གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨོཾ་འབར་དང་ས་བུ་ཆེ་གཉིས་ཀྱི་ཆོས་ལུགས་སྐོར་གྱི་ཁ་བརྡ།

2017-06-07 11:18:29 ཨོཾ་འབར་དང་ས་བུ་ཆེ། ཀློག་གྲངས། མཆན ཡོད།

image001.jpg


ཨོཾ་འབར་ལ་ས་བུ་ཆེས་ལན་བཏབ་པ་ནི།

༡  གལ་ཏེ་འཆི་བ་མེད་སོང་ན།  ཆོས་ལུགས་ཀྱི་དག་ཞིང་ཡོད་དམ་མེད།  དམྱལ་བ་ཡོད་དམ་མེད།  འཁོར་བ་ཡོད་དམ་མེད།

 ལན།   འདི་ལ་ཕྱོགས་མང་པོས་ལན་འདེབས་ཆོག་ཏེ།  དཔེར་ན།  འཆི་བ་མེད་ན་སྐྱེ་བ་གང་ལྟར་ཡོད་དགོས་རེད།   སྐྱེ་བ་དང་འཆི་བ་ནི་གཞི་བདག་ཉིད་ཟེར་བ་དེའི་སྣང་ཚུལ་ཕྱོགས་གཉིས་རེད།   དེ་བས་གང་ཟག་གི་བདག་ལ་མཚོན་ན།  འཆི་བ་མེད་ན།  སྐྱེ་བའང་མེད་སྲིད་པས།  དེ་ནི་རྡོ་ལྟར་ཡིན་ཏེ།   རྡོ་ལ་བདག་་མེད་པས།  སྐྱེ་འཆིའི་ཚོར་བ་ཡོད་མི་སྲིད།  མིའི་མིག་ནས་བལྟས་ན་རྡོ་ལའང་སྐྱེ་འཇིག་ཡོད་པ་ཡིན་མོད།  དེ་ནི་རྡུལ་ཕྲ་མོའི་སྒྲིག་སྟངས་དང་གྲངས་ཀའི་འགྱུར་བ་ཙམ་ཡིན་པ་ལས་སྐྱེ་འཆི་ནི་མ་ཡིན་ནོ།  སྐྱེ་འཆི་ནི་བདག་ཅེས་པ་དེར་ཁོ་ན་སྦྱོར་བ་ཡིན།  རྡོ་ཡི་འགྱུར་བ་ནི་རྣམ་པའི་སྟེང་གི་འགྱུར་བ་ཙམ་ཡིན་པས་དེ་ལ་དག་ཞིང་དང་དམྱལ་བ་ཟེར་བ་མེད།    འོན་ཀྱང་བདག་ཟེར་བ་ནི་རྡོ་ལྟ་བུའི་རྫས་ཤིག་མིན།  དེ་བཞིན་གང་ཟག་གི་བདག་ལ་སྐྱེ་འཆི་སོ་སོར་བྱས་ནས་གླེང་རྒྱུ་མེད་དེ།  དྲི་བ་འདི་ཡི་སྐྱོན་ནི་སྐྱེ་བ་ཡོད་ཀྱང་འཆི་བ་མེད་པ་ཞིག་སྟོན་བཞིན་ཡོད་པས།  འདི་ནི་གཏན་ཚིགས་རང་འགལ་གྱི་དྲི་བ་ཞིག་ཡིན་ཟེར་ཆོག     ཡང་ཕྱོགས་གཞན་ཞིག་ནས།   གལ་ཏེ་སྐྱེ་འཆི་ཁ་བྲལ་ནས་བཤད་ཆོག་པ་ཡིན་ན།  སྐྱེ་ཡོད་འཆི་མེད་ཀྱིས་བདེ་སྡུག་ཡོད་མེད་གཏན་ཁེལ་མི་ཐུབ་པ་ཡིན།  དེ་བས་དེ་འདྲའི་བརྟན་ཏུ་གནས་ཅིང་འཆི་བ་མེད་པའི་གནས་སྟངས་དེ་འདྲ་ལ་ད་དུང་བདེ་བ་དང་སྡུག་བསྔལ་བདེན་པར་ཡོད་སྲིད་པས།  བདེ་སྡུག་བདེན་པ་འདི་ལས་མ་ཐར་བར།  དག་ཞིང་དང་དམྱལ་བའི་དཔེ་ཆོས་དེ་ནི་ད་དུང་ནུས་ཤུགས་ལྡན་པ་ཡིན།  །

