གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲག་སྙུག་གིས་བརྩམས་པའི་འཁྲབ་གཞུང་། འཁྲུལ་བ།

2014-11-03 19:31:00 ཁྲག་སྙུག ཀློག་གྲངས། མཆན ཡོད།


རྩོམ་པ་པོའི་ཉེ་བའི་དུས་ཀྱི་པར།

 

མི་སྣ།
       སྐར་མ།༼སློབ་ཆེན་སློབ་མ།༽  ཕོ། ལོ་ཚོད་ཉེར་གསུམ་གྱི་ཞོལ། བོད་རིགས། མགོ་སྐྲ་ཅུང་ཐུང་ཞིང་ཁ་ངོ་འབུར་དུ་ཐོན་ལ། ངོ་གདོང་སྨུག་པ་དང་བཅས་བོད་ཅིག་ཡིན་པ་བལྟས་པ་ཙམ་གྱི་ཤེས།
       ཀ་བ། ༼རྡོ་རྗེ༽  གཟུགས་ཅུང་ཐུང་ཞིང་ངོ་སྒོར་བ།
       ཁ་བ།­­༼བསམ་གཏན།༽   ལུས་པོ་སྐམ་ཞིང་གཟུགས་ཅུང་རིང་བ།
       སྐར་མའི་དགའ་རོགས།  སྐྲ་མདོག་སེར་པོར་བསྒྱུར་ཞིང་ལུས་ཕྲ་བ།
     
དུས་ཚོད།
        སློབ་ཆེན་ལོ་རིམ་གཉིས་པའི་སློབ་སྐབས་རྗེས་མ།  ༼དབྱར་ཁ༽
 
ས་གནས།
སློབ་ཆེན་ག་གེ་མོ་ཞིག
 
འཁྲབ་གཞུང་དངོས།
 
༡  ཕྱིའི་བརྙན། ལུས་རྩལ་ར་བ། དགོང་དྲོ།
ཐོག་མར་བརྙན་མིག་ལས་ལོ་མ་ལྗང་ཁུ་འགའ་ཤར་ཡོང་ཞིང་། དེའི་ལྟག་རྒྱབ་ནས་ནུབ་ཕྱོགས་ཀྱི་ཉི་མ་དེ་ཡང་མཐོང་།དེ་ནས་མི་གསུམ་ཙམ་དེ་རུ་འཛོམས་ཏེ་བརྙན་ཕབ་བཞིན་འདུག  བརྙན་ཕབ་སྤྱད་ནི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཞིག་རེད། མི་གཉིས་ཀྱིས་ཁ་པར་མདུན་དུ་འཁྲབ་སྟོན་བྱེད་ཀྱིན་འདུག  བརྙན་ལེན་མཁན་དེས་འཁྲབ་ཁྲིད་དང་བརྙན་ལེན་གཉིས་གྱིས་འགན་ཁུར་བཞིན་ཡོད། ༼མི་དེ་སྐར་མ་རེད།༽བརྙན་མིག་གིས་སྐར་མའི་བརྙན་ལེན་ཚུལ་དང་མི་དེ་གཉིས་ཀྱིས་འཁྲབ་སྟོན་བྱེད་ཚུལ་རེ་རེ་བཞིན་ཤར་ཡོང་།
ཀ་བ།  ད་སློབ་ཆེན་འདིར་ཡོང་སྟེ་ཕལ་ཆེར་ལོ་གཅིག་ཙམ་འགོར་འདུག ཡིན་ནའང་དེའི་ཚོད་ཀྱི་རིག་གནས་ཤིག་འབྱོར་མེད་།༼བློ་འགྱོད་སྐྱེ་བའི་ཉམས་དང་བཅས། ༽
ཁ་བ།    དེ་རེད།  ངོ་མ་བཤད་ན། ས་ཐག་འདི་འདྲ་རིང་མོ་ཞིག་ལ་ཡོངས་ཏེ་དུས་ཚོད་བརླགས་ནས་བསྡད་པ་རེད། འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་ཡོད་ཚད་སྟོང་བ་རེད།  
ཀ་བ།     ཧུ་ཧུ།  དེ་ན་སང་ཉིན་འགོ་རྩོམ། ད་རུང་ཅི་ཡང་འཕྱི་མི་འདུག
ཁ་བ།      རང་གིས་འགོ་རྩོམ་དང་ཆོག
ཀ་བ་ཐང་ལ་གན་རྐྱལ་དུ་འགྱེལ་སོང་། ལག་པ་གཉིས་ཀྱིས་མགོ་སྐྱོར་ཏེ་ཁ་གནམ་ལ་འཁོར་ནས་བསྡད།༼གཟབ་ནན་གྱི་ཉམས།༽
ཀ་བ།   ངས་འདི་ལྟར་གནམ་ངོར་བལྟས་བསྡད་ན་ཚོར་བ་ཡ་མཚན་ཞིག་འདུག  ངའི་སྣང་བ་ཞིག་ལ། འཇིག་རྟེན་འདི་ཆུང་ཆུང་ཞིག་རེད་འདོད།  ༼ཁ་གནམ་ངོར་འཁོར་ཏེ་བསམ་གཞིག་བྱེད་པའི་ཚུལ།༽
ཁ་བ།   མྱི་ལྡང་།  ཨ་མ་དྲན་གོ་ནི་མིན་ན།༼ཅུང་ཀུ་རེ་ཡི་ཉམས།༽
སྐབས་དེར་ཁ་པར་ལས་བརྙན་ཕབ་བཞིན་པའི་སྐར་མས། 
༼སྡོད།  རྡོ་རྗེའི་སྐད་ཆ་བཤད་སྐབས་ཅུང་རང་བཞིན་གྱི་ཉམས་ཡོང་དགོས་འདུག ཁྱོར་བརྙན་མིག་ཅིག་ཚད་མེད་པ་ལྟར་བྱོས།   ༽  བརྙན་མིག་ལས་ཁོ་གསུམ་པོས་མགོ་བོ་གཏུགས་ཏེ་ད་སོ་མར་འཁྲབ་པའི་བརྙན་དེར་བལྟས།   མི་ཀ་བ་དང་ཁ་བ་གཉིས་ཀྱི་གདོང་ལ་འཛུམ་དང་བཅས།༼ ཨེ། ང་ལ་ལྟོས་དང་།  ཧུ་ཧུ།༽ཞེས་མཉམ་དུ་བགད།
བརྙན་མིག་ལས་ནུབ་བཞིན་པའི་ཉི་མ་ཤར་འོངས་ཤིང་།  རོལ་དབྱངས་ཤིག་ཀྱང་གྲགས་འོང་།
 
