གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཏམ་རྗོད་ཟློས་གར། སྒྲོལ་མའི་རྐང་སྣམ།

2014-12-12 05:16:11 སྐྱབས་ཆེན་བདེ་གྲོལ། ཀློག་གྲངས། མཆན ཡོད།


 མི་སྣ།   བཟི་བོ།  མི་ཀ་བ།(རྒྱ་མི་ཞིག) མི་ཁ་བ།(གྲྭ་བ་ཞིག)
   དུས་ཚོད།  ཉིན་གུང༌།
  
  གར་སྟེགས་ཀྱི་དབུས་སུ་ཚོན་རྩི་བྱུགས་པའི་ལྕགས་སྒོ་ཞིག་ཡོད་ཅིང་དེའི་མདུན་དུ་ལྕགས་ཀྱི་སྐུད་པ་ཞིག་འཕྲེད་དུ་དཔྱངས་པའི་སྟེང་དུ་བུད་མེད་
ཀྱི་རྐང་སྣམ་ཞིག་བཀལ་ཡོད། 
(མི་ཀ་བ་དང་ཁ་བ་གཉིས་ཀྱིས་ནང་དུ་བཟི་བོ་བཅུག་པའི་འགྱིག་གི་ཁུག་མ་ཆེན་པོ་ཞིག་བཀྱགས་ཡོང་སྟེ་གར་སྟེགས་ཀྱི་དབུས་སུ་བཞག་རྗེས་གར་སྟེགས་ཀྱི་གཡས་གཡོན་གཉིས་སུ་སོང་སྟེ་རུམ་ནས་སྒྲོལ་མའི་འདྲ་སྐུ་རེ་བླངས་ནས་མགོ་ཐོག་ཏུ་བཞག་པ་དང་གནས་དེ་ནས་འགུལ་ཙམ་ཡང་མི་བྱེད)
(བཟི་བོ་དལ་མོར་འགྱིག་ཁུག་ནང་ནས་འཕགས་ཡོང་བ་དང་ཁོས་དེ་ནས་རྒྱབ་ཀྱི་ལྕགས་སྒོ་དེ་རྡུང་བ)
 

