཧེ་ཧེ། དཔེར་ན་དེང་སྐབས་ཀྱི་ང་རང་ལྟ་བུ་རེད།

  ཐ་མག་འཐེན་མཁན་རྫོབ་པོ་ཟེར་ན་སྔོན་གྱི་ང་ཚོའི་རྫོང་ཨུའི་རླངས་འཁོར་ཁ་ལོ་བ་ཏིང་ཡིན་ཏེ། ཁོ་པར་འབྱོར་བ་ཞན་པའི་ཁར་འཆར་ལྡན་བུ་སྐྱེའི་སྲིད་ཇུས་ཧ་ཅང་དམ་དྲག་ཡིན་པའི་དུས་དེར་ཡང་བྱིས་པ་ལྔ་དྲུག་ཙམ་ཡོད་ལ། འུད་བརྗོད་བྱེད་པར་དགའ་བའི་འབྲོག་པ་ཚོའི་བཤད་ཚུལ་ལྟར་ན“ཏིང་ཚང་ལ་བྱིས་པ་སྲེག་ཕྲུག་བཞིན་དུ་མང་།”ཟེར་བ་དེ་རེད། འོན་ཀྱང་ཁོའི་ཐ་མག་ལ་ཚོད་འཛིན་མེད་པར་མ་ཟད་རང་ཁྱིམ་དང་གཞན་ཁྱིམ། ཟ་ཁང་དང་སྤྱོད་ཁང་། རླངས་འཁོར་ནང་དང་གཞུང་ལས་ཁང་སོགས་ཐ་མག་མི་འཐེན་སའི་གནས་གཅིག་ཀྱང་མེད་པར་མ་ཟད་ཁོ་རང་སོང་ས་བསྡད་ས་ན་ཐལ་བ་དང་དུ་སྣེས་ཁེངས་འདུག དེས་མི་ཚད་ཁོ་རང་གི་རྐང་སྣམ་དང་སྟོད་གོས་ཀྱི་མདུན་ངོས་ཡོངས་རྫོགས་ཨི་ཁུང་གིས་ཁྱབ་སྟེ“དཀོན་མཆོག་མཁྱེན། འདི་སྦག་སྦག་མེ་མདའི་ཁ་ལ་ལྷུང་བ་མིན་ནམ། འདི་ད་རུང་གསོན་པོར་གནས་པ་ཡ་མཚན་ཆེ།”སྙམ་པའི་ཚད་དུ་འདུག