༢  ཕྱིའི་བརྙན།  ལུས་རྩལ་ར་བ།  ཕྱི་དྲོ།
སྐར་མའི་ལུས་པོ་སར་འགྱེལ་ཞིང་ལག་པ་ཟུང་གིས་ཁ་པར་དུ་བརྙན་གཞན་ཞིག་ཕབ་བཞིན་འདུག    བརྙན་གྱི་མདུན་དུ་གོང་གི་མི་ཁ་བ་ཡིས་ལག་པས་མགྲམ་པ་སྐྱོར་ཏེ་བོད་ཀྱི་དམངས་གླུ་ཞིག་ལེན་བཞིན་འདུག༼སར་སྐྱིལ་ཀྲུང་དུ་གཙོག་སྟེ་གདོང་ཐད་ཀའི་བརྙན་མིག་ངོར་ཅེར་འདུག
 ཁོས་སྐད་ཇེ་དམའ་ནས་ཇེ་དམའ་རུ་གྱུར་ཞིང་བརྙན་མིག་ཀྱང་ཁོ་དང་ག་ལེར་གྱེས་ཏེ་སློབ་གྲྭའི་ཐོག་ཁང་དང་ནམ་མཁའ་ཤར་ཡོང་།
 
 ༣  ནང་གི་བརྙན།  ཉལ་ཁང་།  མཚན་མོ།
བརྙན་མིང་ལས་གློག་འོད་དང་ལྗོན་པ་སོགས་མཚན་མོའི་སློབ་གླིང་གི་མཛེས་སྡུག་མངོན་འོང་།དེ་ནས་ཉལ་ཁང་ཞིག་གི་ནང་ཤར་ཡོང་། སྐར་མ་དང་རྡོ་རྗེ། བསམ་གཏན་བཅས་ཀྱིས་མལ་ཁྲི་ཞིག་གི་སྟེང་ད་མ་ཚེ་བརྟན་དང་ཁོའི་གློག་བརྙན་སྐོར་གྱི༽ བརྙན་ཞིག་ལ་ཧད།  མདུན་ཅོག་ཆུང་ཆུང་ཞིག་སྔོན་དུ་བཞག་སྟེ་མི་གསུམ་པོས་མིག་ཅེར་ཅེར་ངང་ཧད་འདུག
ཀ་བས།   འདིས静静的玛尼石ཞེས་པའི་གློག་བརྙན་ཞིག་འཁྲབ་ཁྲིད་བྱས་ཡོད་ཐ།   དེ百度ནང་ལ་འང་ཡོང་གི ༼ཤེས་མདོག་ཁ་བོས།༽
སྐར་མས།  རེད། ༼ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ༽ཞེས་པ་དེ་རེད། དེ་བོད་ཀྱི་གློག་བརྙན་གྲགས་ཅན་ཞིག་རེད།  རྒྱབ་ཁབ་རིམ་པའི་དགའ་བསུ་ཐོབ་ཀྱིན་ཡོད།༽
ཁ་བས།   ཨོ   བན་དེ་ཆུང་ཆུང་ཞིག་ཡོད་ཐ།    དེ་སོ་ཡུམ་ཤེས་ན།  རྒྱུ་མཚན་འདྲ་མེད་ཐ།  རང་ང་རྒྱག་རེས་དང་ཛ་དྲག་འདྲ་མི་བྱེད་ཐ། ༼ཅུང་མི་དགའ་བའི་ཉམས་ཀྱིས།༽
སྐར་མས།   མ་རེད་ཀོ    དེ་དྲག་རྩལ་ཅན་པོ་གསོད་རེས་གཏུབ་རེས་སོགས༼ཚོང་ལས་གློག་བརྙན༽མ་རེད།  ༼ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ༽༼རིག་རྩལ་གློག་བརྙན༽རེད་རེ།  དེ་ལ་འདང་རྒྱག་རྒྱུ་དང་བསམ་གཞིགས་གཏོང་རྒྱུ་མང་པོ་ཡོད་པ་རེད། ལྷག་ཏུ་དེས་མི་རིགས་ཤིག་གི་གོམས་གཤིས་དང་འདུ་ཤེས་འཛིན་སྟངས་ཡ་མཚན་མཚོན་ཡོད་པ་རེད། དེ་བས་གཟེངས་བསྟོད་དང་བྱ་དགའ་ཡང་མང་པོ་བླངས་པ་རེད། ༼གཟབ་ནན་གྱིས་བཤད།  ཤེས་མདོག་ཞིག་ཀྱང་འདྲེས།༽
༼གསུམ་པོས་ཁ་རོག་གེར་བལྟས་འདུག
བརྙན་མིག་ལས་གློད་ཀླད་ངོས་ཀྱི་པད་མ་ཚེ་བརྟན་ཤར་འདུག ༽
ཀ་བས།    ཁྱོད་རྗེས་སུ་པད་མ་ཚེ་བརྟན་ལས་ཀྱང་ངར་བའི་འཁྲབ་ཁྲིད་པ་ཞིག་ཏུ་གྱུར་བར་ཡིད་ཆེད་ཡོད།  ཁྱོད་ཀྱང་མ་འོངས་པར་百度ནང་ཤར་སྲིད།ཧུ་ཧུ།
སྐར་མས།    ཧུ་ཧུ། ༼ཅུང་རེ་བ་ཡོད་པའི་ཉམས་ཀྱིས།༽
བརྙན་མིག་ལས་དལ་མོར་སྒེའུ་ཁུང་དང་དེའི་ཕྱི་རོལ་གྱི་མུན་པ་མངོན་འོངས།
 