  བཟི་བོ། (ཀི་འདེབས་པ)ཀི  ཀི  ཀི སྒྲོལ་མ། སྒྲོལ་མ། སྒྲོལ་མ། 
 (སྐབས་དེར་རོལ་དབྱངས་དལ་མོར་གྲགས་ཤིང་ཁོས་གར་སྟེགས་དཀྱིལ་གྱི་ལྕགས་སྒོ་དེ་ཤེད་ཀྱིས་བརྡུངས)
     ཝེ། སྒྲོལ་མ། སྒྲོལ་མ། སྒྲོལ་མ། སྒོ་ཕྱེ་ཡ། སྒོ་ཕྱེ་ཡ། ཁྱོད་གཉིད་ཡོད་པ་ཡིན་ནམ། ཡང་ན་ཁྱོད་ཤི་ཡོད་པ་ཡིན།  ཁྱོད་གཉིད་ཡོད་པ་ཡིན་ན་མྱུར་མོར་སད་དུ་འཇུག་རོགས། ཤི་ཡོད་པ་ཡིན་ནའང་ཁྱོད་ཀྱིས་ང་ལ་སྒོ་ཕྱེ་དང་ངས་ཁྱོད་ཀྱི་རོ་དུར་ཁྲོད་དུ་བསྐྱལ་ཡ།
   (རུམ་ནས་མེ་ལོང་ཆག་པོ་ཞིག་བླངས་ཤིང་དེའི་ནང་དུ་བལྟས་ནས)སྒྲོལ་མ། སྒྲོལ་མ།
   ཁྱོད་འདིའི་ནང་དུ་ཤར་འདུག ཁྱོས་འདིའི་ནང་ན་སྒོར་ཟུར་གཉིས་ཅན་གྱི་ཀ་ར་འབུགས་རྒྱག་ཅིག་ལྡད་ཀྱིན་འདུག ཁྱོད་ཀྱིས་ང་ལ་མ་ལྟ། 
ངས་ཁྱོད་ལ་བལྟ། ས་འདི་ནས་ཁྱོད་མཛེས་པའི་བུ་མོ་དེ་ཁྱོད་མ་རེད། ཆེས་མཛེས་པའི་བུ་མོ་དེ་ཞའོ་ཧོང(晓红)རེད། ཞའོ་ཧོང་གི་འཕྲོ་ནས་མེ་ཏོག་རེད། མེ་ཏོག་གི་འཕྲོ་ནས་ཀྲང་ལྷ་མོ་རེད། ཀྲང་ལྷ་མོའི་འཕྲོ་ནས་ཁྱོད་རེད། 
   (གློ་ལུ་ཆེན་པོ་ཞིག་བརྒྱབ་ནས་མེ་ལོང་གི་ངོས་མི་གསལ་བར་བྱས་རྗེས) ཨེ་སྒྲོལ་མ། 
        ཁྱོད་འདིའི་ནང་ནས་མི་གསལ་གི རླངས་འཁོར་གྱི་ཤེལ་སྒོ་ཕྱི་རྒྱལ་གྱི་ནང་འདྲེན་བྱས་པ་དེའི་ནང་ནས་ཁྱོད་གསལ་རྒྱུ་རེད། 
 (མེ་ལོང་རུམ་ལ་བཅུག་ནས་སྒོ་རྡུང་བཞིན)
       (ཅུང་གཏུམ་དྲག་དང་བཅས)སྒྲོལ་མ་ཡ། སྒྲོལ་མ། ཁྱོད་སུ་ཡིན། ངས་ཅི་ཡང་མི་རིག་གི  ཅི་ཡང་མཐོང་རྒྱུ་མེད་པ་དེ་ཁྱོད་ཨེ་ཡིན། ཟྭ་འདི་ཁྱོད་ཨེ་ཡིན། ལྕགས་འདི་ཁྱོད་ཨེ་ཡིན། 
        ལྕགས་འདི་ལས་མཁན་གྱི་མགར་བ་ཚོ་ཁྱོད་ཨེ་ཡིན།
  (ཁ་ཕྱིར་འཁོར་ནས)  སྡོང་བོ་འདི་ཚོ་ཁྱོད་ཨེ་ཡིན། མི་འདི་ཚོ་ཁྱོད་ཨེ་ཡིན། 
  (སྐད་ཆེན་པོས)  སྒྲོལ་མ། སྒྲོལ་མ། 
(ཅུང་དཔའ་ཞུམ་པའི་ངང)གན་སྡོང་བོ་ཞིག་རེད་དམ་ཉེན་རྟོག་པ་ཞིག་རེད། སྡོང་བོ་ཞིག་ཡིན་ན་ངས་དེའི་གམ་ནས་གཅིན་པ་གཏང་དགོས། ཉེན་རྟོག་པ་ཞིག་ཡིན་ན་ང་རང་ཁྲིམས་ལ་སྦྱར་རོགས།
