གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟློས་གར་ཆུང་བ། ཕུ་ནུ་གཉིས།

2017-04-29 15:54:02 ཀླུ་རྒྱལ་དོན་གྲུབ། ཀློག་གྲངས། མཆན ཡོད།


འཁྲབ་གཞུང་ནང་གི་མི་སྣ། 

དབང་ཆེན་ཚེ་རིང་།   ལོ༤༦ཙམ།  སློབ་གྲྭ་ག་གེ་མོའི་བོད་ཡིག་གི་དགེ་རྒན་དང་དཔེ་ཆ་བ་ཡིན།
ཀླུ་མོ་སྐྱིད།   ལོ༤༣ཙམ།  སྲིད་གཞུང་ག་གེ་མོའི་གཞུང་ཞབས་པ་ཡིན།
ཚེ་རིང་བཀྲ་ཤིས།  ལོ༢༡ཙམ།  རྒྱ་ནང་གི་སློབ་ཆེན་ག་གེ་མོའི་སློབ་མ་ཡིན།
དོན་གྲུབ་དཔལ་ལྡན། ལོ༡༤ཙམ།  སློབ་འབྲིང་ག་གེ་མོའི་སློབ་མ་ཡིན།   

                             འཁྲབ་ཚན་དང་པོ། ལྷན་འཛོམས།

(བདེ་སྐྱིད་ལྡན་པའི་རོལ་མོའི་ཁྲོད་འཁྲབ་ཡོལ་ཡུན་གྱིས་ཕྱེ་བ་ན།ཨ་མདོ་རེབ་གོང་གི་རོང་ཁྱིམ་ཞིག་གི་ལྗོངས་རྣམ་མངོན་ཞིང་། ལྷས་ཀྱི་ཟུར་ཞིག་ཏུ་མདའ་ཤིང་གཉིས་མདའ་སྒྲོས་ལེགས་པར་བརྒྱན་ནས་བཞག་ཡོད། དབང་ཆེན་ཚེ་རིང་གིས་མདའ་ཤིང་ཞིག་གི་མདེའུ་ལ་ཚོན་འདིང་བཞིན་འདུག )

དོན་གྲུབ་དཔལ་ལྡན། (དགའ་སྣང་དང་བཅས་ཞུགས)ཨ་ཕ།  ཨ་མ།  (བསླངས་ཟིན་པའི་མདའ་ཤིང་གཉིས་ལ་བལྟས་ཏེ)ཨེ།  (ཨ་ཕ་མཐོང་ནས)ཨ་ཕ།  ཁྱོས་ཚོན་གཏོང་གིན་ཡོད་དམ།   

དབང་ཆེན་ཚེ་རིང་།  ཨོ་ལེ།  སློབ་གྲྭ་གྲོལ་སོང་ངམ། 

དོན་གྲུབ་དཔལ་ལྡན།  འོ་ལེ། གྲོལ་སོང་།  ཨ་ཕ།  ཐུང་བོ་འདི་ད་ངའི་མདའ་ཤིང་རེད་པ།  ངོ་མ་ཅིག་ཡག་གི ད་ཐེངས་ད་ང་ལས་བཟང་གི་ཡ། སང་ཉིན་དང་གནངས་ཉིན་གཉིས་ཀ་གཟའ་མཇུག་ལ་ཁེལ་འདུག  ད་ཐེངས་ད་ང་ཞེ་ལྷོད་ལྷོད་ངང་ཀླུ་རོལ་ལ་ཞུགས་ཆོག་རྒྱུ་རེད། (མདའ་ཤིང་ཕྲག་པར་འཁུར་ནས) སང་ཉིན་ད་ངས་བོད་ལྭ་གྱོན་ནས་འདི་ལྟར་ལབ་རྩེ་གཏོད་དུ་འགྲོ་རྒྱུ།

(གླུ)   ཨེ་མ་ད་ལོར་སྐལ་བ་ཤིན་ཏུ་བཟང་།  །
              ཡུན་རིང་བྲལ་བའི་ཕུ་བོ་རང་ཡུལ་སྙེགས།  །
              ཕུ་ནུ་ལྷན་འཛོམས་ཡོང་བའི་དགའ་སྟོན་འདིས།  །
              ཀླུ་རོལ་ཆེན་མོའི་དཔལ་ལ་མཚར་སྡུག་སྣོན།  །

དབང་ཆེན་ཚེ་རིང་།  རེད།  ད་ངའི་ཞི་ལུས་བསམ་ཤེས་ཡོད་ཀི

(གླུ)  དབྱར་གྱི་སྒེག་མོའི་ལང་ཚོའི་གཟི་དཔལ་ལ།  །
              དྲུག་པའི་ཀླུ་རོལ་དོ་ཤལ་ལྟ་ན་སྡུག  །
              ཀླུ་རོལ་ཆོ་གའི་ལབ་རྩེའི་དཔུང་སྟོད་ལ།  །
              ཕ་བུ་སུམ་འཛོམས་ཆོ་ག་ཀུན་ལས་རྒྱལ།  །

ད་ལོར་དྲུག་པའི་ཀླུ་རོལ་ལ་ཁྱོད་ཀྱི་ཕུ་བོའང་ཐོན་ཏེ། ངེད་ཕ་བུ་གསུམ་སང་ཉིན་སྔ་མོར་མཉམ་དུ་ལབ་རྩེ་གཏོད་དུ་སོང་ན་འདི་ཉིད་རྟེན་འབྲེལ་ཡག་པར་མ་ཟད་མི་ཚང་མ་སྨོནའང་པ་འཆོར་རྒྱུ་རེད། འདི་ད་དངོས་གནས་བཀྲ་ཤིས་སུམ་འཛོམས་ཟེར་བ་དེ་རེད་ཡ། ཧ་ཧ་ཧ།

དོན་གྲུབ་དཔལ་ལྡན།   རེད་ཡ།  ཨ་ཕ།  ཕུ་བོ་སློབ་གྲྭ་ཆེན་མོ་འདོན་དུ་སོང་ནས་ལོ་གསུམ་ལ་ཕྱིར་མ་ཡོང་། འདས་པའི་ལོ་འདི་དག་གི་རིང་ལ་དྲུག་པའི་ཀླུ་རོལ་ལ་གཞན་གྱི་ཁྱིམ་མི་མཉམ་འཛོམས་བྱུང་བའི་སྐབས་སུ་ང་རྒྱུན་དུ་ཁེར་རྐྱང་རེད།  ད་ལོར་ད་ཕུ་བོ་ཡོད་པས་ང་ངོ་མ་ཅིག་སྐྱིད་རྒྱུ་རེད།  