༤   ནང་གི་བརྙན། ཞོགས་པ། ཉལ་ཁང་།
     བརྙན་མིག་ལས་ཉལ་ཁང་གི་སྒོ་དང་ལྗོན་པ།  ཉི་འོད་ཀྱི་ཟེགས་མ་སོགས་མངོན་འོངས།    དེ་ནས་ཉལ་ཁང་ནང་མངོན་འོང་ཞིང་། རྒྱབ་ཁུག་ཁུར་བའི་མི་ཞིག་ཉལ་ཁང་གི་སྒོའི་ཁྲོག་སྒྲ་དང་བཅས་སྒོར་བརྒྱུགས་སོང་།མི་དེ་འགྲོ་ཞོར་དུ་༼སྐར་མ། རེམ།རྗེས་མ་ཆོད་ཐ༽ཞེས་བོས།  སྒེའུ་ཁུང་རྩིབས་ཀྱི་མལ་ཁྲིའི་སྟེང་མི་ཞིག་གཉིད་ལ་ཡུར་འདུག  བརྙན་མིག་ཁོའི་གདོང་ལ་ཚད་འདུག  ཁོའི་སྔས་འབོལ་ལོགས་སུ电影是什么?ཞེས་པའི་དཔེ་ཆ་ཞིག་དང་དེ་མིན་གློག་བརྙན་སྐོར་གྱི་དེབ་འགའ་ཕྱོགས་སོ་སོར་བཞག་འདུག  ཁོ་ཅུང་མྱུར་སྟབས་ཀྱིས་ཡར་ལངས་ཤིང་། གོམ་པ་དག་གོན་རྗེས།  ཁ་ལག་གཙང་མར་བཀྲུས་ཤིང་མལ་ཁྲིའི་སྟེང་གི་དེབ་ཅིག་མཆན་དུ་བཙིར།ཉལ་ཁང་སྒོར་ཟྭ་ཡང་རྟབ་རྟབ་པོར་བརྒྱབས་ཏེ་བྱ་འཕུར་བ་ལྟར་སྒོར་བརྒྱུགས།  བརྙན་མིག་ལས་བར་འཁྱམས་སུ་འགྲོ་བཞིན་པའི་ཁོའི་རྒྱབ་གཟུགས་མཐོང་འོང་། ཁོ་ཐོག་ཁང་གི་སྐས་རིམ་རེ་རེ་ནས་མར་བབས།
 
༥ ཕྱིའི་བརྙན། ཞོགས་པ། ལམ་བར།
བརྙན་མིག་ལས་ལྗོན་པའི་ལོ་མ་འགའ་དང་། དེའི་ཕག་ཏུ་སྐར་མ་འཚབ་འཚུབ་ངང་བརྒྱུག་ཡོང་བ་མཐོང་།  སྐར་མ་རིམ་བཞིན་ཐོག་ཁང་ཞིག་སྒོར་ཐོན་ཞིང་།  ཐོག་ཁང་སྔོན་དུ་ཁོད་ཡངས་པའི་རྡོ་སྐས་རིང་ཙམ་ཞིག་ཡོད། བརྙན་མིག་ལས་ཁོ་རང་རྡོ་སྐས་སུ་འཛེགས་ཏེ་ཡོང་བཞིན་པ་མཐོང་། གློ་བུར་དུ་ཁོའི་ཁ་པར་གྱི་སྒྲ་གྲགས་བྱུང་། ཁོས་ཁ་པར་སྒོ་བླངས་ཏེ༼ཡ་ཡ  ང་རེམ་མེ་ཐོན༽ཞེས་བཤད་དེ་ཁ་པར་ཕྱིར་ཁུག་མའི་ནང་བསྡུས།  ཉམས་མ་བཞག་པར་མཆན་གྱི་དཔེ་ཆ་དེ་སར་ལྷུང་།  ཁོས་དཔེ་ཆ་ཡར་ལེན་གྲབས་བྱེད་སྐབས་ད་གཟོད་དཔེ་ཆ་དེ电影是什么?ཞེས་པའི་དེབ་དེ་ཡིན་པ་ཤེས་ཤིང་། ཁྲིད་དེབ་མིན་པ་གཞི་ནས་རྟོགས་ཏེ་ཅུང་ངལ་བའི་ཉམས་དང་བཅས་ཕྱིར་འཁོར་ནས་བརྒྱུགས་སོང་།  བརྙན་མིག་ལས་ཐར་ཐོར་གྱི་ལྗོན་པ་འགའ་མཐོང་འོང་ཞིང་། དེའི་ཕག་ཏུ་ཁོ་རང་ཕྱིར་བརྒྱུག་འོང་བ་མཐོང་། དེ་ནས་ཉལ་ཁང་གི་རྡོ་སྐས་སུ་ཡར་འཛེགས་ཏེ་ཡོང་བཞིན་པ་མཐོང་། ཁོ་ཉལ་ཁང་གི་བར་འཁྱམས་སུ་ཐོན་ཞིང་ཉལ་ཁང་གི་སྒོར་ཐོན་མ་ཐག   ད་གཟོད་རང་གིས་བརྒྱབས་པའི་ལྕགས་ཟྭ་དེ་མཐོང་། དེ་ནས་ལུས་ཀྱི་ཁུག་མ་གློངས་གློངས་འགའ་བྱས་ཤིང་ལྡེ་མིག་རང་ལག་ཏུ་མེད་པ་གཞི་ནས་དྲན། ཁོ་རང་རེ་ཐག་ཆད་པའི་ཉམས་ཀྱིས་མགོ་བོ་ཐུར་སྨད་ཅིང་ཕྱིར་ཡོང་།  ཁོ་རང་སྔོན་གྱི་ལམ་དེའི་ནང་དལ་མོར་ཡོང་བཞིན་པའི་སྐབས། ལུས་རྩལ་ར་བའི་ནང་འགྲོ་སའི་ལམ་དང་སློབ་ཁང་ནང་འགྲོ་སའི་ལམ་ནས་གཉིས་ཀྱི་གཞི་མདོ་ནས་འདང་རྒྱག་ངང་ལུས། སྐབས་དེར་ཁོ་རང་འདང་རྒྱག་དང་བསམ་གཞིག་གི་རྒྱ་རུ་ཚུད་ཅིང་། ཅུང་འགོར་རྗེས་ཁོ་རང་ལུས་རྩལ་ར་བའི་ཕྱོགས་སུ་འཁོར།
 