       ཡ། སྡོང་རྒན། ཉེན་རྟོག་པ། ཁྱོད་ངའི་ཕྱོགས་ལ་ཅེར་ནས་མ་འདུག 
      (ཁ་པར་གྱི་རོལ་དབྱངས་ཡོ་རོབ་ཀྱི་ཨ་གསར་གླུ་དབྱངས་ཤིག་གྲགས)
      (ཁོའི་ཁ་པར་བླངས་ནས)
       ཨོ། ང་ཡིན། ང་ཡིན། ང་ཐག་ཉེ་ཞིག་ནས་འདུག་མི་འདོད། ཐག་རིང་ཞིག་ཏུ་སླེབ་མེད། ཁྱོད་ཀྱིས་རང་ཉིད་ཚེ་གང་བོར་གནས་དེ་ནས་འདུག་པའི་དམ་བཅའ་འཇོག་ཨེ་ཐུབ། རེད་ཡ། དམ་བཅའ། དུ་བ་མི་འཐེན་པ་དང་ཤ་མི་ཟ་བ་ནང་བཞིན་དམ་བཅའ་འཇོག་ཨེ་ཐུབ། ཁྱོད་ཀྱིས་ངའི་ཁ་པར་མ་
གཏོགས་ད་དུང་ཅི་ཞིག་ལ་ཉན་བཞིན་ཡོད།收音机ལ་ཉན་བཞིན་ཡོད་དམ། གནམ་གཤིས་གནས་ཚུལ་གྱི་ནང་ན་ཚ་བ་རྒྱས་ཀྱིན་ཨེ་འདུག ཨོ། མི་འགའ་ཚིག་སོང་ཟེར་རམ། ད་དུང་ཁང་བ་འགར་མེ་ཤོར་སོང་། ང་ཚོའི་ས་སྒང་འདི་མེ་མདའ་ཞིག་གི་ཁོག་པར་འགྱུར་གྱིན་ཡོད་པ་ཨེ་རེད། དེ་ན་ང་དང་
ཁྱོད་གཉིས་ཀ་མདེའུ་རེ་རེ་མ་ཡིན་ནམ། མགོ་ཆེ། མགོ་ཆེ། མགོ་ཆེ། ཨ། ཁྱོད་ངའི་གམ་ལ་ཡོང་རྒྱུ་ཡིན་ནམ། ཁྱོད་སུ་ཡིན།
   (ཁོས་ཁ་པར་ཨམ་ཕྲག་ཏུ་བཅུག་ནས་མུ་མཐུད་དུ་སྒོ་བརྡུངས)
      སྒྲོལ་མ། སྒོ་ཕྱེ་ཡ། སྒྲོལ་མ། སྒོ་ཕྱེ་མི་འདོད་ནའང་སྒྲ་ཞིག་གྲག་གི་ཅུག ལུད་པ་ཞིག་ལུ་ནའང་ཆོག ཅ་ལག་ལ་ཁྲོག་སྒྲ་ཞིག་གྲག་གི་བཅུག་ནའང་ཆོག  མལ་ཁྲིར་ཙིར་སྒྲ་ཞིག་གྲག་གི་བཅུག་ནའང་ཆོག གང་ལྟར་སྒྲ་ཞིག་གྲག་གི་ཆུག སྒྲོལ་མ། ཁྱོད་ལ་སྒྲ་ཞིག་ཀྱང་གྲག་རྒྱུ་མེད་པ་འདི་ཅི། ཁྱོད་ལ་སྒྲ་ཞིག་
གྲག་རྒྱུ་ཀྱང་མེད་ན། ཁྱོད། ཁྱོད། སྒྲོལ་མ་མ་རེད། ཁྱོད་སྒྲོལ་བ་རེད། ཧ་ཧ།
   (སྒོ་འགྲམ་ནས་སར་ཙོག་སྟེ་སྣ་གླུ་ལེན་པ)ཤར་ཕྱོགས་རི་བོའི་རྩེ་ནས།། དཀར་སེལ་ཟླ་བ་ཤར་བྱུང༌།། མ་བཅོས་ཨ་མའི་ཤ་རུས།། ཡིད་ལ་ཡང་ཡང་འཕུར་ཡོང༌།། མི་ཡག་གི མི་ཡག་གི ང་ལ་རྟ་ཞིག་ཡོད་པ་སྤྱང་ཀིས་ཟོས་བྱུང༌།། སྤྱང་ཀིའི་ཁ་དེ་རྟ་ཕོའི་ར་ལས་ཆེ་བ།། ང་ལ་གསེར་ཞིག་ཡོད་པ་སྒྲོལ་མས་
བརྐུས་སོང༌།། སྒྲོལ་མའི་ལག་པ་གསེར་གྱི་འོད་ལས་མྱུར་བ།། ང་ལ། ང་ལ། ང་ལ། ཆང་ཞིག་ཡོད་པ་ལམ་ནས་བོར་སོང༌།། ལམ་ཁའི་དོང་དེ། དོང་དེ། (ས་ལ་དོང་གི་དབྱིབས་ཀྱི་ཐིག་རིས་ཤིག་འབྲི་བའི་ཚུལ་གྱིས)ཆེན་པོ་ཆེན་པོ་ཞིག་རེད། 