(ཀླུ་མོ་སྐྱིད་དང་ཚེ་རིང་བཀྲ་ཤིས་གཉིས་ཞུགས)

ཚེ་རིང་བཀྲ་ཤིས།(གཟུགས་ཅུང་ཟད་རིང་ལ་གདོང་དཀར་བའི་སྟོད་དུ་མདོག་ཤིན་ཏུ་སེར་བའི་ཕུ་ཐུང་ཞིག་དང་སྨད་དུ་དོར་མ་ཐུང་བ་ཞིག་གྱོན། རྒྱབ་ལ་ཁུག་མ་ཞིག་འཁུར། ཕར་བལྟས་ཚོད་ཀྱིས་ནང་ལོག་ནས་ཐོན་མ་ཐག་པའི་སྣང་བ་སྟེར)

ཚེ་རིང་བཀྲ་ཤིས།  ཨ་མ་ལགས། ཕ་ཡུལ་གྱི་ཆ་རྐྱེན་ད་དུང་དབུལ་ཞིང་ཕོངས། ད་དངོས་གནས་རེ་བ་ཡོད་རྒྱུ་རེད་ཡ། 

(གླུ)ལོ་ངོ་གསུམ་གྱི་ཆར་དང་རླུང་གི་ཁྲོད།   །
            ཕ་ཡུལ་ལང་ཚོ་སྔར་བས་རྒས་ཤིང་ཁོག   །
            མི་རྣམས་སྒྱིད་ལུག་འཚོ་ཞིང་བརྩོན་སེམས་བྲལ།  །
            འཚོ་བའི་ཆུ་ཚད་ད་དུང་སྔར་ལྟར་སྡུག   །

ཀླུ་མོ་སྐྱིད། ཨ་མེའི་གཅེས་ཕྲུག  རང་གི་ཕ་ཡུལ་ལ་དེ་འདྲ་ཟེར་ཉན་ནི་མ་རེད།  རང་ཡུལ་གད་པ་ཡིན་ཡང་སྐྱིད་ཟེར་བ་མ་ཡིན་ནམ། 

ཚེ་རིང་བཀྲ་ཤིས།  ཨ་མ། དེ་ངས་ཀྱང་ལོས་ཤེས། འོན་ཀྱང་ཁྱོད་ཀྱིས་ང་ཚོའི་སྡེ་བའི་ཁྱིམ་མི་དག་གི་ཁང་པ་དང་ལས་ཀ་ལ་ལྟོས་དང་།  དཔལ་འབྱོར་ཆ་རྐྱེན་འདི་འདྲའི་ཞན་ནའང་ད་དུང་སྒྱིད་ལུག་དང་ལེ་ལོའི་ངང་སོས་དལ་གྱིས་འཚོ།  ང་རང་ཕ་ཡུལ་ལ་ཤ་ཚ་ནས་འདི་དག་བཤད་པ་ཡིན་ཡ། 

ཀླུ་མོ་སྐྱིད། ཡ། ཨ་མེས། ད་དེ་འདྲ་མི་བཤད། ཁྱོད་དེ་རིང་ཐོག་དང་པོར་ཡུལ་ལ་ཡོང་ན། འུ་གཉིས་ཀྱིས་རྩོད་པའང་མི་བརྒྱག དགའ་དགའ་སྤྲོ་སྤྲོའི་ངང་ཡུལ་ལ་འགྲོ་ཨ།  ཡ་ད་ཡུལ་ལ་ཐོན་ཐལ།  འགྲོ་ཁྱིམ་དུ་འགྲོ། (གསེང་ཇེ་མཐོར་བཏང་ནས) དོན་གྲུབ་དཔལ་ལྡན། རེམ་མ་ཤོག་དང་ཕུ་བོ་ཐོན་ཐལ། 

དོན་གྲུབ་དཔལ་ལྡན། (རྣམ་རིག་རྒྱས་པའི་ངང་གྲོག་སེར་ཡར་ལངས་ནས)ཨ། ཕུ་བོ་ཐོན་ཐལ་ཟེར།  ཕུ་བོ་ཐོན་ཐལ་ཟེར།  ཕུ་བོ།  ཕུ་བོ། 

ཚེ་རིང་བཀྲ་ཤིས།  ཨ། འདི་ངའི་ནུ་བོ་དོན་འགྲུབ་དཔལ་ལྡན་ཡིན་ནམ། གཟུགས་སྐྱེས་པར་ལྟོས་དང་། 

དབང་ཆེན་ཚེ་རིང་། ཚེ་བྷ།  ཐོན་དང་ང་། 

ཚེ་རིང་བཀྲ་ཤིས།  འོ་ལེ།  ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད། 

དབང་ཆེན་ཚེ་རིང་།  ཧ་ཧ།  ངས་སང་ཉིན་གྱི་འུ་ཕ་བུ་གསུམ་གའི་མདའ་ཤིང་ལས་ཀྱིན་ཡོད་ཡ།  ཁྱོད་ཀྱིས་ལྟོས་དང་འདི་ཁྱོད་ལ་གྲ་སྒྲིག་བྱས་པ་ཡིན།  ཅི་འདྲ་རེད།

ཚེ་རིང་བཀྲ་ཤིས།(ཨ་ཕ་ལ་དོ་སྣང་མ་བྱས་པར། ཕར་ཨ་མའི་ཕྱོགས་ལ་འཁོར་ནས)ཨ་མ།  འདི་གསར་དུ་ལས་པ་རེད་ལ། 

ཀླུ་མོ་སྐྱིད།འོ་རེད་རེད། འདི་ཆེད་དུ་དེང་སྐབས་ཀྱི་ཁང་པ་གསར་བའི་ལུགས་ལྟར་ཁྱོད་ཉལ་སར་ལས་པ་ཡིན།  ཅི་འདྲ་རེད། 

ཚེ་རིང་བཀྲ་ཤིས།  还行吧! བོད་ལུགས་ཡིན་ན་བོད་ལུགས་མིན། དེང་རབས་ཀྱི་ལུགས་ཡིན་ན་དེང་རབས་ཀྱི་ལུགས་མིན་པར་ཅི་ཞིག་ཡིན་པའང་མི་ཤེས་ཀི

དབང་ཆེན་ཚེ་རིང་། དེ་ད་ཁྱད་ཆོས་རེད་ཡ།

(གླུ)བོད་པའི་ལུགས་ལ་དེང་རབས་ཆོས་ཀྱིས་ཕྱུག  །
           ཨེ་མ་ཁང་བཟང་འདི་ནི་ཉམས་རེ་དགའ།  །
           གཞན་གྱི་ལེགས་ཆ་དང་དུ་ལེན་པ་འདི།  །
           དེང་རབས་འཛམ་གླིང་ཁ་ཕྱོགས་མ་ཡིན་ནམ།  །