  ཐ་མག་འཐེན་མཁན་སྐྱིད་པོ་ཞིག་བཤད་ན་ཟུར་ཟ་དང་ཁ་མཚར་གྱི་བདག་ཉིད་ཆེན་པོའམ་ཨ་རིའི་རྩོམ་མཁན་གྲགས་ཅན་མཱར་ཁི·ཐུ་ཝུན(Mark Twain)ལས་གཞན་མེད་དེ། ཁོང་གི་བརྩམས་སྒྲུང་ནང་བཞིན་ཟུར་ཟ་དང་ཁ་མཚར་གྱིས་ཡོངས་སུ་ཁེངས་པའི་ཁོང་གི་རྣམ་ཐར་ལྟར་ན་ཁོ་པ་ནི་གཉིད་རེག་བར་དུ་ཐ་མག་ལག་ནས་མི་གཏོང་མཁན་དེའི་རིགས་ཡིན་པ་དང་། མཚམས་ཤིག་ཁོང་གིས་ཀྱང་རང་གི་ཐ་མག་འཐེན་སྟངས་འདི་ཅུང་ཙམ་ཚད་ལས་བརྒལ་འདུག་བསམས་ཏེ་ཉིན་རེར་ཐ་མག་རྐང་རེ་མ་གཏོགས་མི་འཐེན་ཁོ་ཐག་ཡིན་ཞེས་ཁྱབ་བསྒྲགས་བྱས། ཁོང་ནི་དངོས་གནས་ཁ་བཤད་དོན་ལ་གནས་མཁན་ཞིག་ཡིན་ཏེ། ཉིན་རེར་ཐ་མག་རྐང་རེ་མ་གཏོགས་མི་འཐེན་པ་དང་། ཐ་ན་ཉིན་རེར་རྐང་རེའང་འཐེན་ཚར་གྱི་མེད། ཡིན་ནའང་ཐ་མག་དེ་ནི་ཁོང་གིས་ཐ་མག་བཟོ་གྲྭ་ལ་ཆེད་དུ་བཟོ་རུ་བཅུག་པ་ཞིག་ཡིན་ཏེ། སྦོམ་ཕྲ་དང་རིང་ཐུང་གང་གི་ཆ་ནས་ཀྱང་ཕྲུ་གུ་ལོ་གཅིག་ཅན་གྱི་ལག་ངར་དང་གཉིས་སུ་མེད་དོ།། མ་ཐག་ལ་གནོད་སྐྱོན་ཆེ་བ་མི་མང་པོས་ངོས་ཟིན་བཞིན་ཡོད་པས་དེ་གཅོད་མཁན་ཇེ་མང་ཡིན་ལ། ཕངས་པ་ཞིག་ལ་བཅད་ནས་སླར་ཡང་འཐེན་མཁན་ཡང་ཡོད། དེས་ན་ཐ་མག་ནི་མི་ཞིག་ལ་བརྟན་ཚུགས་ཡོད་མེད་དམ་ཤ་གསེང་ན་རུས་པ་ཡོད་མེད་བརྟག་བྱེད་ཅིག་ཀྱང་ཡིན་ཏེ། ལ་ལས་ད་ནས་བཟུང་ཐ་མག་མི་འཐེན་ཟེར་བ་ཙམ་ལས་ཆོ་ག་ཅི་ཡང་མེད་ནའང་ཕོ་རབ་ཚིག་ཐོག་དང་འཕར་བ་རྗེས་ཐོག་གི་དཔེ་ལྟར་ཚེ་གང་བོར་མ་ཐག་མི་འཐེན་ལ། ཡང་འགའ་རེས་ཨ་ཕའི་ཤ་དང་ཨ་མའི་ཁྲག ཨ་ལགས་ཚང་གི་སྐུ་དང་ས་ཁ་ས་ཐོག་གི་ཆོས། སྐུ་འབུམ་གསེར་གདུང་དང་ལྷ་སའི་ཇོ་བོ་སོགས་ཁ་ནང་ལ་གང་ཡོང་གི་མནའ་བོར་ནའང་དེའི་ཕྱི་ཉིན་དང་ཡང་ན་ཉིན་འགའི་རྗེས། ཡང་ན་ལོ་འགའི་རྗེས་སུ་བསང་ཕུལ་པ་ནང་བཞིན་སྔོ་ཤུར་ཤུར་འཐེན་གྱི་ཡོད་པར་མ་ཟད་སྔར་ལས་ཀྱང་དུ་ཧམ་ཇེ་ཆེར་གྱུར་འདུག ཡང་བསྐྱར་མནའ་རྒན་གྲངས་མེད་དང་མཉམ་དུ་བཅད་ཅིང་སླར་ཡང་འཐེན། དེ་ལྟར་མཚམས་ཤིག་ཐ་མག་ཐེངས་ཅི་ཙམ་བཅད་པ་ཁོ་རང་གིས་ཀྱང་མི་དྲན་ལ། ད་དུང་ཐེངས་ཅི་ཙམ་གཅོད་རྒྱུ་ཡིན་པ་དཀོན་མཆོག་གིས་ཀྱང་མི་མཁྱེན་ནོ།།

  དེ་ཡང་ཐ་མ་ཁའི་ཉེས་པ་ཞིབ་ཏུ་ཤེས་བསམ་ན་百度ནང་དུ“烟草的危害”བཙལ་ནས་བལྟས་ཆོག་པ་ལས་ང་རང་ནི་ཐ་མག་འཐེན་མཁན་ཞིག་ཡིན་པས་ན་ཐ་མག་གི་ཉེས་པ་བཤད་པའི་ཐོབ་ཐང་མེད། གལ་ཏེ་ཨུ་ཚུགས་ཀྱིས་བཤད་ན་སྔོན་ཆད་ལྐོག་ཏུ་ཐ་མག་འཐེན་མཁན་གྱི་གྲྭ་བ་མང་བའི་དགོན་པ་ཞིག་གི་དགེ་བསྐོས་ཀྱིས་གྲྭ་བ་ཚོར་ཐ་མག་ལ་ཉེས་པ་ཆེ་རབས་དང་། དེ་འཐེན་མི་ཆོག་ཅེས་རྔམ་རྔམ་རྫིག་རྫིག་གིས་ཚོགས་གཏམ་གཏོང་སྐབས་ཏག་ཏག་རང་གི་རུམ་ན་རྭ་ཙེ་ཆུང་ངུ་ཞིག་ཡོད་པ་དེ་ས་ལ་ལྷུང་བས་ཁོ་རང་རྟབ་རྟབ་པོར་གྱུར་ཏེ་ཅི་བཤད་འདི་བཤད་མེད་པར་འདི་འདྲའི་རྭ་ཙེ་ཆུང་ཆུང་བཟུང་ན་ཆོག་ཅེས་ངག་ལས་ཤོར་བ་དེའི་རྗེས་སུ་འགྲོ་ཉེན་ཆེ་བས་ད་ནི་མཚམས་འཇོག་པར་བྱའོ།།

                                                              2021ལོའི་ཟླ་དང་པོར།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཚེ་རིང་དོན་གྲུབ་ཀྱི་ཐོལ་རྩོམ་གསར་པ། 《ཐ་མག》

2021-02-09 ཚེ་རིང་དོན་གྲུབ།(ཟི་ལིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།