    (ཁ་པར་གྱི་རོལ་དབྱངས་རྒྱ་སྐད་ཀྱི་དགོད་གཏམ་ཞིག་གྲགས)
         ཨ་རོ། 你好,在干什么? 会上人多不多? 我想一想. 明天没有时间,从后天开始有的是时间.真的,发誓.我想你,喂!喂!
        (ཡར་ལངས་ཏེ་སྒོ་རྡུང་བ)སྒྲོལ་མ། ཁྱོད་ནང་དུ་མེད་པ་མིན་ན་སྒོ་ཕྱེ་རོགས། ང་སྒོ་ཁ་ནས་མི་སྐྱིད་པ་མིན་ནའང་ནང་དུ་ཡོང་འདོད་གི སྒོ་ཁ་ནས་ཅུང་མི་སྐྱིད་སྤྱད་ཅིག་ཡོད་པ་ནི་ཅུང་དྲོ་གི
   སྒོ་ཁ་ན་འབུ་མང་གི མི་མང་གི དྲང་མོར་བཤད་ན་སྒོ་ཁ་ནས་མི་སྐྱིད་གི 
  (ཁ་ཕྱིར་འཁོར་ནས)སྒྲོལ་མ། ས་ག་བཏགས་སྒ་ར་རྟ་སྒྲ་ན་རོ་སྒྲོ་ལ་བཞག་སྒྲོལ། མ། རྒྱ་གར་སྐད་དུ་ཏཱ་རཱ། རྒྱ་ནག་སྐད་དུ་ཏུའུ་མུའུ། འཇིགས་པ་བརྒྱད་ལས་སྒྲོལ་བའི་ཆ་ནས་བཏགས་པའི་ཡི་དམ་ལྷ་མོའི་རིགས་ཤིག་སྟེ། ནང་གསེས་སུ་སྐུ་མདོག་དང་ཕྱག་མཚན་མི་འདྲ་བར་དབྱེ་བ་ཉེར་གཅིག་ཏུ་
ཕྱེ་ཡོད། མིང་གི་རྣམ་གྲངས་ལ(གོང་མཛུབ་ལྟད་མོ་བའི་ཕྱོགས་སུ་གཏད་ནས)  རྒྱལ་ཡུམ་དང༌། ཆོས་ཀྱི་དཔལ་མོ། མཆོག་གི་མ། འཇིག་རྟེན་དབང་ཕྱུག་སྲས་མོ། མྱུར་སྐྱོབ། ཕོངས་སྐྱོབ། ཞི་མ། ལེགས་བྱིན་མ། ཨོམ་མཛད་མ་བཅས་སོ།། 
    (གདོང་གར་སྟེགས་ཀྱི་གཡོན་ངོས་སུ་གཏད་ནས)ཨེ་གོ་ཐལ། ཨ་རོག་ཁྱོད་ཀྱིས་ཨེ་གོ་ཐལ། (རུམ་ནས་ཁ་པར་བླངས་ཏེ་རང་གིས་རང་པར་དུ་རྒྱག   མུ་མཐུད་དུ་སྒོ་རྡུང་བ)
     སྒྲོལ་མ། སྒྲོལ་མ། ཁྱོད་ཀྱིས་སྒོ་ཕྱེ་དང་ངས་ཁྱོད་པར་དུ་རྒྱག ངས་སྤྱོད་ཁང་རྒྱབ་ལྗོངས་བྱས་ནས་ཁྱོད་པར་དུ་ཅིག་རྒྱག ཨེ། ཁྱོད་ཀྱིས་ངོ་མ་སྒོ་མི་ཕྱེའམ། དེ་ན་ངས་ཁྱོད་ཀྱི་སྒོ་པར་དུ་རྒྱག་རྒྱུ་ཡིན། མ་རེད། ངས་འདིའི་ལྡེ་མིག་འཚོལ་རྒྱུ། མ་རེད། མ་རེད། ངས་སྒོ་གཅག་རྒྱུ་ཡིན། 
     (དབུགས་མགྱོགས་པོར་ལེན་བཞིན་མ་ཎི་འདོན་པའི་གདངས་ཀྱིས)ངས་སྒོ་གཅག་རྒྱུ་ཡིན། ངས་སྒོ་གཅག་རྒྱུ་ཡིན། ངས་སྒོ་གཅག་རྒྱུ་ཡིན། ངས་སྒོ་གཅག་རྒྱུ་ཡིན། (སྐད་མཐོན་པོས) ངས། སྒོ། གཅག རྒྱུ། ཡིན། (ཁུ་ཚུར་གྱིས་ཤེད་ཀྱིས་རྡུང་བཞིན)སྒོ་འདི་ཐའེ་སིན་གྱི་འགྲམ་པ་ལས་ཀྱང་སྲ་མོར་
