ཁོ་བསྟན་རྗེས་དྲན།---ངེད་གཉིས་གནས་མ་ཞིག་གི་འཇིག་རྟེན་ནས་ངོ་ཤེས་པ་ཡིན།

འཇམ་དཔལ་རྡོ་རྗེ།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-04-30

  སྐུ་ཞབས་ཁོ་བསྟན་ངེད་གཉིས་དང་ཐོག་གནས་མ་ཞིག་གི་འཇིག་རྟེན་ནས་ངོ་ཤེས་པ་ཡིན། དེ་དུས་ཁོའི་མིང་ལ་རྨ་ཁྲག་ཟེར། དེ་དུས་ཁོ་ནི་བརྩེ་དུང་གི་དམྱལ་ཁམས་འགྲིམས་པའི་ཡུལ་གྱར་འཁྱམ་པོ་ཞིག་རེད།

  གཅིག

  ང་རང་དམའ་འབྲིང་འགྲིམས་པའི་དུས་ཀྱི་དབྱར་ཁའི་གུང་གསེང་གི་སྐབས་ཤིག་ལ་དགོན་པའི་ནང་དུ་སོང་ནས་ཉིན་འགར་བསྡད་པ་ཡིན། ཉིན་དཀར་གནམ་གཤིས་ཡག་དུས་ཕུ་བོའི་གྲྭ་ཤག་གི་སྟེང་དུ་རྡོ་རིལ་དྲུད་པ་ཡིན། གྲྭ་ཤག་གི་རྒྱབ་ལོགས་སུ་དགོན་པའི་གཞུང་ལམ་ཡོད། གཡོན་ཕྱོགས་སུ་སྐོར་ལམ་ཡོད་པ་དང་དེའི་མཐའ་ན་གྲོང་བ་གཤར་སའི་རྒྱ་ལམ་གྱིས་བསྐོར་ཡོད། རྡོ་རིལ་དྲུད་ནས་ཅུང་ཐང་ཆད་པའི་སྐབས་སུ་ཁང་སྟེང་ནས་ངལ་གསོས་ཏེ་གཞུང་ལམ་སྟེང་གི་ལམ་འགྲོ་བ་ཚོའི་འགྲོ་འོང་ལ་བལྟས་ནས་བསྡད། ཕྱི་དྲོ་གཞུང་ལམ་བརྒྱུད་ནས་འགྲོ་མཁན་མང་ཆེ་བ་རྒྱབ་ལ་འགྱིག་ཟོ་ཁུར་ནས་ཆུ་ལེན་དུ་འགྲོ་བའི་གྲྭ་བ་དག་ཡིན། མཚམས་ལན་རེར་འཕྲུལ་རྟ་བཞོན་པའི་འབྲོག་རྒན་རེ་གཉིས་དགོན་པའི་ནང་དུ་ཡར་འགྲོ་མར་འགྲོ་བྱེད་པ་མཐོང་།

  ཉིན་ཞིག་ལ་ཉི་མ་ནུབ་རིར་ཡིབ་ལ་ཉེ་བའི་སྐབས་སུ། སྐེ་དཀྲིས་ཀྱིས་མགོ་བོ་དཀྲིས་ཤིང་མིག་གཉིས་ལས་མི་མཐོང་བའི་གསར་བུ་འཕྲུལ་བཞོན་ཞིག་ཕར་ཕྱོགས་ཀྱི་རྒྱ་ལམ་ནང་ནས་བྱ་འཕུར་བ་ལྟར་ངའི་ཕྱོགས་སུ་ཐོན། ང་མཐོང་མ་ཐག་ངའི་དྲང་ཐད་ཀྱི་གཞུང་ལམ་སྟེང་ནས་འཕྲུལ་རྟའི་ཁ་ཤེད་ཀྱིས་བསྒགས་སྟེ་ལྟག་འཁོར་རྒྱ་ལམ་གྱི་རྡོ་ཧྲག་གི་ནང་ནས་ཡུན་རིང་ལ་ཁྲགས་ཁྲགས་ཁྲགས་དྲུད་དེ་གཞུག་ལོགས་ནས་རྡུལ་འཚུབ་འཕྱུར་བཞིན་ཏུ་བསྡད་བྱུང་། ངས་ཁོ་རང་སུ་ཡིན་ནམ་སྙམ་སྟེ་ཁང་ཀླད་ནས་སྐེ་བསྲིངས་ཏེ་བལྟས། ཁོས་ཁ་མ་གྲག་སྔོན་ལ་ངས་ཁོ་སུ་ཡིན་ཤེས་མི་ཤེས་ནའང་ངོ་ཤེས་ཤིག་ཡིན་པ་ཚོར་བྱུང་། མ་གཞི་ཁོ་ནི་ང་དང་ཚོ་བ་གཅིག་པ་དང་དུས་རྒྱུན་རྨ་ཆུ་རྫོང་མཁར་ན་རྒྱན་འགྱེད་ཤོ་རྒྱག་གིས་ཉི་མ་གཏོང་བའི་གསར་བུ་སྐྱ་སྟོང་གནམ་ངོ་འདྲ་ཞིག་ཡོད་པ་དེ་རེད། ང་རང་རྫོང་མཁར་ནས་སློབ་གྲྭར་འགྲོ་སྐབས་ལན་རེར་གཟའ་མཇུག་ལ་རྒྱ་སྲང་ནས་ཁོར་ཐུག་དུས་ཁོའི་རུམ་ན་དངུལ་སིལ་འགའ་ཡོད་པ་སེར་སྣ་མེད་པར་ཇ་ཆང་དང་རྒྱས་སྤྲོས་ཟེར་ན་མི་ཆོག་པ་མེད་པའི་བཟའ་བཏུང་ལ་བཏང་སྟེ་ཕུ་བོ་ཞིག་དང་འཕྲད་པ་ལྟར་ང་ལ་ཟས་མགྲོན་བྱེད་མྱོང་། དེ་ལྟར་རིམ་གྱིས་ངེད་གཉིས་འགྲོགས་འདྲིས་ཟབ་པའི་གྲོགས་པོ་རུ་གྱུར་བ་ཡིན། དགོང་མོ་དེར་ཁོ་ཚང་གི་རུ་བ་དགོན་པའི་ཐག་ཉེ་ཞིག་ན་ཡོད་པས་དོ་ནུབ་ཡིན་ཅིག་མིན་གཉིས་ངེད་ཚང་ལ་ཞག་འདུག་ཏུ་འགྲོ་དགོས་ཟེར། ང་རང་ཁང་སྟེང་ནས་བབས་སྟེ་ཟི་ཚར་གྱོན་ནས་ཕུ་བོར་ང་རང་དོ་དགོང་རུ་ནང་དུ་ཁྱིམ་ཚང་ཞིག་ལ་ཞག་འདུག་ཏུ་འགྲོ་རྒྱུ་ཡིན། སང་ཉིན་ཕྱིར་ཐོན་ཡོང་ཞེས་བཤད་རྗེས་ཁོའི་འཕྲུལ་རྟའི་འཕོངས་ལ་བུད་དེ་དགོན་པའི་མདུན་རིའི་ཉག་ག་གཟས་ནས་བུད་སོང་།