ཡ་ཡ།  ག་རེ་ད་ཁུག་མ་དེ་དག་འདིར་ཞོག  འདིར་ཞོག 

དོན་གྲུབ་དཔལ་ལྡན།(ཁུག་མ་ཐང་ལ་འཇོག་ཞོར)  ཕུ་བོ། ཁྱོས་སློབ་གྲྭ་ན་ཅི་ཞིག་སྦྱང་གིན་ཡོད་དམ།

ཚེ་རིང་བཀྲ་ཤིས།  (རྒྱ་སྐད་གདངས་ཤིན་ཏུ་དག་མོས)市场经济

དོན་གྲུབ་དཔལ་ལྡན།  市场经济ཟེར་ན་ཚོང་རའི་དཔལ་འབྱོར་རེད་ལ། 

ཚེ་རིང་བཀྲ་ཤིས།དེ་ངས་མི་ཤེས།(སྤོབས་པ་དང་བཅས) གང་ལྟར་ཐད་ཀར་དུ་དཔལ་འབྱོར་དང་འབྲེལ་བ་ཡོད་ནི་རེད།

དབང་ཆེན་ཚེ་རིང་། ཁྱོས་ལྟོས། ངའི་བུ་གཉིས་ཀ་ད་དངོས་གནས་ལག་ཆགས་དང་བཟིག 

ཀླུ་མོ་སྐྱིད།(གླུ)མ་གཅིག་བྱང་ཁོག་བརྒྱུད་པའི་ཕུ་ནུ་གཉིས།  །
                            མཉམ་དུ་འཛོམས་ཏེ་སོ་སོའི་ཡོན་ཏན་ངོམས།  །
                            ནར་སོན་ལང་ཚོ་རྒྱས་པའི་སྤྲོ་སྐྱིད་འདི།   །
                            ཕ་མར་ཕུལ་བའི་སྐྱེས་ཀྱི་དྭངས་མ་ཡིན།   །         

དབང་ཆེན་ཚེ་རིང་།  དེ་ལོས་ཡིན།  དེ་ལོས་ཡིན། 

ཀླུ་མོ་སྐྱིད། ད་ཁྱོས། དཀར་གཏོར་ལས་དགོས་རྒྱུ་རེད་པ། 

དབང་ཆེན་ཚེ་རིང་།  བདེན་གི  བདེན་གི  ཡ། ཞི་ལུ་གཉིས་ཀ  ཤོག  ཤོག་དང་ང་ཚོས་དཀར་གཏོར་ལས། 

དོན་འགྲུབ་དཔལ་ལྡན།  འགྲོ་ཕུ་བོ། (ཕུ་བོ་འགྲོ་འདོད་མེད་ནའང་འཐེན་ནས) དཀར་གཏོར་ལས་སུ་འགྲོ། 

དབང་ཆེན་ཚེ་རིང་།  (བུ་གཉིས་ཀྱིས་དཀར་གཏོར་ལས་བཞིན་པར་བལྟ་བཞིན་དགའ་ཉམས་དང་བཅས)

དབང་ཆེན་ཚེ་རིང་།(གླུ) བྱིས་པ་གཉིས་ནི་ནར་སོན་དགའ་བ་ལ།  །
                                            དཀར་ཕྱོགས་ཆོས་ལ་མོས་པས་སྐྱིད་པ་ལ།  །
                                             མཉམ་འཛོམས་དགའ་སྐྱིད་གསེར་གྱི་དུས་ཚོད་འདི།  །
                                             འཇིག་རྟེན་འདི་ཡི་བདེ་བ་ཀུན་གྱི་མཆོག  །

དོན་འགྲུབ་དཔལ་ལྡན། (གླུ)དྲིན་ཆེན་ཕ་མ་གཉིས་འཛོམས་དགའ་བ་ལ། །
                                                 བརྩེ་ལྡན་ཕུ་བོ་སླེབས་པས་སྐྱིད་པ་ལ།  །
                                                 བཟའ་མི་མཉམ་འཛོམས་དབྱར་གྱི་དུས་ཆེན་རོལ། །
                                                 བདེ་བ་འདི་འདྲ་སྲིད་ན་རྙེད་ཐབས་བྲལ།  །

(ཕུ་བོས་སྐེད་པ་མནན་པ་སོགས་ལས་མི་འདོད་པའི་རྣམ་འགྱུར་མཐོང་ནས)ཕུ་བོ་ཐང་ཆད་དང་བཟིག་པ།

ཚེ་རིང་བཀྲ་ཤིས།(གླུ)མི་ཡི་འཚོ་བ་སྒྲུབ་ལ་མི་བརྩོན་པར།  །
                                      ལྷ་ལ་ཞབས་ཏོག་སྒྲུབ་པ་འདི་ཡང་མཚར།  །
                                      དོན་མེད་ཟས་རིགས་མེ་ལ་བསྲེག་པ་འདི།  །
                                       རང་ཉིད་ཕུང་ལ་སྦྱོར་བ་མ་ཡིན་ནམ།  །

དབང་ཆེན་ཚེ་རིང་།  ཁྱོད། (ཁྲོ་བའི་ཉམས་སྟོན)

དོན་འགྲུབ་དཔལ་ལྡན། ཕུ་བོ། དེ་ག་ལ་ཡིན། སྤྱིར་འཇིག་རྟེན་གྱི་བྱ་བ་གང་དང་གང་སྒྲུབ་ནའང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་དགོས་ལ།  འུ་ཚོས་ལྷ་བྱོས་ལས་ནས་མཆོད་འབུལ་བྱེད་པ་འདིའང་བསོད་ནམས་གསོག་སྟངས་ཤིག་ཡིན་པས།  འདི་ལ་དམའ་འབེབས་བྱས་ན་ག་ལ་འགྲིག 