འདུག སྒྲོལ་མ། སྒྲོལ་མ། ཐེ་སིན། ཁྱོད་ཀྱི་གམ་ན་ཐེ་སིན་ཡོད་པ་མིན་ན་ང་ལ་སྒོ་ཕྱེ་་་རོགས།
     (ཁ་པར་གྱི་རོལ་དབྱངས་ཕྱི་གླིང་བའི་འཕྱོ་གསིག་གླུ་དབྱངས་ཤིག་གྲགས)
     (ཧ་ཅང་གཟབ་ནན་གྱིས)ཨོ། རེད། ཉུང་ཉུང་ཞིག་བྱོས་དང་ཆོག་གི  དེ་མིན་ན་མེད་ཀི  
      ཡོང་རྒྱུ་རེད། ཁྱིས་འཛིན་ཡང་སྲིད། སྐྲག་མི་དགོས། གླུ་མ་ལེན་ཞེས་ཤོད། སྐད་ཆ་ནམ་ལངས་པ་འདྲ་བ་ཞིག་བཤད་ཀྱང་ཆོག མང་བོ་ཞིག་མ་དགོད། རབ་ཡིན་ན་གཏན་ནས་མ་དགོད།  ཚུར་ཡོང་དུས་ངེས་པར་དུ་གནམ་གྲུར་བསྡད་ནས་ཤོག ལམ་ཁ་ནས་པར་འགའ་རྒྱག་དགོས། ཡ། ཨུན། རྗེས་
ནས་ཁ་པར་རྒྱག བདེ་མོ།
        སྒྲོལ་མ་ལོ་ལོ། སྒྲོལ་མ་ལོ་ལོ། སྒོ་ཞིག་ཕྱེས་དང༌། ཤ་ཞིག་སྦྱིན། ཤ་ཞིམ་པོ་ཞིག་སྦྱིན། དེ་མིན་ན་གོ་རེ་ཞིག་སྦྱིན། ཁྱོད་ཚོ་གོ་རེ་ཟ་རྒྱུར་དགའ་བ་མིན་ནམ། གོ་རེ་ཟོས་ན་ཧྲ་གི་མོ། སྒོར་མོ་གྲོན་ཆུང་བྱེད་ཐུབ་ཀི་མོ། (གློ་བུར་ཏུ་དྲན་པའི་ཚུལ་གྱིས)སྒོར་མོ། (གདོང་ནམ་མཁར་གཏད་ནས) སྒོར་མོ། སྒོར་
མོ། ཨ། སྒོར་མོ་མཐུ་རྩལ་ཅན། ཁྱོས་དམར་ཆུང་སྲོག་གི་ཁེབས་མ་བྱེད་དགོས། ཁྲ་ཆུང་མིག་གི་ལྩིབས་མ་བྱེད་དགོས། ཁྱོད་བྱེའུ་བཞིན་དུ་ཞོག་ནས་ཤོག ཁྱོད་གྲོག་མ་བཞིན་དུ་འདུར་ནས་ཤོག ཨ། སྒྲོལ་མ། ཨ། སྒོར་མོ།
        སྒྲོལ་མ། སྒྲོལ་མ། ངས་ཁྱོད་ལ་དགོས་པའི་སྒོར་མོ་ཉི་ཤུ་རྩ་གཅིག་པོ་ཁྱེར་ཡོང་ཡོད། ངས་ཁྱོད་ལ་མེ་ཏོག་ཅིག་ཁྱེར་ཡོང་ཡོད། ངས་ཁྱོད་ལ་ང་ཁྱེར་ཡོང་ཡོད།
   སྒྲོལ་མ། (ངུ་ཤུམ་དང་བཅས)ཁྱོད་ལ་སྒོའང་འབྱེད་པའི་སྤོབས་པ་མེད་ན་ཁང་ཆུང་འདིར་གཅིག་བུར་ཉལ་བའི་སྤོབས་པ་ག་ལ་ཡོད། ཁྱོད་ཁང་ཆུང་འདིའི་ནང་ན་འདྲེ་ཡོད་པར་མི་སྐྲག་གམ། ངས་ཇི་ལྟར་འདང་བརྒྱབ་ཀྱང་ཁང་ཆུང་འདིའི་ནང་ན་འདྲེ་ཡོད་རྒྱུ་རེད། འདྲེས་ཁྱོའི་སྙིང་གི་དཀྱིལ་དུ་རང་གི་ཚང་བཅས་ཏེ་ཁྱོད་ལ་སྒོ་འབྱེད་དུ་འཇུག་གི་མེད་པ་ཁོ་ཐག་རེད། ཨ་རོ། སྒྲོལ་མ། སྒྲོལ་མ། 
      (ཁ་པར་གྱི་སིལ་སྒྲ་སྒྲོལ་མ་སྒྲོལ་མ་ཞེས་པ་གྲགས)
      