  དེ་ཚང་གི་ཁྱིམ་དུ་འབྱོར་དུས་ཁོས་ཁུལ་བོད་རིགས་སློབ་འབྲིང་གི་སློབ་མ་བུ་མོ་ཞིག་ཆུང་མར་བླངས་ནས་ཕ་ཁྱིམ་ནས་ལོགས་སུ་བུད་དེ་ཁྱིམ་ཐབ་གསར་བ་ཞིག་བསྐྱངས་འདུག ཁོའི་ཆུང་མ་ཕལ་ཆེར་ལོ་བཅུ་དྲུག་བཅུ་བདུན་ཡས་མས་ཤིག་ལས་ལོངས་མི་འདུག སྔོན་ཆད་སྙན་ངག་ཅིག་ལས་མཐོང་བའི་“མཉེན་ལྕུག་བརྒྱད་ཟུང་ལང་ཚོའི་འཁྲི་ཤིང་”ཞེས་པའི་ཚིག་དེ་བུ་མོ་དེའི་སྟེང་སྦྱར་ན་མི་འཕྲོད་པ་མེད་པའི་སྣང་བ་ཞིག་སྟེར་སོང་། གྲོགས་པོ་མཆོད་ཁྲིའི་མདུན་དུ་སོང་ནས་སྒྲ་སྡུད་འཕྲུལ་ཆས་ཤིག་གི་གློག་སྒོ་ཕྱེས་ཏེ་བདུད་བྷེའི་རྡུང་ལེན་ཞིག་བཏང་བྱུང་། ཁྱོད་རང་ཁྱིམ་ནས་སྡོད་དང་ངེད་གཉིས་ལྷས་ལ་ཟོག་འདོགས་པར་བུད་འགྲོ་ཟེར། ཁོས་ང་རང་གཅིག་པུར་ཁྱིམ་ནས་འདུག་བཟོད་མེད་པར་དོགས་ནས་བདུད་བྷེའི་རྡུང་ལེན་ཞིག་གིས་ང་ལ་འདུག་རོགས་བྱེད་དུ་བཅུག་པ་ཡིན་འདུག ཁོ་བཟའ་མི་གཉིས་སྒོར་བུད་རྗེས་ངས་དོ་རྩ་ན་དཔེ་དེབ་འགའ་ཡོད་པ་ལས་བོད་ཡིག་གི་དེབ་ཆུང་ཞིག་ལག་ཏུ་བླངས་ནས་ཀློག་འགོ་བརྩམས་པ་ཡིན། དེབ་དེའི་མིང་ལ་རྨ་ཁྲག་གི་བཞུར་སྒྲ་ཟེར་བ་དང་རྩོམ་པ་པོ་མིང་ལ་རྨ་ཁྲག་ཅེས་བྲིས་འདུག དེ་དུས་ངས་རྨ་ཁྲག་ནི་སུ་ཡིན་མི་ཤེས་ལ་མིང་དེ་སྔོན་ཆད་གོ་ཡང་མ་མྱོང་། འོན་ཀྱང་ནང་དོན་དང་སྐད་ཆ་ལ་ལར་གཞིགས་ན་རྩོམ་མཁན་ནི་པེ་ཅིང་ལ་སློབ་སྦྱོང་དུ་སོང་བའི་བོད་རིགས་གཞོན་ནུ་ཞིག་ཡིན་པ་ཙམ་ཤེས་ཐུབ། དེབ་དེ་ལག་ཏུ་བླངས་མ་ཐག་ཁ་བྱང་ཅུང་མཚར་བོ་སྙན་ངག་གི་བྲོ་བ་ཡོད་པ་ཞིག་རེད་འདོད་བྱུང་། དེབ་མིང་དང་རྩོམ་པ་པོའི་མིང་གཉིས་ཀྱི་བར་དུ་འབྲེལ་བ་ཟབ་མོ་ཞིག་ཡོད་པ་ཐད་ཀར་ཤེས་ཐུབ་པ་མ་ཟད། དེབ་དེ་ནི་རྩོམ་པ་པོའི་མི་ཚེའི་མྱོང་རྟོགས་ཀྱི་ལེའུ་བསྐྱུར་མོ་ཞིག་རྟོག་བཟོ་མིན་པའི་འབྲི་ཐབས་ལ་བརྟེན་ནས་བྲིས་ཡོད་དམ་སྙམ། རྨ་ཁྲག་ཅེས་པའི་དེབ་མིང་དང་མི་མིང་གང་ལ་བལྟས་ན་སྐྱོ་བ་དང་སྡུག་བསྔལ་གྱིས་གང་བའི་གཏམ་རྒྱུད་ཅིག་ཡིན་པ་ཧ་ལམ་རིག་འདེད་བྱེད་ཐུབ་པ་ཞིག་རེད། ངས་དེབ་དེ་ལག་ཏུ་བླངས་ཏེ་མགོ་ནས་ཅུང་ཙམ་ཞིག་བཀླགས་པ་ན་དེ་ནི་རང་མོས་སྙན་ངག་གི་སྐད་ཆའི་ལུགས་ལྟར་བྲིས་ཤིང་། དེའི་གསེང་ན་ཕོ་མོ་ཟུང་གི་ཞེ་འདང་ལ་ཐེབས་པའི་རྨ་ཁ་དང་ལང་ཚོས་མྱངས་པའི་ན་ཟུག་གིས་གང་བའི་བརྩེ་དུང་གི་སྒྲུང་ཞིག་འཆད་ཀྱིན་འདུག སྒྲུང་དེའི་བྱུང་རིམ་གྱིས་ངའི་ཡིད་འཕྲོག་སྟེ་རང་དབང་མེད་པར་མགོ་ནས་མཇུག་བར་མཚམས་མ་བཞག་པར་ཐེངས་གཅིག་བཀླགས་པ་ཡིན། དེབ་ཆུང་དེ་སྲབ་མོ་ཞིག་ཡིན་པའི་ཁར་རང་མོས་སྙན་ངག་གི་སྐད་ཆས་བྲིས་པའི་ཡིག་ཚོགས་ཉུང་བ་སོགས་ཧ་ཅང་ཀློག་བདེ་བས་གྲོགས་པོ་བཟའ་མི་གཉིས་ཀྱིས་ཟོག་འདོགས་པའི་རིང་ལ་ངས་དེབ་དེ་བཀླགས་ཚར་སོང་། དུས་དེ་ནས་བཟུང་ངའི་དྲན་འཛིན་གྱི་གཏིང་ནས་རྨ་ཁྲག་གི་བཞུར་སྒྲ་ད་བར་དུ་འཇགས་མེད་དུ་གནས་ཡོད་ངེས། འོན་ཀྱང་མིའི་དྲན་པའི་གཏིང་དུ་སིམ་པ་དག་རང་ཉིད་ཀྱིས་ཀྱང་མཚམས་མཚམས་སུ་མ་གཏོགས་ཚོར་མི་སྲིད།