ཚེ་རིང་བཀྲ་ཤིས། བསོད་ནམས་ཟེར་བ་དེ་འདྲ་ངས་མི་ཤེས།  གང་ལྟར་འདི་ནི་སྙིང་བོ་མེད་པའི་ལས་ཤིག་རེད།  ད་སྐབས་ནི་དཔལ་འབྱོར་གྱི་འཇིག་རྟེན་ཡིན་ལ། དཔལ་འབྱོར་གྱི་ཆ་རྐྱེན་ཅིའང་མེད་པར་ས་གོམ་པ་གང་ལའང་འགྲོ་མི་ཐུབ་པ་ཨེ་ཤེས། གཞན་རིགས་དག་རླངས་འཁོར་དང་གནམ་གྲུ་ལ་བསྡད། ཁང་པ་དང་ཟས་རིགས་ངོ་མཚར་བ་ལོངས་སུ་སྤྱད་ནས་ལྷ་ཡི་འཚོ་བ་མི་ཡུལ་ནས་མངོན་སུམ་དུ་རོལ་དུས། ང་ཚོས་ད་དུང་ཡང་ལྷ་ཞེས་པའི་ལྐོག་གྱུར་གྱི་དོན་ཅིག་ལ་མཆོད་འབུལ་དང་གསོལ་བ་བཏབ་ནས་དུས་ཚོད་དང་རྒྱུ་དངོས་བརླགས་པ་འདི་ནི་དགོད་བྲོ་བའི་དོན་ཞིག་མ་རེད་དམ།  ད་དུང་ལྷ་བྱོས་ཡིན་ན་་་་

དབང་ཆེན་ཚེ་རིང་།(མཚམས་བཅད་ནས)ད་ཆོག་གི   ཁྱོད་རང་ཉིད་ཀྱིས་ཅིའང་མི་ཤེས་ན་ཚོད་ཚོད་ལ་སྐད་ཆ་མ་བཤད། འཇིག་རྟེན་ན་དཔལ་འབྱོར་གྱིས་བསྐྲུན་མི་ཐུབ་པའི་དོན་དག་མང་ནི་རེད། 

ཚེ་རིང་བཀྲ་ཤིས། ཡིན་ནའང་དཔལ་འབྱོར་ནི་ཐམས་ཅད་ཀྱི་གཙོ་བོ་་་་

ཀླུ་མོ་སྐྱིད།  དབང་བྷ།  ད་ཆོག་གི  (དབང་ཆེན་ཚེ་རིང་ཕ་བུ་གཉིས་ལ་བལྟས་ཏེ)ཞི་ལུ་དེ་རིང་སོ་མར་ཡུལ་ལ་ཡོང་ནའང་ཁྱེད་གཉིས་ཀྱིས་འདི་ལྟར་བརྙས་བཅོས་བྱས་ནས།

དོན་འགྲུབ་དཔལ་ལྡན། ཨ་མ། ངེད་གཉིས་ཀྱིས་བརྙས་བཅོས་བྱས་པ་ག་ལ་ཡིན།  འདི་རྩོད་པ་རེད་ཡ། སྤྱིར་བཏང་གི་རྩོད་པ་ཙམ་ཡིན།  རྩོད་པ་ཡོད་ན་ད་གཟོད་འཕེལ་རྒྱས་ཡོད་ནི་རེད་ཡ།  དེ་བས་དགོན་པ་གྲྭ་ས་ནའང་རྒྱུན་དུ་ཆོས་རྩོད་རྒྱག་པ་མ་ཡིན་ནམ། ཕུ་བོ་ངེད་གཉིས་ཀྱི་བརྩེ་བ་ནམ་ཡང་ལྷད་མེད་ཡིན། ཡིན་ན་ཕུ་བོ།  (ཕུ་བོའི་གན་ལ་རྒྱུགས་ནས་ལག་མགོར་འཇུས) 

ཚེ་རིང་བཀྲ་ཤིས།(མ་དགའ་བའི་ཉམས་ཀྱིས་ལག་པ་ཕར་ལ་གཡུག་ནས) ཧིན། ལོང་པ་དོག་མོའི་ནང་ལ་འཛུལ་ནས་ཅིའང་མ་མཐོང་བའི་མི་འདི་དག་ལ་དངོས་གནས་མྱི་སྐད་བཤད་སའང་མི་འགྲོ་གི 

དབང་ཆེན་ཚེ་རིང་། ཞི་ལི།  ཁྱོད།  ཁྱོད། 

ཚེ་རིང་བཀྲ་ཤིས།འུ་ཚོ་ཡར་ཐོན་དང་འཕེལ་རྒྱས་མེད་པ་འདི་ད་ཁྱོད་ཚོ་ལྟ་བུའི་བསམ་བློ་རྙིང་པ་ཅན་མང་སོང་བའི་སྐྱོན་རེད་ཡ།   ཨ་མ།  ང་ཐང་ཆད་འདུག  ངལ་གསོ་རུ་འགྲོ་རྒྱུ་ཡིན། 

ཀླུ་མོ་སྐྱིད།  ཨོ།  འགྲོ་འགྲོ་ཨ་མེས།  ཁྱིམ་དུ་འགྲོ།  

(ཕར་སོང་བ་ན་ཕ་བུ་གཉིས་ཀྱིས་ཕན་ཚུན་ལ་ཅེར་ནས་མགོ་བོ་གཡུག་གཡུག་བྱེད་པའི་རྣམ་པ་གཏན་འཁེལ་བ་དང་གློག་འོད་མུན་པར་གྱུར)

 
                           འཁྲབ་ཚན་གཉིས་པ།  ལབ་རྩེ་སྟོད་པ།

 (དུང་དཀར་རྒྱང་གྲག་ཅིག་གིས་མདུན་བསུས་ཏེ་བཀྲ་ཤིས་པའི་རོལ་མོ་འཁྲོལ་བ་ན་འཁྲབ་ཡོལ་རིམ་གྱིས་ཕྱེས་ཤིང་གློག་འོད་གསལ། སྡེ་བའི་ནང་གི་གསར་བུ་ཀུན་གྱིས་མདའ་ཤིང་འཁུར་ནས་མཚམས་འདྲིའི་ཁ་གཡང་དང་བཅས་ལབ་རྩེ་བསྟོད་པའི་ལམ་ལ་ཞུགས་ཤིང་མཆིས)

དོན་འགྲུབ་དཔལ་ལྡན། (བསང་ཁུག་ཅིག་རྒྱབ་ལ་འཁུར་ཏེ་དགའ་ཉམས་དང་བཅས་ཞུགས་ནས)ཨ་ཕ།  ཕུ་བོ། རེམ་ཡ།  གཞན་པ་ཚང་མ་ལམ་ལ་ཆས་ནས་འགྲོ་ཡི་འདུག  འུ་ཚང་མྱུར་ཏུ་མ་སོང་ན་རྗེས་སུ་ལུས་རྒྱུ་རེད།  (གྲག་འགུལ་ཅི་ཡང་མེད་པ་མཐོང་ནས་ཡར་མཚར་ཏེ་ཁེར་ལབ་སྒོས)ཨེ།  ཨ་ཕ་དང་ཕུ་བོ་གཉིས་ཀྱིས་ང་བསྐྱུར་ཏེ་བུད་སོང་བ་མིན་ནམ།(མདའ་ཤིང་ཡོད་པ་མཐོང་ནས)  མ་རེད།  མ་རེད།  མདའ་ཤིང་ད་དུང་འདིར་ཡོད་པ་མ་ཡིན་ནམ།  ཨ་ཕ། ཕུ་བོ།  ཁྱེད་གཉིས་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད།  ད་རེམ་མ་མ་སོང་ན་རྗེས་སུ་ལུས་རྒྱུ་རེད་ཡ།