༦ ཕྱིིའི་བརྙན། ལུས་རྩལ་ར་བ། ཞོགས་པ།
       བརྙན་མིག་ལས་ཁོ་རང་གན་རྐྱལ་དུ་འགྱེལ་ཞིང་ལོགས་སུ་དཔེ་ཆ་བཞག་སྟེ་ཁ་གནམ་ལ་འཁོར་ནས་བསྡད་འདུག་པ་མཐོང་། ཁོའི་མིག་གཉིས་འབྱེད་མ་བཙུམས་ཀྱིས་གནམ་ལ་ཅེར་ཏེ་བསམ་གཞིག་བྱེད་ཀྱིན་འདུག  སྐྱོ་ཤས་འདྲེས་པའི་རོལ་དབྱངས་ཤིག་ཀྱང་གྲགས་འོང་།    ཅུང་འགོར་རྗེས།  ཁ་པར་གྱི་འབོད་སྒྲ་གྲགས་འོང་།   ཁོས་དལ་མོར་ཁ་པར་ཕྱིར་བླངས་ཤིང་ཁ་པར་གྱི་སྒོ་བརྒྱབས་ཏེ་ལོགས་སུ་བཞག  རོལ་དབྱངས་དེ་མུ་མཐུད་དུ་གྲགས་འོང་། དེ་ལྟར་དུས་ཚོད་ཅུང་ཕྱིན་ཞིང་། བརྙན་མིག་ལས་ཁོ་གཉིད་ཚུལ་དང་རིམ་བཞིན་མིག་གཉིས་མངོན་གསལ་གྱིས་ཤར་ཡོང་།༼སྐབས་དེར་ཞོགས་པའི་དུས་ཚོད ༡༠དང་སྐར་མ་༤༠ལྷག་ཡིན་འདུག༽
              
༧  ཕྱིའི་བརྙན། ཐོག་ཁང། ཞོགས་པ། ༼འདི་ནས་བཟུང་འཁྲབ་ཚན་ཉི་ཤུ་བར་དུ་རྨི་ལམ་ཡིན།༽
 
     བརྙན་མིག་ལས་ཁོ་རང་ཉལ་ཁང་གི་བར་འཁྱམས་སུ་བྲེལ་འཚུལ་གྱིས་འགྲོ་བཞིན་པའི་རྒྱབ་གཟུགས་མཐོང་།  སྒོར་ཐོན་རྗེས་ཐད་ཀར་ཉལ་ཁང་དུ་འཛུལ་ཏེ་སྒམ་ལས་ཁྲིད་དེབ་བླངས་རྗེས་ཕྱིར་འཁོར་ཏེ་བརྒྱུགས། དེ་ལྟར་ཐད་ཀར་རྡོ་སྐས་དང་ལམ་ཕྲན་བརྒྱུད་དེ་སློབ་ཁང་གི་ཕྱོགས་སུ་བྲེལ་མྱུར་གྱིས་གོམ་སྟབས་བསྒྱུར།  ༼རོལ་དབྱངས་ལྷོད་པོ་ཞིག་ཀྱང་གྲགས་འོང་།༽
 
༨ ཕྱིའི་བརྙན། ཐོག་ཁང་གི་མདུན། ཉིན་གུང་།
      སློབ་ཁང་གི་ཐོག་ཁང་དག་རིམ་བཞིན་རྔམ་བརྗིད་ཀྱིས་ཤར་ཞིང་། དེ་དང་མཉམ་དུ་སློབ་ཁྲིད་གྲོལ་བའི་ཅོང་སྒྲ་ཡང་བར་མེད་དུ་གྲགས།  མི་ཚོགས་ནི་གྲོག་མ་བརྡོལ་བ་ལྟར་ཐོག་ཁང་གི་ཕྱོགས་སོ་སོ་ནས་འུར་ཆི་ལེར་སྒོར་ཐོན་འོང་།  སྐར་མ་ཡང་དེ་དག་གི་ཁྲོད་གསལ་བོར་མངོན་ཞིང་།
 