  དེ་དུས་དེང་སང་བཞིན་དྲ་བའི་ཆ་འཕྲིན་དང་། སྒེར་གྱི་བརྙན་སྦྱོར་འཕྲིན་སྟེགས་སོགས་དར་ཁྱབ་མེད་པས་ཀློག་པ་པོ་རྣམས་ཀྱིས་དེབ་ནི་དཔེ་ཁང་ཁོ་ན་བརྒྱུད་ནས་རྒྱུས་ལོན་དང་བླུ་ཐབས་བྱེད་གི་ཡོད་པས་རྨ་ཁྲག་གི་བཞུར་རྒྱུན་ཞེས་པའི་དེབ་ཆུང་དེ་ཀློག་མཁན་གྱི་སྡེ་ལ་ཁྱབ་བསྒྲགས་ཡག་པོ་ཐུབ་མེད་པར་ཀན་ལྷོ་དང་དེའི་ཉེ་འཁོར་གྱི་ཡུལ་གྲུ་ཁ་ཤས་ཀྱི་སློབ་མ་རྣམས་དང་གྲྭ་བ་རེ་འགས་མ་གཏོགས་ཀློག་མཁན་མེད་པའི་ཚོད་ན་ལུས་ཡོད་ཡོད་འདྲ་ཞིག་ཏུ་སྣང་། འོན་ཀྱང་དེབ་དེ་བཀླགས་མྱོང་མཁན་གྱི་གཞོན་ནུ་ཞིག་ཡིན་ཕྱིན་དེབ་དེས་བག་ཆགས་ཟབ་མོ་ཞིག་བཞག་ཡོད་ངེས། དཔེར་ན་ཕྱིས་སུ་དེབ་དེའི་ཁྱད་ཆོས་ཅུང་ཙམ་ཚོར་བའི་གཞོན་ནུ་མགོ་དྭངས་རེས་དེབ་དེའི་འབྲི་ཐབས་མ་ཟད། ཐ་ན་ནང་དོན་དང་བྱུང་རིམ་སོགས་ལ་ལད་ཟློས་ཀྱིས་རྩོམ་ལུས་རང་མོས་སྙན་ངག་ཡིན་པ་དང་ནང་དོན་བརྩེ་དུང་གི་ཕམ་ཉེས་དང་ན་ཟུག་དང་འཁང་ར་ཡིན་པའི་དེབ་ཆུང་རེ་བྲིས་ནས་སྤྱི་ཚོགས་དྲ་རྒྱའི་ཚོང་ལམ་བརྒྱུད་ནས་ཁྱབ་བསྒྲགས་བྱས་པས་དཔེ་ཚོང་བྲིན་པོ་བྱུང་ཡོད། དྲང་གཏམ་ཞིག་བཤད་ན་རྨ་ཁྲག་གི་བཞུར་སྒྲ་ནི་བྲིན་དེབ་དེ་རིགས་ཀྱི་ཨ་ཕ་ལྟ་བུ་ཡིན། བོད་ཀྱི་རྩོམ་སྟེགས་ལ་མཚོན་ན་དེ་ནི་འབྲི་ཐབས་གསར་བའི་ལུགས་ཀྱི་ཡིད་འགྱུར་མཚོན་པའི་སྙན་སྒྲུང་རིང་མོ་ཞིག་ཡིན་ཞེས་བཤད་ན་འགལ་མི་འདུག་སྙམ། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དེབ་དེར་ཀློག་པ་པོའི་སྡེ་ནས་མཉམ་འུར་ཆེན་པོ་བྱུང་མེད་ལ་རིག་གཞུང་ཞིབ་འཇུག་གི་སྡེ་ནས་དོ་སྣང་ཀྱང་བྱུང་མྱོང་མེད།