ཀླུ་མོ་སྐྱིད།  (རྟབ་རྟབ་པོར་ཞུགས་ནས)ཁ་རོག་སྡོད།  ཁ་རོག་སྡོད། ཨ་ཕ་ཐུགས་རྒྱལ་བཞེངས་འདུག 

དབང་ཆེན་ཚེ་རིང་། (ཡི་ཆད་པའི་ཉམས་ཀྱིས་ཞུགས) ཧེ།  ད་འདི་རེད། ཞི་ལུ་འདིའི་ཁོག་ལ་གདོན་ཞུགས་ཡོད་པ་འདྲ། 

དོན་གྲུབ་དཔལ་ལྡན། ཨ་ཕ།  དོན་དག་ཅི་བྱུང་སོང་ངམ། 

(གླུ) དེ་རིང་བཀྲ་ཤིས་ཉི་མ་དགོང་ནས་ཤར། །
             མི་རྣམས་གཟབ་འཕྱོར་སྤྲས་ཤིང་དགའ་སྤྲོས་ཁེངས།  །
             སྟག་ཤར་གང་འཛོམས་མདའ་ཤིང་འཁུར་ནས་ནི།  །
             སྟོད་ཀྱི་རི་ལ་ལབ་རྩེ་བསྟོད་དུ་འགྲོ།   །

              ལོ་ངོ་གསུམ་ལ་ཕ་བུ་འཛོམས་མ་ཐུབ།  །
              ད་ལོར་ཐེངས་གཅིག་འཛོམས་པས་དགའ་ནས་ཡོད། །
              ཨ་ཕ་ཁྱེད་རང་དགའ་སྤྲོ་མི་སྐྱེས་པར།  །
              སྡུག་པའི་ཤུགས་རིང་འཐེན་དོན་ཅི་ཞིག་ཡིན།  །

དབང་ཆེན་ཚེ་རིང་། ཨ་ཕའི་གཅེས་ཕྲུག 

    (གླུ)ཕ་བུ་མཉམ་དུ་འཛོམས་ནས་དགའ་ན་ཡང་།  །
               བུ་ཡིས་སེམས་ཁ་དཀྲུགས་པས་ཤིན་ཏུ་སྐྱོ།   །
               མདའ་ཤིང་འཁུར་དང་འུ་གཉིས་སྒང་ལ་འགྲོ།  །
               ཁོ་རང་ཅི་བྱེད་ཁ་ཡ་བྱེད་དོན་མེད།   །

ཀླུ་མོ་སྐྱིད།   མིན།  ཁྱེད་གཉིས་ཀྱིས་སྒུག་དང་ཁོ་ཡར་ལངས་ཁོ་ཐག་ཡིན།  དེ་རིང་དུས་ཆེན་གྱི་ཉིན་མོ་འདིར་ཁྱེད་ཚོ་ངེས་པར་མཉམ་དུ་འགྲོ་དགོས།

དབང་ཆེན་ཚེ་རིང་།འདི་ཚང་མ་ཁྱོད་ལན་ནི་ཡིན། སྔོན་མ་ངས་ཁོ་ལ་ངེས་པར་དུ་རང་རེའི་ཡང་མེས་རིང་ནས་བརྒྱུད་ཡོང་བའི་རིག་གནས་སློབ་ཏུ་འཇོག་དགོས་ཟེར་ན། ཁྱོད་ཀྱིས་ཅིས་ཀྱང་བྱ་བ་དང་འཇིག་རྟེན་འཚོ་ཚིས་ཀྱི་ཆེད་དུ་ནང་ལོག་ལ་སློབ་གྲྭར་གཏོང་དགོས་ཟེར། ད་འདི་རེད། ཐེངས་གཅིག་ལ་ཡུལ་ལ་ཡོང་ན་ཁ་ཡར་གྲག་ལ་འདི་མི་འགྲིག་དང་ཁ་མར་གྲག་ལ་གན་ནོར་འདུག་ཏག་ཏག  ཞི་ལུ་ཀུན་སྤྱོད་འཆོལ་བོ་དང་བསམ་བློ་གྱོང་བོ་འདི་ལྟ་བུ་ཞིག་ཏུ་གཏོང་མཁན་གྱི་གཏེ་བོ་ཁྱོད་ཡིན། 

ཀླུ་མོ་སྐྱིད། འདི་ཚང་མ་ངས་ཀྱང་འུ་གཉིས་ཀྱི་བུ་འདི་ཅིག་འཁྱོངས་ན་འདོད་ནི་མིན་ནས།

ཚེ་རིང་བཀྲ་ཤིས། (མལ་ལས་ལངས་མ་ཐག་པའི་ཉམས་ཀྱིས་ཞུགས་ཏེ)མིན། དེ་ཁྱོད་གཉིས་སུའང་ནོར་སོང་བ་མ་རེད།  དེ་ནི་ང་རང་གི་འདོད་པ་ཡིན། 

གལ་ཏེ་ཁྱེད་གཉིས་ཀྱིས་ང་ནང་ལོག་ལ་མ་བསྐྱལ་བ་ཡིན་ན་ད་ལྟ་ང་རང་ཁྱེད་གཉིས་ཀྱི་སྟེང་ལ་སྙིང་ལངས་ནས་ཤི་ལ་ཡོད་རྒྱུ་རེད།  ངས་ཨ་མས་ང་རང་འདི་ལྟར་གསོ་སྐྱོང་བྱས་པ་འགྲིག་འདུག་སྙམ།  ཨ་ཕ་ལགས། གལ་ཏེ་ཁྱོད་ཀྱི་བསམ་བློ་དང་མིག་རྒྱང་འདི་ལྟ་བུ་ཞིག་གིས་གསོ་སྐྱོང་བྱས་ན། ངའི་ནུ་བོའི་མདུན་ལམ་ཡང་བརླག་རྒྱུ་རེད་ཡ།