༢  ཆོས་ལུགས་ཀྱིས་འཆི་བ་དང་ལེན་བྱེད་དམ་རྒོལ་བ་བྱེད།  ཡང་ན་ངོས་ལེན་མེད།

ལན།   དྲི་བ་འདིའི་སྐྱོན་ནི་གསལ་བོ་རེད་དེ།    ཆོས་ལུགས་ཟེར་བའི་ཐ་སྙད་འདི་ནི།    བརྗོད་བདེའི་དབང་གིས་དད་པ་བྱེད་པའི་ལས་འགུལ་དེ་སྒྲིག་ལམ་ཅན་དུ་སོང་བ་ཡིན་ན་ཆོས་ལུགས་ཅེས་པའི་མིང་བཏགས་པ་ཡིན།   དེ་བས་ཆོས་ལུགས་ནི་སྒྲིག་གཞིའི་སྟེང་ནས་འདྲ་བ་ཁག་གཅིག་ལ་སྤྱི་མཚན་དུ་བཀོད་པ་ཡིན་རྒྱུ་ལས།  ནང་དོན་ནམ་དད་བྱའི་སྒང་ནས་ཆོས་ལུགས་སོ་སོ་ལ་སྤྱི་མཚན་འཇོག་རྒྱུ་མེད་པས།  དྲི་བ་འདི་ནི་བསྟན་དོན་གནད་དུ་མ་ཁེལ་བའི་དྲི་བ་ཞིག་ཡིན།   ད་ང་ཚོས་དྲི་བ་འདིའི་བསྟན་དོན་གནད་དུ་ཁེལ་བ་བྱས་ན།  འདྲི་བ་པོས་ནང་ཆོས་ཀྱིས་འཆི་བ་དང་ལེན་བྱེད་དམ་རྒོལ་བ་བྱེད།  ཡང་ན་ངོས་ལེན་མེད་ཟེར་ནས་འདྲི་བཞིན་ཡོད་པ་ཡིན་ཏེ།  དེ་ལ་ལན་བཏབ་ན།   ནང་ཆོས་ཀྱིས་ནི་འཆི་བ་ངོས་ལེན་བྱེད་པ་ཡིན་ཏེ།   ནང་ཆོས་ཀྱིས་སྐྱེ་བའང་ངོས་ལེན་བྱེད་པ་ཡིན་པས་སོ། །  ནང་ཆོས་སུ་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་གྱི་བདེན་པ་གཉིས་དབྱེ་རྒྱུ་ཡོད་པ་ཡིན་ཏེ།  སྐྱེ་འཆི་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ན།  དེ་ལ་ཚད་ངེས་ཅན་གྱི་སྒང་ནས་ཁས་ལེན་དགོས་པ་ཡིན་ལ།   སྐྱེ་འཆི་ལས་ཕན་ཏུ་ད་དུང་བདེན་པ་རྟོལ་རྒྱུ་ཡོད་པའང་ཡིན་ཏེ།   ཚན་རིག་པའི་སྐད་ཆ་ལྟར་ན།  སྐྱེ་འཆི་ནི་སྣང་ཚུལ་དངོས་ཡོད་ཅིག་ཡིན་པ་དང་ངོ་བོའི་བདེན་པ་ཅན་མ་ཡིན་ཟེར་བ་དེ་དང་འདྲ།  དེ་བས་ཚན་རིག་གིས་སྐྱེ་འཆི་ལ་ངོས་ལེན་གང་འདྲ་བྱེད་ཀྱིན་ཡོད་ན།  ནང་ཆོས་ཀྱིས་སྐྱེ་འཆི་ལ་ངོས་ལེན་དེ་འདྲ་བྱེད་ཀྱིན་ཡོད་པ་ཡིན།  ཁྱད་པར་ནི།  ནང་ཆོས་ཀྱིས་སྣང་ཚུལ་འདི་ལས་ཕྱིན་ན་ད་དུང་སྟོང་བ་ཟེར་བའི་ཆོས་ཉིད་ཅིག་ཡོད་པ་བཤད་ལ།  ཚན་རིག་ནི་སྣང་ཚུལ་ལས་འདས་པའི་ཡུལ་དེ་ལ་ཐད་ཀར་འཇུག་མི་ཐུབ་པས།  རིགས་ལམ་མམ་གཏན་ཚིགས་ཁོ་ནར་བསྟེན་ནས་ལྟ་བ་སྣ་ཚོགས་བཤད་ཀྱིན་ཡོད་པས།  སྐྱེ་འཆིའི་ཕ་རོལ་ཏུ་ནང་ཆོས་དང་མཐུན་པའི་ཚན་རིག་མཚན་ཉིད་རིག་པ་ཡོད་ལ།  ལྡོག་པའི་ལྟ་བའང་ཡོད།  རྒྱང་འཕེན་བྱས་ནས་དེ་ལ་ལན་མི་འདེབས་མཁན་ཀྱང་ཡོད། །