  ཕྱིས་སུ་སྙན་ངག་པ་རྨ་ཁྲག་དང་རྡུང་ལེན་ཁོ་བསྟན་གཉིས་མི་གཅིག་ཡིན་པ་ཤེས་བྱུང་། མི་གཅིག་ལ་མིང་གཉིས་བྱུང་བ་དེས་དེ་རིང་སྣང་ཚུལ་ཡག་པོ་ཞིག་མཚོན་གྱིན་འདུག སྔ་མ་དེས་ཁོའི་མི་ཚེ་ཐུང་ཐུང་ནང་དང་ཐོག་སྐད་ཆའི་ཞིང་ཁམས་ཤིག་བཞེངས་མྱོང་བ་དང་ཕྱི་མ་དེས་མཐའ་མར་ཁོའི་ཚེ་སྲོག་ཉིད་རོལ་དབྱངས་ཀྱི་ཕྱག་ལས་ལ་འཐིམ་སྟེ་མཇུག་བསྡུས་པ་མཚོན་འདུག

  ཁོ་རང་དང་ཐོག་རྨ་ཁྲག་ཅེས་པའི་སྙན་ངག་པ་ཞིག་གི་མིང་ཐོག་ནས་ངའི་དྲན་འཛིན་་གྱི་ཡུལ་དུ་སླེབས་པ་དང་། སྐབས་འདིར་ཁོ་འཇིག་རྟེན་མི་ཡུལ་ནས་བཞུད་ཟིན་པའི་གཏམ་ངན་དེ་ཐོས་དུས་ངའི་དྲན་པའི་ནང་དུ་གྲག་ཡོང་བ་ནི་ཁོའི་རྡུང་ལེན་གྱི་འགྱུར་ཁུགས་དག་མིན་པར་དེབ་ཆུང་དེའི་ནང་གི་ལང་ཚོས་དཀྲོལ་བའི་བརྩེ་དུང་གི་སྒྲ་དབྱངས་ཤིག་རེད།

  དགོང་མོ་དེར་གྲོགས་པོ་བཟའ་མི་གཉིས་ཁྱིམ་དུ་ཐོན་དུས་ངས་དེབ་དེ་སུའི་རེད་ཅེས་བྲིས་པ་ན་ངའི་གྲོགས་པོས་ངེད་གི་ཨ་ཡེས་(ཆུང་མ)གི་རེད། ངེད་གི་ཨ་ཡེས་ལ་ཡོན་ཏན་ཡོད་ནི་རེད། དཔེ་ཆ་ཀློག་རྒྱུར་དགའ་ནི་རེད་ཟེར།