དབང་ཆེན་ཚེ་རིང་། ཁྱི་ཁ་ཚིམས།  དེང་སང་ད་འཇིག་རྟེན་གོ་ལྡོག་ཡོད་ཀ  ཁྱོད་ཀྱིས་རང་སྐྱོན་ངེས་ལེན་བྱེད་རྒྱུ་ཕོར་ཞོག  ད་དུང་ང་ལ་སློབ་གསོ་གཏོང་རྒྱུ་རེད་ལ།  ང་བཟང་ན་ངན་ན་ཁྱོའི་ཨ་ཕ་ཡིན་ནི་རེད།  ང་ཆེ་རུང་ཆུང་རུང་ཁྱོའི་ཆེ་བོ་ཡིན་ནི་རེད།  ཁྱོད་ལས་འཇིག་རྟེན་འདིའི་ལ་མོ་མང་པོ་ངས་བརྒྱབ་ཡོད།  ཁྱོད་ལས་དཔེ་ཆ་མང་པོར་ངས་བལྟས་ཡོད།  ངས་ཁྱོད་ཀྱི་དེ་ལྟ་བུ་ཞིག་མ་ཤེས་ནི་ཨེ་རེད། 

དོན་འགྲུབ་དཔལ་ལྡན།  ཨ་ཕ་ལགས།  ད་ཆོག་གི་ཡ།  དེ་རིང་ལབ་རྩེ་བསྟོད་པའི་ཉིན་མོ་ལ་འཁོན་རེས་བྱས་ན་རྟེན་འབྲེལ་ཡང་མི་ཡག་གི ཨ་ཕ་འགྲོ།  འུ་གཉིས་གྲ་སྒྲིག་བྱེད་དུ་འགྲོ།  ཕུ་བོས་ཀྱང་གྲ་སྒྲིག་བྱེད་ནི་རེད། (ཨ་ཕ་ཕར་གཏོད་ཀྱིན་ཕུ་བོའི་ཕྱོགས་སུ་འཁོར་ནས) ཕུ་བོ་རེམ་ཨ། (མིག་བརྡ་ཞིག་བསྟན་ཏེ་ཨ་ཕ་དང་མཉམ་དུ་མར་བབས)

ཀླུ་མོ་སྐྱིད། ཁྱོད་ལ་ཅི་ཞིག་བྱུང་སོང་བ་ཡིན། ཉལ་ས་ནས་ཡར་མི་ལངས་པར་མ་ཟད་འདི་འདྲའི་ཁྲོ་ཞིག་ལངས་དོན་ཅི་ཡིན། 

ཚེ་རིང་བཀྲ་ཤིས། ཨ་མ།  ང་མདང་ནུབ་ཀྱི་དོན་དེར་ཁྲོ་ལངས་པ་ཡིན། 

ཀླུ་མོ་སྐྱིད། ཧེ། ཕ་བུའི་བར་ལ་ཚིག་དེ་འདྲ་ཞིག་ཀྱང་འགྲོ་ས་མེད་དམ།  སྟག་ཤར་བའི་ཁོག་རྒྱ་ཆེ་དགོས་ཟེར་བ་མིན་ནམ། སྟག་ཤར་ར་ཞིག་ཡིན་ན་ཡ་ཁོག་ལ་རྟ་རྒྱུགས་ས་དང་མ་ཁོག་ན་མ་བསྲོ་ས་དགོས་ནི་རེད།  དོན་དེ་ལྟ་བུ་ཞིག་ལ་ཁ་ཡ་མ་བྱེད། 

ཚེ་རིང་བཀྲ་ཤིས། ཨ་མ།  ང་རང་ཐོག་དང་པོར་ཡུལ་ལ་ཡོང་ནའང་ཁོས་ང་ལ面子ཅུང་ཟད་ཙམ་ཡང་མི་སྟེར་གི  འདི་ཨ་ཕ་ཞིག་གི་ལས་སྲོལ་རེད་དམ།  ད་དུང་ངས་བཤད་པ་ནང་བཞིན་དུ་ལབ་རྩེ་བསྟོད་པ་དང་བསང་ཕུད་པ་སོགས་ནི་དངོས་གནས་རྨོངས་དད་རྐྱང་རྐྱང་རེད།  དེང་གི་དུས་འདི་ལ་དཔལ་འབྱོར་ད་གཙོ་བོ་ཡིན་ནི་རེད་ཡ་ཨ་མ།  ཁྱོས་དེ་ཨེ་ཤེས།

ཀླུ་མོ་སྐྱིད། དེ་ངས་ལོས་ཤེས། ཤེས་པའི་རྒྱུ་མཚན་གྱིས་དེང་མ་ངས་བཙན་ཚུགས་ཀྱིས་ཁྱོད་རང་ནང་ལོག་གི་སློབ་གྲྭར་བསྐྱལ་བ་མ་ཡིན་ནམ། ཡིན་ཡང་ཁྱོད་ཀྱི་ཨ་ཕར་ཨུ་ཚུགས་ཆེ།  ད་དེ་དག་མ་བཤད།  ད་ལབ་རྩེ་བསྟོད་དུ་སོང་།  ཨ། 

(ཕ་བུ་གཉིས་ཀྱིས་བོད་ལྭ་སྤུས་གཙང་རེ་གོན་ནས་ཞུགས)

དབང་ཆེན་ཚེ་རིང་། (མདའ་ཤིང་འཁུར་ཞིང་ཚེ་རིང་བཀྲ་ཤིས་ལ་བལྟས་ཏེ)ཁྱོད་མི་འགྲོ་འམ།

ཀླུ་མོ་སྐྱིད།  ཡ་སོང་སོང་ཨ་མེས།  རེམ། 

ཚེ་རིང་བཀྲ་ཤིས།(འཐད་མི་འཐད་ཀྱིས་ཕར་སོང་ནས)

(གླུ)བཤད་པའི་གཏམ་ལ་གནས་ལུགས་ཡོད་ནའང་།  །
           དྲིན་ཆེན་ཨ་ཕས་དེང་ལེན་མི་བྱེད་པར།  །
           འུ་ཚུགས་མཐར་བསྐྱལ་བྱས་པས་བུ་ང་ཡི།  །
           སེམས་ཀྱི་གཞི་ལ་བསུབས་མེད་རྨ་ཁ་བཟོས།   །

ཀླུ་མོ་སྐྱིད། ཚེ་རིང་བཀྲ་ཤིས། 

དོན་འགྲུབ་དཔལ་ལྡན།  ཕུ་བོ་ལགས་དེ་འདྲ་ཟེར་མི་ཉན་ཡ། 

(གླུ)གཏན་གྱི་གནས་ལུགས་གཅིག་ལས་མེད་ནའང་།  །
           འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་གཉིས།  །
           ཁྱེད་དང་ཨ་ཕ་སོ་སོར་གནས་ལུགས་ཡོད།  །
           གནས་ལུགས་ཞོག་དང་ལབ་རྩེ་བསྟོད་དུ་འགྲོ།  །