༩ ནང་གི་བརྙན། ཟ་ཁང་། ཉིན་གུང་།
           བརྙན་མིག་ལས་སྐར་མ་དང་ཁོའི་དགའ་གྲོགས་མ་གཉིས་ཀྱིས་མཉམ་དུ་གུང་ཟས་ལ་རོལ་བཞིན་འདུག་པ་མཐོང་།     སྒྲ་མི་ཐོས་པའི་ཁ་བརྡ་ཞིག་མཚམས་མི་ཆད་པར་བྱེད་ཅིང་། ལན་རེར་དགོད་པ་དང་སྐབས་རེར་པྲ་ཆལ་གྱི་ཟོལ་གྱིས་མ་རབས་བྱེད་པའི་ཚུལ་དག་མཐོང་།  
 
༡༠ཕྱིའི་བརྙན། ལམ་བར། ཉིན་གུང་།
        སྐར་མ་དང་ཁོའི་དགའ་གྲོགས་མ་གཉིས་ལག་རྡང་ངང་ལྗོན་པ་རབ་ཏུ་མང་བའི་ལམ་ཕྲན་ཞིག་ཏུ་དཔུང་བ་མཉམ་གཤིབ་ཀྱིས་འགྲོ་བཞིན་འདུག
དགའ་གྲོགས་མ།   སང་ཉིན་星期天ལ་ང་ཚོའི་ཉལ་ཁང་གི་བུ་མོ་ཞིག་གི་生日རོལ་གྱིན་འདུག   འུ་གཉིས་དེ་རུ་འགྲོ་རེ། ༼ཁོ་ལ་ཕུར་ཚུགས་ཀྱིས་བལྟས།༽
སྐར་མ།    སང་ཉིན་ང་རང་ཅུང་མི་ཁོམ། ངས་སློབ་ཁྲིད་ལས་བྱ་འགའ་བྲིས་མེད།
དགའ་གྲོགས་མ།   སུན་སྤྱད། ༼ཅུང་ཁྲོ་བའི་ཚུལ་གྱིས་སྐེ་དཀྱུས།༽
སྐར་མ།  སྤོ་མ་ལངས་འ། ཡང་མིན་ན་འུ་གཉིས་གཟའ་འཁོར་རྗེས་མར་རྩེ་རུ་འགྲོ
དགའ་གྲོགས་མ།   ཧུ   གང་ལྟར་ང་འགྲོ་རྒྱུ།  རང་ཉིད་གཟའ་འཁོར་རྗེས་མར་གཅིག་པུར་རྩེ་རུ་སོང་།
བརྙན་མིག་ལས་ཁོ་གཉིས་ཀྱི་རྒྱབ་གཟུགས་མཐོང་འོང་། བརྙན་དེ་རབ་རིབ་ནས་རབ་རིབ་ཏུ་གྱུར།
 
༡༡ ནང་གི་བརྙན། དཔེ་མཛོད་ཁང་། ཉིན་གུང་།
   དཔེ་སྒམ་མང་པོ་བསྟར་ལ་བརྒྱུས་པའི་དཔེ་མཛོད་ཁང་ཆེན་པོ་ཞིག་ཏུ།  སྐར་མ་ཁེར་རྐྱང་ངང་གློག་བརྙན་སྒྱུ་རྩལ་སྐོར་གྱི་དེབ་ཅིག་ལ་ཧད་ནས་འདུག   ཁོ་རང་དཔེ་སྒམ་ལོགས་ཀྱི་རྐུབ་སྟེགས་སུ་བསྡད་ནས།  ནན་ཏན་གྱིས་དེབ་དེར་བལྟས་ནས་བསྡད།
 
༡༢  ཕྱིའི་བརྙན། ལམ་བར།  ཉིན་གུང་ཡོལ་ཙམ།
   སྐར་མ་དཔེ་མཛོད་ཁང་ནས་སྒོར་བུད་ཅིང་མཆན་དུ་དེབ་ཅིག་བཙིར་ཏེ་ཐོན་འོང་།
ཁོ་རང་སུན་སྣང་ངམ་འདང་རྒྱག་པའི་ཟོལ་དང་བཅས་ཉལ་ཁང་ནང་ཐོན། 
 
༡༣  ནང་གི་བརྙན།  ཉལ་ཁང་། ཉིན་གུང་ཡོལ་ཙམ།
ཉལ་ཁང་ནང་མི་གཅིག་ཀྱང་མི་འདུག   ཁོས་རང་གི་མདུན་ཅོག་ལས་རྩིས་འཁོར་བླངས་ཏེ་སྒོ་ཕྱེས།    དེ་ནསwordཡི་ཁ་ཕྱེས།   ཁོ་རང་རྒྱབ་ཀྱི་གྱང་ངོར་བསྙེས་ཏེ་བསམ་གཞིན་བྱས།   མཚམས་ཤིག་ལ།  ཁོག་སྟོག་གློ་ཁུག་ནང་གློང་གློང་འགའ་བྱས་ཏེ་དུ་བ་ཞིག་སྒོར་བཏོན།  ཁོས་དུ་བ་རྐང་གཅིག་མེར་བསྒྲོན།   བརྙན་མིག་ལས་ཁོས་དབུགས་ཀྱི་དབྱིན་རྔུབ་དང་བསྟུན་དུ་ཞགས་གོར་མོ་དག་ཡོང་བ་ཤར་ཡོང་། ཁོ་རང་ཡར་ལངས་ནས་སྒེའུ་ཁུང་འགྲམ་དུ་ཕྱིན་ཏེ་ཕྱི་རོལ་ལ་བལྟས།      བརྙན་མིག་ལས་ཁོའི་རྒྱབ་གཟུགས་མཐོང་ཞིང་དུ་ཞགས་སྲབ་མོ་ཞིག་ཡར་འགྲོ་བཞིན་པ་འང་མཐོང་།
ཅུང་འགོར་རྗེས།  ཁ་རང་མལ་ཁྲིའི་སྟེང་གན་རྐྱལ་དུ་འགྱེལ་ཞིང་།  ཁ་པར་ལས་བདུད་བྷེའི་རྡུང་ལེན་འགར་ཉན་ནས་བསྡད།    
 