  ཁོས་ཡི་གེ་ཤེས་པའི་ཆུང་མ་ཞིག་བླངས་པ་ནི་རང་གི་ངོ་སོ་ཞིག་དང་རྒྱན་ཆ་ཞིག་ཏུ་འདོད་གི་ཡོད་པ་སྐད་ཆའི་ཤུགས་ནས་རྟོགས་ཐུབ། ཁོས་ཆུང་མ་བླངས་ནས་དུས་ཡུན་རིང་བོ་འགོར་མེད་པའམ་ཡང་ན་བླངས་མ་ཐག་ཡིན་འདུག འོལ་ཚོད་ཅིག་བྱས་ན་ཁོའི་ཆུང་མ་སློབ་མཐར་མ་ཕྱིན་སྔོན་ལ་སློབ་གྲྭའི་ནང་ནས་སློབ་མཚམས་བཞག་སྟེ་ཐད་ཀར་གནས་ལ་བྲོས་ཡོང་དང་། དེ་དུས་རྨ་ཁྲག་གི་བཞུར་སྒྲ་ལ་སོགས་པའི་དེབ་འགས་མོར་གནས་ལ་ཡོང་རོགས་བྱས་ཡོད་ཚོད་རེད། མོས་ཉིན་དཀར་སྒོའི་ཕྱི་ཁྱིམ་བར་གྱི་ལས་ཀ་ཚར་དུས་ཁོམ་ལོང་ལྟར་དཔེ་ཀློག་བྱེད་གི་ཡོད་པ་དང་སློབ་གྲྭའི་ནང་གི་དཔེ་ཀློག་གི་གོམས་གཤིས་དེ་འབྲོག་ཁྱིམ་ཞིག་ཏུ་ཁྱེར་ཡོང་འདུག ཡང་སྐད་ཆ་གཞན་ཞིག་གིས་བཤད་ན་མོས་སློབ་གྲྭའི་ནང་གི་སློབ་མཚམས་བཞག་ནའང་དཔེ་ཀློག་གི་མཚམས་བཞག་མི་འདུག མ་ཟད་མོའི་ཁྱོ་ག་ཕྱི་ལ་འཁྱམ་རྗེས་མོའི་རང་ཁྱིམ་གྱི་ཉི་མ་གཏོང་རོགས་ནི་སྐུ་ཞབས་རྨ་ཁྲག་ཡིན་འདུག

  གཉིས།

  ཁོ་ནི་ཨ་མདོའི་ཡུལ་གྱི་རྡུང་ལེན་པ་གཞན་དག་དང་མི་འདྲ་བར་རྒྱ་བོད་དབྱིན་གསུམ་མཁྱེན་གི་ཡོད་པ་དང་སྒྲ་སྙན་རྡུང་ལེན་གྱི་གསར་རྩོམ་ལ་རང་མགོ་ཐོན་པ་ཙམ་མིན་པར་རོལ་དབྱངས་སྐོར་གྱི་ཤེས་བྱ་སྣ་མང་ཡོད་པ། འཛམ་གླིང་རོལ་མོའི་སྟེགས་བུའི་དབུས་སུ་བོད་ཀྱི་རོལ་མོའི་ཐོབ་ཐང་ག་འདྲ་ཞིག་ཏུ་སླེབས་ཀྱིན་ཡོད་པར་དོ་སྣང་བྱེད་མཁན་ཞིག་ཡིན་པའི་སྐོར་གྱི་གཏམ་རེ་ཐོས་མྱོང་། སྤྱིར་ཨ་མདོའི་རྡུང་ལེན་ནི་བདུད་བྷེའི་དུས་སྐབས་སུ་དར་བའི་རྩེར་སོན་པ་དང་ཆབས་གཅིག་དབུས་གཙང་སོགས་ཡུལ་གྲུ་གཞན་གྱི་རྡུང་ལེན་དང་མི་འདྲ་བའི་རྡུང་ལེན་གྱི་ནང་དོན་དང་ཁྱད་ཆོས་གསར་བ་ཞིག་གྲུབ་ཡོད་པས་ཨ་མདོའི་རྡུང་ལེན་ཞེས་པའི་མིང་དེ་ཐོགས་པ་རེད། ཁྱད་ཆོས་དེ་ཨ་མདོ་ཞེས་པའི་ས་ཁོངས་དང་ཡུལ་གྲུ་ག་གེ་མོ་ཙམ་ལ་ངོས་མི་འཛིན་པར་རྡུང་ལེན་རང་སྟེང་གི་ཐུན་མོང་མ་ཡིན་པའི་སྙན་འཇེབས་ཀྱི་ཞིང་ཁམས་དེ་ལ་ངོས་འཛིན་བྱས་ན་འགྲིག