དབང་ཆེན་ཚེ་རིང་། དཔལ་ལྡན།  ཁོ་ཞོག་ཅིག  འུ་གཉིས་ཀ་འགྲོ། 

ཚེ་རིང་བཀྲ་ཤིས། སྡོད། ངའང་འགྲོ།(མདའ་ཤིང་འཁུར་ནས) 

དབང་ཆེན་ཚེ་རིང་།  ཁྱོད་ཀྱིས་བོད་ལྭ་ཞིག་ཀྱང་མི་གྱོན་པར་འགྲོ་རྒྱུ་ཡིན་ནམ།

ཚེ་རིང་བཀྲ་ཤིས།  སེམས་དག་ན་ལྭ་ལ་ཅི་ཁྱད། 

དབང་ཆེན་ཚེ་རིང་།  རྣམ་འགྱུར་གྱིས་སེམས་ཁམས་མཚོན་པ་མ་ཡིན་ནམ།  ཁྱོད་ཀྱིས་བྱ་སྤྱོད་འདིས་སེམས་ན་དད་སེམས་ཅི་འདྲ་ཞིག་ཡོད་མེད་བཤམས་ནས་འདུག

ཚེ་རིང་བཀྲ་ཤིས།  བདེན།  ང་ལ་དད་པ་མེད།  སྤྱིར་ང་དོན་སྙིང་མེད་པའི་ཆོ་ག་འདི་དག་ལ་ཤིན་ཏུ་སུན།  འདིས་ང་ཚོའི་འཚོ་བ་ལ་ཕན་ཅི་ཞིག་ཐོག་གམ།

དབང་ཆེན་ཚེ་རིང་།  འཚོ་བ།  འཚོ་བ།  ཅི་ཞིག་ལ་འཚོ་བ་ཟེར།  འཚོ་བ་ལས་ང་ཚོས་ཅི་ཞིག་འཚོལ་དགོས།

ཚེ་རིང་བཀྲ་ཤིས།  འཚོ་བ་ནི་དཔལ་འབྱོར་གྱི་རྨང་གཞིའི་སྟེང་བྱུང་བ་ཡིན་ལ།  དེ་ལས་ང་ཚོས་བདེ་སྐྱིད་འཚོལ་དགོས།

དབང་ཆེན་ཚེ་རིང་། རེད། དེས་ན་ཅི་ཞིག་ལ་བདེ་སྐྱིད་ཟེར།  དེ་ནི་སྒོར་གྱིས་ཉོ་ཐུབ་པ་ཞིག་རེད་དམ། 

ཚེ་རིང་བཀྲ་ཤིས། དཔལ་འབྱོར་གྱིས་བདེ་སྐྱིད་ཉོ་མི་ཐུབ་ནའང་དཔལ་འབྱོར་མེད་ན་བདེ་སྐྱིད་རྩ་བ་ནས་མེད་ལ་ང་ཚོ་ནམ་ཡང་རྗེས་ལུས་ཡིན།  

དབང་ཆེན་ཚེ་རིང་། ཅི་ཞིག་ལ་བདེ་སྐྱིད་ཟེར་བའང་མི་ཤེས་པར་ད་དུང་མགོ་འཕངས་མཐོ་ལུགས་ལ་ལྟོས་དང་། ཁྱོད་ཀྱིས་དེ་ལྟར་བཤད་ན་འབྱོར་འཁོས་ཞན་པའི་རྗེ་བཙུན་མི་ལ་རས་པ་ད་རྗེས་ལུས་ཡིན་རྒྱུ་རེད་ལ། རྗེ་ཙོང་ཁ་པ་ཆེན་པོ་ད་རྗེས་ལུས་ཡིན་རྒྱུ་རེད་ལ།  ཤར་སྐལ་ལྡན་རྒྱ་མཚོའང་རྗེས་ལུས་ཡིན་རྒྱུ་རེད་ལ།  ཁོ་ཚོ་ལ་བདེ་སྐྱིད་ཏིལ་འབྲུལ་ཙམ་ཡང་མེད་པར་ཉིན་རྒྱུན་བྲག་ཁུང་སྐམ་པོར་ངུས་ནས་བསྡད་ཡོད་རྒྱུ་རེད་ལ།

ཚེ་རིང་བཀྲ་ཤིས། ངས་དེ་མོ་དེ་མི་ཤེས། ཤེས་ནའང་མི་འདོད་ཀི

དབང་ཆེན་ཚེ་རིང་།(ཤིན་ཏུ་ཁྲོས་ནས) འདི་རེད། ཀླུ་མོ་སྐྱིད།  ཁྱོད་ཀྱིས་བལྟ་ཡག་བྱོས།  ད་སྐབས་ད་ཁྱོའི་ཞི་ལུ་ལག་ཆགས་འདུག ལག་ཆགས་ནས་དཔལ་འབྱོར་མ་གཏོགས་དད་ས་མེད་མཁན་ཞིག་ཏུ་གྱུར་འདུག ཁྱོད་མར་སོང་། ང་ངོ་གནོང་གི ང་ངའི་ཕ་མེས་ཡང་མེས་ཚོར་ངོ་གནོང་གི  ང་མེས་དབོན་རྣམ་གསུམ་ཚོར་ངོ་གནོང་གི ང་ལོ་པཎ་སྐུ་དྲིན་ཅན་ཚོར་ངོ་གནོང་གི འདི་ཁྱེད་ཅག་གི་བུ་རབས་ཚ་རྒྱུད་ཡིན་ཟེར་རྒྱུར་དངོས་གནས་ངོ་གནོང་གི 

(གླུ) ཀྱེ་མ་ཀྱི་ཧུད་དཀོན་མཆོག་རྣམ་གསུམ་མཁྱེན།  །
            འཇིག་རྟེན་སྡུག་བསྔལ་ཧ་ཅང་མང་ན་ཡང་།  །
            རང་གི་བུ་ཡིས་སེམས་ཁ་དཀྲུགས་པ་འདི།   །
            གསོན་པོར་དམྱལ་བར་འཕངས་དང་ཁྱད་ཅི་ཡོད།  །

དོན་འགྲུབ་དཔལ་ལྡན། ཕུ་བོ་ལགས།

          ང་ཡིས་བལྟས་ན་ཨ་ཕ་བདེན་པ་འདྲ།  །
          ཨ་མས་བལྟས་ན་ཁྱེད་རང་བདེན་པ་འདྲ།  །
          ཨ་ཕ་བདེན་ཀྱང་རུང་ལ་ནོར་ཡང་བླ།  །
          ཁྱོད་ཀྱིས་བརྩི་བཀུར་བྱས་ན་མི་ཆོག་གམ།  །