༡༤  ནང་གི་བརྙན། ཉལ་ཁང་ཞ ཉིན་གུང་ཡོལ་ཙམ།
གློ་བུར་དུ་ཉལ་ཁང་གི་སྒོ་ཁྲོག་སེར་ཕྱེས་བྱུང་། སྐར་མས་མགོ་ཡར་བཀྱགས་ཏེ་ལྟ་དུས་ཁོའི་གྲོགས་པོ་ཀ་བ་རེད། ཀ་བས་རྒྱབ་ཀྱི་དཔེ་ཁུག་ལེན་ཞོར་དུ་རང་གི་མལ་ཁྲིའི་སྟེང་བསྡད་ཅིང་། སྐར་མའི་ཕྱོགས་ལ་ལྟ་ཞོར།
༼ཁྱོད་ད་ནངས་སློབ་ཁྲིད་ལ་མ་ཡོང་བས་དགེ་རྒན་ལགས་ཀྱིས་སྡུག་དམོད་བྱེད་ཀྱིན་འདུག ༽
སྐར་མས་ལུས་ཡར་འགྲེང་སྟེ་ཀ་བའི་གདོང་ལ་བལྟས་ནས་ཐེ་ཚོམ་མམ་བསམ་གཞིག་གི་ཉམས་ཁྱད་པར་བ་ཞིག་ཐོན་འོང་།
ཀ་བ།  ༼ཅི་རེད།  མི་དྲན་ནི་མིན་ན།༽
སྐར་མ་ངང་གིས་ཡང་བསྐྱར་མལ་ཁྲིའི་སྟེང་འགྱེལ་ཞོར་ཁ་པར་ངོས་ལ་བལྟས།
སྐར་མ།   ཁྱོས་སློབ་ཁྲིད་ལས་བྱ་བྲིས་ཚར་ཨེ་ཡོད།  ༼རང་བཞིན་གྱི་ཉམས།༽
ཀ་བ།    ཅུང་ཚར་མེད།  ད་ཚར་ནི་ཚར་ནི་ཡིན།  ཡང་མིན་ན་འུ་གཉིས་ལས་བྱ་འབྲི་རུ་འགྲོ་རེ། ༼ཇ་ཕོར་ཞིག་ལ་ཧུབ་འདེབས་ཞོར་སྒེའུ་ཁུང་ལོགས་སུ་ཐོན།༽
སྐར་མ།   མི་འགྲོ       ངས་གློག་བརྙན་ཞིག་ལ་ད་དུང་བལྟས་ཚར་མེད།
ཀ་བ།   གློག་བརྙན་གང་།
སྐར་མ།    རྒྱ་གར་གྱི་གློག་བརྙན༼ གླེན་པ་སྤུན་གསུམ།༽ཞེས་པ་དེ།
ཀ་བ།   ཨོ།   དེ་རྙིང་ཤོས་ཤིག་རེད། གནའ་ཟིག་ནས་བལྟས་ཚར་སོང་། ༼ཁོས་ཇ་ཕོར་ཞིག་ལ་ཧུབ་འདེབས་ཞོར་སྐར་མའི་མལ་ཁྲིར་ལུས་སྟོད་ཁེན་ཞིང་སྐར་མའི་ཕྱོགས་སུ་བལྟས་འདུག༽
སྐར་མ། ངས་ཀྱང་སྔོན་ནས་གོ་མྱོང་མོད།  དངོས་སུ་བལྟས་མ་མྱོང་།  ད་ཐེངས་ལྟ་བཞིན་ཡོད།  ངོ་མ་ལྟ་རྒྱུ་ཡོད་ཀི  སློབ་མ་ཞིག་ཡིན་ན་རན་ཆོ་ཡི་བསམ་བློ་འདྲ་ཏག་ཏག་དགོས་འདུག    སློབ་གྲྭར་རྒྱུགས་འབྲས་ཀྱི་ཆེད་དུ་ཡོང་བ་ག་ལ་ཡིན།
ཀ་བ།  དེ་ན་ཁྱོས༼ལྷམ་ཆུང་ཆུང་།༽ ཞེས་པར་ཨེ་བལྟས།
སྐར་མ།    བལྟས་དང་།  དེ་ཡག་ཐའ།
ཀ་བ།    ངོ་མ་ཡིད་འགུལ་ཐེབས་སྤྱད་ཟེར་བ་རེད་འདུག 
བརྙན་མིག་ཁོ་གཉིས་ཀྱི་ཁ་བརྡ་དང་རིམ་བཞིན་གྱེས་ཤིང་།  ཁོ་གཉིས་ཀྱིས་ཁ་བརྡ་བྱེད་བཞིན་པའི་སྒྲ་ཡང་མི་ཐོས་པར་གྱུར།  ཁོ་གཉིས་ད་དུང་མུ་མཐུད་དུ་ཁ་བརྡ་བྱེད་ཀྱིན་པ་ངང་གིས་ཤེས་སྲིད།
 