  ན་ནིང་ཨ་མདོའི་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་སྐབས་སུ་རྡོ་རེད་དང་ཁོ་བསྟན་སོགས་ཀྱིས་ཨ་མདོའི་རྡུང་ལེན་ལ་ཨ་མདོའི་རྡུང་ལེན་གྱི་ལེན་སྟངས་ཤིག་ཡོད་པས་ཉ་ཉུང་མཉམ་བསྲེ་བྱེད་མི་རུང་པའི་ལྟ་ཚུལ་ཡང་ཡང་འདོན་དུས། ཁོ་ཚོས་ཨ་མདོའི་རྡུང་ལེན་དང་ཡུལ་གྲུ་གཞན་གྱི་སྲོལ་རྒྱུན་རྡུང་ལེན་མི་འདྲ་བ་གཙོ་བོ་སོ་སོའི་ཁྱད་ཆོས་ཀྱིས་འབྱེད་ཐུབ་ཅེས་བཤད་འདོད་གི་ཡོད་མོད། ཁ་གསལ་བོའི་ངང་གཞན་གྱི་བློ་སྒོ་ཕྱེ་ཐུབ་པ་ཞིག་བཤད་མ་ཤེས་པས་རྩོད་ཉོག་ཅུང་ཙམ་བྱུང་སོང་སྙམ། བློ་གཟུ་བོར་གནས་སྟེ་བཤད་ན་ཨ་མདོའི་རྡུང་ལེན་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏན་ཏན་གླེང་རྒྱུ་ཡོད་མོད། འོན་ཀྱང་ད་སྔ་རིག་གཞུང་སོགས་ཀྱི་སྒང་ནས་ཆེད་མཁས་པས་ཁྱད་ཆོས་དེ་འཚོལ་ཞིབ་དང་བསྔོག་འདོན། སྤྱི་སྡོམས་སོགས་བྱས་ཏེ་གསལ་ཁ་འགྱེད་མྱོང་མེད་པས་ཁོ་བསྟན་སོགས་རྡུང་ལེན་པ་ཚོར་ཅི་ཁག དོན་དུ་ཁོ་ཚོ་ནི་རྡུང་ལེན་པ་ཡིན་པ་ལས་རྡུང་ལེན་ལ་ཞིབ་འཇུག་བྱེད་མཁན་མ་ཡིན།

  ཨ་མདོའི་རྡུང་ལེན་གྱི་མིག་སྔའི་གནས་བབས་ལ་བརྟག་ཏེ་འཛེམ་དོགས་མེད་པར་སྐད་ཆ་དྲང་མོ་ཞིག་བཤད་ན། དེང་སང་གི་ཨ་མདོའི་རྡུང་ལེན་པའི་དཔུང་སྡེར་སྦྱང་སྟོབས་ཀྱི་ཡོན་ཏན་མེད་པ། ཐོས་པ་ཆུང་ཞིང་མིག་རྒྱང་ཐུང་བ། སྒྱུ་རྩལ་གྱི་ཉམས་ལེན་ཟབ་མོ་དང་ཚད་མཐོ་བའི་འཚོལ་སྙེག་གཉིས་ཀ་མེད་པ། གཞན་གྱིས་བརྩམས་ཟིན་པ་གང་ཞིག་རྡུང་ཤེས་པ་དང་ལེན་ཤེས་པ་ཙམ་གྱིས་རང་ཉིད་རྡུང་ལེན་པ་ཡིན་སྣང་ཤར་བའི་དཔུང་སྡེ་ཉམ་ཆུང་ཞིག་ཏུ་གྱུར་དང་འགྱུར་གྱིན་འདུག