ཚེ་རིང་བཀྲ་ཤིས། ཧ་ཧ་ཧ།  བརྩི་བཀུར།  ཐོག་མར་ཁྱོད་ཀྱི་ཨ་ཕས་ང་ལ་བརྩི་བཀུར་བྱས་མི་འདུག  ཁྱོད་ཀྱི་ཨ་ཕས་ངའི་དགའ་ཕྱོགས་དང་དད་མོས་ལ་བརྩི་བཀུར་བྱས་མི་འདུག 

དོན་འགྲུབ་དཔལ་ལྡན།  ཨ་ཅི་ཟེར། ཁྱོད་ཀྱི་ཨ་ཕ།

ཀླུ་མོ་སྐྱིད།  ཚེ་རིང་བཀྲ་ཤིས། 

ཚེ་རིང་བཀྲ་ཤིས། ང་ལ་རྒྱབ་སྐྱོར་དང་སྐུལ་ལྕག་མི་བྱེད་པའི་ཕ་ཞིག་དགོས་དོན་མེད།

དབང་ཆེན་ཚེ་རིང་། (ཧ་ཅང་ཡིད་ཆད་པའི་ཉམས་ཀྱིས) ཆོག་གི  ཆོག་གི ད་ཁྱོད་དངོས་གནས་ལག་ཆགས་འདུག  ང་ཕ་རྒན་མེད་ནའང་ཆོག་ནི་རེད།

ཀླུ་མོ་སྐྱིད། ཚེ་རིང་བཀྲ་ཤིས།  ཁྱོད་ཀྱིས་ཨ་ཕ་ལ་འདི་ཟེར་སྲོལ་གང་ན་ཡོད།  ཁོ་བཟང་ན་ངན་ན་ཁྱོའི་དྲིན་ཆེན་གྱི་ཨ་ཕ་རེད།  ཁྱོད་གསེར་གྱི་ཁྲི་ལ་བཞུགས་རུང་ཁོ་ནི་ཁྱོའི་ཨ་ཕ་དང་ང་ནི་ཁྱོའི་ཨ་མ་རེད།  ཁྱོས་ཁོ་ལ་འདི་འདྲ་བྱེད་སྲོལ་གང་ན་ཡོད།

ཚེ་རིང་བཀྲ་ཤིས། རེད།  ཚང་མ་ང་ནོར་སོང་བ་རེད།  ཚང་མ་ང་ནོར་སོང་བ་རེད།

(འཕྲག་ལ་འཁུར་བའི་མདའ་ཤིང་སར་གཡུག་རྗེས་སྟེང་ནས་འགོམས་ཏེ་ཁང་བའི་ནང་ལ་རྒྱུགས་ནས་ཁུག་མ་འཁུར་རྗེས)ཁྱོད་ཚོའི་བསམ་ཐོག་ལ་འཇོག  ད་ནས་བཟུང་ང་ལ་འདི་ལྟ་བུའི་ཁྱིམ་ཞིག་དང་ཁྱིམ་འདི་ལ་ང་ལྟ་བུའི་བུ་ཞིག་མེད། ང་འགྲོ་རྒྱུ། (རྒྱུགས་ནས་མར་བབས)

ཀླུ་མོ་སྐྱིད། (རྗེས་ལ་རྒྱུགས་བཞིན)ཚེ་རིང་བཀྲ་ཤིས།  ཁྱོད་སྡོད། 

དོན་གྲུབ་དཔལ་ལྡན།  ཕུ་བོ། ཕུ་བོ། ཁྱོད་མ་འགྲོ་ཡ། ཁྱོད་མ་འགྲོ་དང་ང་ཚོ་མཉམ་དུ་ལབ་རྩེ་སྟོད་དུ་འགྲོ།

དབང་ཆེན་ཚེ་རིང་།  དཔལ་ལྡན། ཁོ་འདུག་ནི་མ་རེད། ད་ནི་ཁོ་རང་ལ་གཤོག་རྩལ་རྒྱས་འདུག གཤོག་རྩལ་རྒྱས་ནས་རང་གི་གནས་མལ་ཡང་བརྗེད་འདུག

དོན་གྲུབ་དཔལ་ལྡན།  ངས་ལོ་ངོ་གསུམ་ལ་རེ་ཞིང་སྒུག་པའི་ལབ་སྟོད་ཆེན་མོའི་ཉི་མ་ད་ནི་དགུང་གི་མཇའ་ཚོན་ཞིན་ཡུལ་ཞིང་།  ངས་དྲན་ཞིང་སྒུག་པའི་ཕུ་བོས་ང་ལ་སྤྲོ་སྣང་གི་བདེ་སྐྱིད་མི་སྦྱིན་པར་སྡུག་བསྔལ་གྱི་འཁུར་བོ་སྩོལ་དོན་ཅི།

དབང་ཆེན་ཚེ་རིང་།  ཨ་གནམ་རྒན་མ་ཡ།  མི་ནི་སེམས་ཀྱིས་བསྐྱེད་ཅིང་སེམས་ནི་རིག་གནས་ཀྱིས་བསྐྱེད་ཅེས་པ་ནི་ཅི་མ་བདེན།  (སྙིང་རླུང་སྟོད་ལ་འཚང་ནས་མགོ་ཡོམ་འཁོར)

དོན་གྲུབ་དཔལ་ལྡན།  ཨ་ཕ། (ཨ་ཕར་འཐམས་ནས་ངུས)

ཀླུ་མོ་སྐྱིད། (ཕྱིར་གར་སྟེགས་སུ་རྒྱུགས་ནས) ཚང་མ་ང་ལན་པ་ཡིན། ངས་ཁོ་གསོ་སྐྱོང་བྱས་པ་མ་འགྲིག  སྔོན་མ་ཁྱེད་ཀྱི་ཁ་ལ་ཉན་ནས་དོན་གྲུབ་དཔལ་ལྡན་ནང་བཞིན་གསོ་སྐྱོང་བྱས་ཡོད་ན་འདི་འདྲ་ཞིག་ག་ལ་ཡིན།(གསེང་ཇེ་མཐོར་བཏང་ནས)  ཚང་མ་ང་ལན་སོང་། 

                                                             རོལ་མོ་འཕེལ་བ་དང་མཇུག་རྫོགས། 

 

                                                                              2015.6.24ལ་གཞུང་ཤག་ཏུ་རྫོགས་པར་བྲིས།  

                རྩོམ་སྒྲིག་པ། ལྷ་སྐྱིད།

                        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།