  བུད་མེད་ཅིག་གི་སྐད།  ཨེ། དམྱལ་བ་བོ།
       
  བཟི་བོ།  ཁྱོད་སུ་ཡིན།
  
   བུད་མེད། མི་ཤེས་ཁུལ་མ་བྱེད། ང་སྒྲོལ་མ་ཡིན་ཡ། མགྱོགས་པོར་མི་ཡོང་བར་ལམ་ཁ་ནས་ཅི་ཞིག་བྱེད་ཀྱིན་ཡོད། ཀ་རེ་ཀོ་རེ་མ་བྱེད་པར་ངའི་སྒོ་ཁར་སྐེམ་པའི་རྐང་སྣམ་དེ་ཁྱེར་ནས་ཤོག 
  
  བཟི་བོ། (ཧ་ཅང་ཡི་རངས་པའི་ཚུལ་གྱིས)ཨོ་ཡ། (ལྕགས་གདང་དུ་བཀལ་བའི་རྐང་སྣམ་ཁྱེར་ནས་མགྱོགས་པོར་འགྲོ་བ)
         
                 (མི་ཀ་བ་དང་ཁ་བ་གཉིས་ཀྱང་ཁོའི་རྗེས་དེད་ནས་འགྲོ་བ)
           
                             —འཁྲབ་ཚན་མཇུག་རྫོགས་པ—

                           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།