  ན་ནིང་ཀུན་གྱི་མདུན་ནས་རྡུང་ལེན་པ་རྒན་པ་རེ་གཉིས་ཀྱིས་སྔོན་དང་སྡུར་ན་དེང་སང་གི་ཨ་མདོའི་རྡུང་ལེན་ལ་རོལ་ཆས་ཀྱི་རམ་འདེགས་འཛོམས་པ་དང་རྡུང་རྩལ་སྨིན་པ། གློག་འོད་ཁྲ་ཆིལ་དགུ་ཆིལ་གྱི་གར་སྟེགས་སོགས་ཕྱོགས་གང་ཐད་ཀྱི་ཆ་རྐྱེན་འཛོམས་པས་ཡར་ཐོན་ཆེན་པོ་འདུག་ཅེས་ཧ་ཅང་ཡིད་འཚིམ་པའི་རྣམ་འགྱུར་བསྟན་སོང་། དེ་ནི་གཏན་ནས་བསམ་བློ་མ་བཏང་བ་དང་འགན་མ་ཁུར་བའི་སྐད་ཆ་ཞིག་རེད། ཕྱོགས་གཞན་ཞིག་ནས་ཕྱིར་རྟོག་དང་གཤིབ་སྡུར་བྱས་ན་ཡར་ཐོན་གང་ཡང་མི་འདུག དཔེ་ཞིག་གིས་གསལ་བཤད་བྱས་ན། ཨ་མདོའི་རྡུང་ལེན་འགྲན་སྡུར་སྐབས་དང་པོའི་སྐབས་སུ་འགྲན་བཞུགས་པ་མང་ཤས་ཀྱིས་རང་གི་བརྩམས་ཆོས་གསར་བ་ཁྱེར་ནས་གར་སྟེགས་སུ་བུད་མྱོང་། བརྩམས་ཆོས་གསར་བ་དེ་དག་གིས་སྒྱུ་རྩལ་བ་སོ་སོའི་སྐད་ངག་གི་ཁྱད་ཆོས་དང་གང་ཟག་སྒེར་གྱི་ཚོར་འདུ་དྲག་པོ། སེམས་ཀྱི་ཆགས་སྡང་སྣ་ཚོགས་དཀྲོལ་མྱོང་། དེ་ཡང་སྐད་ཆ་གཞན་ཞིག་གིས་བཤད་ན། སྐབས་དེའི་རྡུང་ལེན་པ་དེ་ཚོས་རང་ཉིད་རྗེས་སུ་ཁྲིད་ནས་གར་སྟེགས་སུ་ཐོན་ཡོད། ཁོ་ཚོས་རང་ནུས་རྩལ་དུ་བཏོན་ནས་ཨ་མདོའི་རྡུང་ལེན་ལ་ལེགས་སྐྱེས་གསར་བ་འབུལ་ཨེ་ཐུབ་བལྟས་ཡོད། ཉན་མཁན་མང་ཚོགས་ཀྱི་ངོས་བཤད་ན་བག་ཆགས་གསར་བ་དང་དྲན་པ་གསར་བ་བསྐྱེད་ཐུབ་ཡོད། མ་མཐའ་ཡང་ཁོ་ཚོས་གླུ་སྐད་ཀྱིས་རང་ཉིད་འཚོ་ཞིང་གནས་པའི་ཞིང་ཁམས་ཤིག་མི་རབས་ཕྱི་མ་དག་ལ་ངོ་སྤྲོད་བྱས་ཡོད། ཁོ་ཚོས་རྡུང་ལེན་སྒྱུ་རྩལ་གྱི་སྟེགས་བུ་ནས་བོད་ཀྱི་མི་རབས་གསར་བ་ཞིག་གི་རྣམ་དཔྱོད་དང་བློ་ཁམས་ངོམ་ཏེ་བོད་ཀྱི་ཤེས་རིག་གི་ལོ་རྒྱུས་དེབ་ཐེར་དུ་ལེའུ་གསར་བ་ཞིག་བྲིས་ཡོད། ན་ནིང་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་འགྲན་བཞུགས་པ་ཧ་ལམ་ཚང་མར་རང་ཉིད་ཀྱི་བརྩམས་ཆོས་མི་འདུག སྤྱིར་ན་བསྐྱར་ལེན་བྱས་ཀྱང་མི་ཆོག་པ་མེད་དེ། དེ་ནི་རྡུང་ལེན་གྱི་ཁོར་ཡུག་ལ་དམིགས་བསལ་དུ་ཡོད་པའི་ཁྱད་ཆོས་ཤིག་ཡིན་མོད། རྡུང་ལེན་པ་ཚང་མར་རང་ཉིད་ཀྱི་བརྩམས་ཆོས་མེད་པར་བསྐྱར་ལེན་ཏག་ཏག་བྱས་ན་ལྟད་མོ་བས་གར་སྟེགས་ནས་མཐོང་བ་རྡུང་ལེན་པ་ཞིག་གི་གཟུགས་བརྙན་ཙམ་ལས་རྡུང་ལེན་པ་ཁོ་རང་ཉིད་མ་ཡིན། ཨ་མདོའི་རྡུང་ལེན་གྱི་ཏོག་ཏུ་མཐོང་བའི་བདུད་བྷེ་སོགས་ཀྱི་གྲིབ་མའི་ནང་ནས་ཁོ་ཚོས་རང་ཉིད་གཏན་དུ་བོར་འདུག སྣང་ཚུལ་འདི་ལས་ང་ཚོས་ཁོ་བསྟན་དང་རྡུང་ལེན་པ་གཞན་གྱི་ཁྱད་པར་ཅུང་རྟོགས་སླ་སྟེ། ཁོས་མི་ཚེ་ཐུང་ཐུང་དེའི་ནང་ལ་བརྩམས་ཆོས་གསར་རྩོམ་གྱི་འོས་འགན་ཕྲག་ཏུ་བླངས་སྟེ་མི་རབས་གསར་བ་ཞིག་ལ་ཡོད་འོས་པའི་ཤེས་འཇོན་དེ་ངོམ་ཅི་ཐུབ་བྱས་ཡོད། མ་མཐའ་ཡང་ཁོས་རྡུང་ལེན་སྒྱུ་རྩལ་ལ་བཅངས་པའི་རྣམ་འགྱུར་དེ་རྡུང་ལེན་པ་གཞན་དག་གི་སློབ་སྦྱོང་གི་དམིགས་དཔེར་འཛིན་འོས་པའི་རིན་ཐང་ཤིག་འདུག