༡༥  ཕྱིའི་བརྙན། སློབ་ར། ཉིན་གུང་ཡོལ་ཙམ།
༼རྒྱ་ཆེ་བའི་ཉན་མཁན་དང་ལྟ་མཁན་རྣམས་པ།  བརྙན་འཕྲིན་འཕྲུལ་ཆས་འགྲམ་གྱི་
གྲོགས་པོ་གྲོགས་མོ་རྣམས་པ།  ཁྱོད་རྣམ་པ་བདེ་མོ་ཡིན་ནམ། ང་ནི་གནམ་འོག་གི་རྨ་ཁུག་དང་པོ། མི་ལ་མི་གཤིས་དང་པོ། ས་ལ་ས་གཤིས་དང་པོ། ཡ་གླིང་གི་རྩྭ་ཐང་མདོ་སྨད་རྨ་ཆུ་ནས་འོངས་པའི་འབྲོག་ཕྲུག་རྣལ་མ་ཞིག་ཡིན། ངའི་མིང་ལ་རྡོ་རྗེ་ཟེར། བཀྲ་ཤིས་བདེ་ལེགས།༽    བརྙན་མིག་ལས་ཀ་བས་འདི་ལྟ་བུའི་ཚིག་འགའ་ཆུ་བོའི་རྒྱུན་བཞིན་བརྡོལ་ཞིང་།   སྐར་མས་ཁོའི་མདུན་དུ་ཁ་པར་གྱི་བརྙན་མིག་ཚད་དེ་གདོང་ལ་བཅོས་མིན་གྱི་འཛུམ་ཞིག་ཁེངས་བཞིན་ཡོད།  ཀ་བས་ཅུང་བྱང་ཆ་ལྡན་པའི་ཉམས་ཤིག་སྟོན་མོད་ཀྱང་།  དོན་དངོས་སུ་དེ་འདྲ་ཞིག་མིན་པར་ཁོར་དགོད་ཁ་འཆོར་བ་འམ་ཚུལ་འཆོས་ཀྱི་ཉམས་ཤིག་ཤུགས་སུ་མངོན་ཡོད།  སྐར་མས་ཧ་ཅང་སྤྲོ་སྣང་གིས་ཁོ་རང་བརྙན་ལེན་བཞིན་འདུག     དེ་ནས་ཀ་བས་བརྙན་ཕབ་ཅིང་སྐར་མས་ཁ་པར་གྱི་བརྙན་མིག་མདུན་དུ་འདི་ལྟར་བཤད།
༼རྒྱ་ཆེ་བའི་གྲོགས་པོ་རྣམས་པ།  ང་སྐར་མ་ཡིན།  ངའི་ཕུགས་བསམ་ཉག་གཅིག་ནི་ང་རང་བོད་ཀྱི་ངེས་དོན་གྱི་གློག་བརྙན་སྒྱུ་རྩལ་པ་ཞིག་ཏུ་གྱུར་རྒྱུ་དེ་ཡིན། ངས་འབད་པ་ཧུར་ཐག་བྱ་ངེས།  ངས་རྣམ་པ་གསར་བའི་གློག་བརྙན་གྱི་སྐྱ་རེངས་ཤིག་ས་ཆེན་ཁ་བ་རི་བོའི་ཡང་སྟེང་དུ་བསུ་ངེས་ཡིན།  བཀྲ་ཤིས་བདེ་ལེགས། ༽   ཀ་བས་བརྙན་ཕབ་དུས་སྐར་མ་ལྟར་གཟབ་ནན་ནམ་བློ་རྩེ་གཅིག་སྒྲིམ་ཞིག་གཏན་ནས་མ་ཡིན་པར། དེ་འདྲའི་དོ་སྣང་མི་བྱེད་མོད།  སྐར་མའི་ཉམས་འགྱུར་ནི་ཧ་ཅང་ཚད་ལྡན་ཞིག་ཡིན།
དེ་ནས་ཁོ་གཉིས་མཉམ་དུ་ལོགས་ཀྱི་རྡོ་སྟེགས་སུ་བསྡད་བརྙན་དག་ལ་བལྟས། མཚམས་རེར་དགོད་ཁ་འང་ཤོར།
 
༡༦  ནང་གི་བརྙན། སློབ་ཁང་། ཕྱི་དྲོ།
བརྙན་མིག་ལས་སློབ་ཁང་ནང་སློབ་ཁྲིད་འཚོགས་ཡོད་པའི་རྣམ་པ་ཤར་ཡོང་།  སློབ་གྲོགས་མང་པོས་ཁྲོད་ལ་ལས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་ལ་ཉན་བཞིན་པ་དང་ལ་ལས་སེམས་གཡེང་བ་སོགས་སྣ་ཚོགས་མཐོང་སྲིད།  སྐར་མ་འང་དེའི་ཁྲོད་དུ་ཡོད་ལ་ཁོས་བསླབ་ཕྱིའི་དཔེ་ཆ་ཞིག་ལ་ལྟ་བཞིན།  མཚམས་མགོ་ཡར་བཀྱགས་ནས་དགེ་རྒན་ལ་ལྟ་བ་དང་ཡང་མཚམས་རེར་དཔེ་ཆ་ལྟ།  ཁྲིན་ཚན་གྱི་དཔེ་ཆ༼དབྱིན་ཡིག༽ལོགས་སུ་བཞག་འདུག   དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་སྐད་དེ་དག་ལས་ཅུང་མངོན་གསལ་ངང་ཐོས་ཐུབ། ཅུང་འགོར་རྗེས།  བརྙན་མིག་ལས་སྐར་མ་སྒེའུ་ཁུང་ཕྱི་རོལ་དུ་ཧད་འདུག་པ་མཐོང་།  དེ་ནས་ཡང་ལག་མགོར་བཏགས་པའི་འཕྲེང་བ་དེར་ཕུར་ཕུར་བྱེད་ཞོར་སེམས་པ་དེ་ལ་ཤོར་འདུག    
སྐབས་ཤིག་ལ།   སློབ་ཁྲིད་གྲོལ་བའི་ཅུང་སྒྲ་གྲགས་བྱུང་།  སྐར་མའི་རང་གི་རྒྱབ་ཁུག་ཁུར་ཏེ་སྒོར་བུད།
 