  ང་རང་སྒེར་ངོས་ནས་ཁོ་བསྟན་གྱི་སྐད་ངག་གི་འགྱུར་ཁུགས་སོགས་ལ་དེ་འདྲ་དགའ་མྱོང་མེད་པས་ཁོའི་གཞས་དང་རྡུང་ལེན་ལ་ཉན་པ་ཉུང་། སྤྱི་ཚོགས་དྲ་རྒྱ་དར་བའི་རྗེས་ནས་བོད་པའི་རྡུང་ལེན་པ་དང་ཉན་མཁན་མང་ཚོགས་ཀྱི་བར་ཐག་ཇེ་ཉེ་རུ་གྱུར་ཡོད་པས་དེའི་སྐོར་ལ་དོ་སྣང་ཅུང་ཙམ་བྱས་ན་སུ་ཞིག་ལ་རྡུང་ལེན་བརྩམས་ཆོས་གསར་བ་ཡོད་ན་ལམ་སང་དེའི་གནས་ཚུལ་ཧ་གོ་ཐུབ་པ་དང་མྱོང་རོལ་བྱེད་ཐུབ། ངས་རྡུང་ལེན་ཞིག་ལ་ཉན་དུས་ཐོག་མར་དེའི་དབྱངས་རྟ་ཡིད་ལ་སིམ་མ་ཐུབ་ན་ཚིག་གི་གོ་བ་ཅི་འདྲ་ཟབ་ཀྱང་ཐེངས་གཅིག་ལ་མ་གཏོགས་ཉན་འདོད་ཀྱི་འདུན་པ་མི་འདུག རི་མོ་ནི་ཚོན་གྱི་སྒྱུ་རྩལ་ཞིག་དང་སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པ་ནང་བཞིན་རྡུང་ལེན་ནི་དབྱངས་ཀྱི་སྒྱུ་རྩལ་ཞིག་ཡིན་པ་ཤས་ཆེ། འོན་ཀྱང་ཁོ་བསྟན་ལགས་ཀྱི་རྡུང་ལེན་མང་ཤས་ཀྱི་དབྱངས་རྟ་ངའི་མཛེས་རྟོག་གི་ཡི་ག་དང་འཚམ་པོ་མི་འདུག ཡིན་ནའང་དེ་ཙམ་གྱིས་ཁོའི་རྡུང་ལེན་སྒྱུ་རྩལ་གྱི་གོང་ཐང་མར་ཆགས་ལ་ག་སྲིད། གང་ལྟར་ངའི་བསམ་པར་བོད་པའི་རྡུང་ལེན་ལ་མཁོ་བ་ནི་བརྩམས་ཆོས་གང་ཡང་མེད་པར་དྲ་སྒང་གི་ཐད་གཏོང་ལ་མགོ་འཁོར་ཏེ་རང་གིས་ཅི་ཞིག་བྱེད་ཀྱིན་ཡོད་པ་མི་ཤེས་པའི་“མགྲོན་ཁང་གླུ་བ་”དེ་ཚོ་མིན་ལ། རིགས་ཞེན་གྱི་ལ་ཉི་ཚེ་བ་ལེན་མཁན་ཚོ་ཡང་མིན་པར་ཁོ་བསྟན་ལྟ་བུའི་རང་མགོ་རང་ཐོན་ཡིན་པ། རང་གི་རིགས་ལ་ཞེན་པ་དཀར་བ་དང་རང་གི་ཚོར་འདུ་དང་བསམ་བློ། ལྟ་བ་སོགས་མགྲིན་པའི་གདངས་ཀྱི་བླ་སྲོག་ཏུ་འགོད་ཤེས་པའི་སྐྱེ་བུ་དེའི་རིགས་ལ་ཅི་ལ་མིན།

  གསུམ།

  དེ་རིང་སྔ་དྲོ་ང་རང་གཞུང་ལས་ཁང་དུ་སླེབས་དུས་མི་གཅིག་ཀྱང་མི་འདུག ངས་རྒྱབ་ཁུག་མདུན་ཅོག་སྟེང་དུ་བཞག་ནས་དྲ་ཐོག་ན་སྤུར་བཞིན་པའི་ཁོ་བསྟན་གྱི་གཞས་འགའ་ལ་ཉན་པ་ཡིན། ངས་བསམ་ན་སྒྱུ་རྩལ་བ་ཞིག་ཚེ་འཕོས་རྗེས་དེར་ཕེབས་སྐྱེལ་ཞུ་ཚུལ་ཡག་ཤོས་ནི་“སྐྱེ་བ་གཞུག་མར་སླར་ཡང་བོད་ལ་སྐྱེ་བར་ཤོག་”ཅེས་པའི་ཁ་གཡང་སྟོང་བ་དེ་མིན་པར་རང་གི་སེམས་ཞི་བར་གནས་ཏེ་གང་དེའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཞིང་ཁམས་འགྲིམ་ནས་དེའི་རྣམ་ཤེས་ལ་ཁ་བརྡ་བྱེད་པ་དེ་རེད་བསམ་ཞོར་དུ་གློག་ཀླད་ཁ་དལ་གྱིས་ཕྱེས་ནས་འཇིག་རྟེན་འདི་ནས་ཐེངས་གཅིག་ཀྱང་ཐུག་མྱོང་མེད་ནའང་ངོ་ཤེས་ཤིག་དང་འདྲ་བའི་སྒྱུ་རྩལ་བ་འདི་ལ་སྐྱེལ་མ་ཞིག་གི་དོད་དུ་ཡི་གེ་འདི་དག་ཤར་མར་གཏགས་པ་ཡིན། གློག་ཀླད་ཁ་བསུམས་རྗེས་ནས་རྨ་ཁྲག་གི་བཞུར་སྒྲ་ཞེས་པའི་དེབ་དེ་ཡིད་ལ་འཁོར་ཡོང་། དེབ་དེ་ཡང་བསྐྱར་ཐེངས་གཅིག་བཀླག་ན་འདོད་བྱུང་། ངས་དུས་རྒྱུན་རྙིང་བར་བསྐྱར་དུ་ཀློག་དུས་བྲོ་བ་གསར་བ་རེ་རྙེད་ཡོང་།

  ༢༠༢༡ལོའི་ཟླ་༤པའི་ཚེས་༢༩ཉིན་གུས་ཕུལ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཁོ་བསྟན་རྗེས་དྲན།---ངེད་གཉིས་གནས་མ་ཞིག་གི་འཇིག་རྟེན་ནས་ངོ་ཤེས་པ་ཡིན།

2021-04-30 འཇམ་དཔལ་རྡོ་རྗེ།(རྨ་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།