༡༧   ཕྱིའི་བརྙན། སློབ་ར། ཕྱི་དྲོ།
       གསེར་མདོག་རྟ་བདུན་དབང་བོ་ནུབ་རིའི་མཚམས་སྦྲིན་གསེབ་ཏུ་ཡིབ་བཞིན་པ་མཐོང་ཞིང་།  སྐར་མས་མུ་མཐུད་དུ་མདུན་ཕྱོགས་གཟས་ཏེ་སོང་།   གློ་བུར་དུ་ཁོའི་ཁ་པར་གྱི་འབོད་སྒྲ་གྲགས་བྱུང་།  ཁ་པར་བླངས་ནས་ལྟ་དུས་འཆར་ངོས་སུ༼འཛིན་བདག་དགེ་རྒན༽བྲིས་འདུག   ཁོ་འཚབ་འཚུབ་ངང་ཁ་པར་གྱི་སྒོ་བླངས་ཤིང་། གདོང་ལ་གཟབ་ནན་གྱི་ཉམས་ཤིག་ཤར་ཞོར། ༼ཨོ །   ཡ་ཡ   ང་ད་ཐོན།༽ཞེས་ཁ་པར་སྒོ་བརྒྱབ་ཅིང་ཁ་ཕྱིར་འཁོར་ཏེ་བརྒྱུགས།
 
༡༨  ནང་གི་བརྙན།  ཐོག་ཁང་ནང་། ཕྱི་དྲོ།
བརྙན་མིག་ལས་ཁོ་རང་སློབ་ཁང་གི་ཐོག་བརྩེགས་སུ་ཤེད་ཀྱིས་རྒྱུགས་ཀྱིན་གོམ་སྒྲ་ཐོས་ཤིང་།  གཟིགས་ཀྱང་ཤར།   ཁོ་བཞི་ཐོག་ཏུ་ཐོན་ཞིང་བྲེལ་འཚུབ་ཀྱིས་སློབ་ཁང་ཞིག་གི་ཕྱོགས་སུ་སོང་།
 
༡༩ ནང་གི་བརྙན། སློབ་ཁང་། ཕྱི་དྲོ།
བརྙན་མིག་ལས་ནང་གི་ཁང་བའི་སྒོ་ཤར་འདུག་ཅིང་གློ་བུར་དུ་ཁྲོག་སྒྲ་ཆེན་པོ་ཞིག་དང་བཅས་སྒོ་ཕྱེས།
 
༢༠ ཕྱིའི་བརྙན། ལུས་རྩལ་ར་བ། ཞོགས་པ།
                       ༼མཚམས་འདི་ནས་ཁོ་རང་རྨི་ལམ་རིང་མོ་དེ་ལས་སད།༽
     བརྙན་མིག་ལས་སྐར་མས་དངངས་སྐྲག་དང་བཅས་མགོ་བོ་ཡར་བཀྱགས།  མ་གཞི་ཁོ་ལུས་རྩལ་ར་བའི་ནང་གཉིད་འདུག   ཕྱོགས་སོ་སོ་སྔར་བཞིན་ལྷིང་འཇགས་སེར་གནས་འདུག་ལ།  ལུས་རྩལ་ར་བའི་ནང་མི་རེ་གཉིས་མཐོང་མོད་ཀྱང་ཡོད་ཚད་ལྷོད་ཡང་བསྡད་འདུག   ཁོས་མིག་གཉིས་མདུན་ཐད་དུ་ཅེར་ཞིང་ཅུང་ཡ་མཚར་བའི་ཉམས་དང་བཅས་མགོ་བོ་ལག་པས་བྱིལ་ཙམ་བྱས།  དེ་ནས་ལོགས་ཀྱི་ཁ་པར་བླངས་ཏེ་ལྟ་དུས།  ཁ་པར་འཆར་ངོས་སུ་དུས་ཚོད  ༡༠  དང་སྐར་མ ༤༡ ཡིན་འདུག  ཁོ་ཡར་ལངས་ཤིང་ལུས་ཕུང་སྤྲུག་གསིག་ཙམ་བྱས་ཏེ་དཔེ་ཆ་ལག་ཏུ་བཟུང་ནས་ཉལ་ཁང་ཕྱོགས་སུ་སོང་།
 
༢༡  ནང་གི་བརྙན། ཐོག་ཁང་ནང་།  ཞོགས་པ།
      བརྙན་མིག་ལས་ཁོ་རང་ཉལ་ཁང་བར་འཁྱམས་སུ་ཡོང་བཞིན་པ་མཐོང་།  ཁོ་ཉལ་ཁང་གི་སྒོར་ཐོན་དུས་ཉལ་ཁང་ལ་ཟྭ་བརྒྱབ་འདུག   ཁོས་ཟྭ་དེ་ཅུང་བལྟས་རྗེས།  ཁ་ཕྱིར་འཁོར་ཞིང་མགོ་བོ་སྨད་དེ་སོང་།  བརྙན་མིག་ལས་ཁོ་ཕྱིར་འགྲོ་བཞིན་པའི་རྒྱབ་གཟུགས་མཐོང་འོང་།   རིམ་བཞིན་སྐྱོ་སྣང་གི་རོལ་དབྱངས་ཤིག་དང་བཅས་བརྙན་ཐུང་ཡོད་ཚད་མཇུག་རྫོགས་སོང་།
 
                                                    ༢༠༡༤ལོའི་ཟླ༤བའི་ཚེས༢༩ཉིན་བྲིས་ཚར།

             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།