༣  ཆོས་ལུགས་ཀྱིས་འཆི་བ་བཟློག་ཐུབ་བམ་མི་ཐུབ།

 ལན།  སླར་ཡང་ཆོས་ལུགས་ཞེས་པ་དེ་ནང་ཆོས་ཁོ་ན་ལ་གོ་ནས་ལན་བཏབ་དགོས་བྱུང་།  དེ་ན།  ཆོས་ལུགས་ཀྱིས་འཆི་བ་བཟློག་ཐུབ་པ་མ་ཡིན་ཏེ།  ཆོས་ལུགས་ནི་ཆོས་ཉམས་ལེན་གྱི་སྒྲིག་གཞི་དང་སྒྲིག་ལམ་དེ་ལ་གོ་བ་ཙམ་ལས།  ཆོས་དེར་གོ་བ་མིན།  ཡང་འཆི་བ་ཟློག་ཟེར་སྐབས་དོན་གཉིས་ལ་གོ་ཆོག་པ་ནི།  དང་པོ་ཆོས་ལུགས་མཉམ་ལེན་བྱས་ནས་ཕྱི་རོལ་པའི་ལྷ་སྒྲུང་ལྟར་འཆི་རྒྱུ་མེད་པ་ཞིག་ལ་གོ་བ་དང་།  གཉིས་པ་ནི་འཁོར་བའི་སྐྱེ་འཆིའི་བཅིང་བ་ལས་གྲོལ་བར་གྱུར་བ་དེའོ། །  དེ་ཡང་དང་པོའི་རིགས་ལ་ནང་ཆོས་ཀྱིས་གང་ཟག་གི་བདག་དེ་ལ་སྐྱེ་འཆི་མེད་དེ།  དེ་ནི་བདེ་གཤེགས་ཀྱི་ངོ་བོ་ཅན་དང་དེ་ནི་ཐོག་མ་མེད་ནས་མཐའ་མ་མེད་པའི་བར་ལུས་སྣ་ཚོགས་ལ་ཐིམ་པ་ཅན་ཡོན་པས།  ལུས་བརྗེ་བ་ཡོད་མོད།  བདག་གི་སྐྱེ་འཇིག་ནི་མེད།  ལུས་ཕུང་པོའི་ཡར་འདུ་མར་ཞིག་དེ་བདག་གི་སྐྱེ་འཆི་མ་ཡིན་ཏེ།  དེ་ཡིན་ན་རྒྱུ་འབྲས་ཟེར་བའང་རྫུན་ཏུ་འགྲོ་སྲིད།  དེ་བས་བདག་ལ་སྐྱེ་འཇིག་མེད་མོད་བདག་ལ་མྱ་ངན་ལས་འདས་པ་ཡོད་དེ།  མྱ་ངན་ལས་འདས་ཟེར་ན་འཁོར་བ་ལས་ཐར་དང་དོན་གཅིག   ལུས་སྣ་ཚོགས་ལ་ཆགས་ནས་སྐྱེ་འཆི་རེས་མོས་བྱེད་པ་ལས་ཐར་བ་དང་དོན་གཅིག་ཡིན།  འདི་ལས་ཀྱང་དྲི་བ་འདི་ཡིས་དངོས་གཙོའམ་ལུས་སེམས་གཅིག་ཉིད་དུ་བཤད་པའི་ལྟ་བའི་ཟུར་མཐོང་ཐབས་ཏེ། ལུས་སེམས་ཁ་ཁར་མི་དབྱེ་བ་དེ་དག་གིས་ད་གཟོད་ལུས་ཀྱི་འདུ་ཞིག་དེ་ལ་གང་ཟག་གི་སྐྱེ་འཆི་ཟེར་ནས་གོ་བ་ལེན་སྲིད་པ་རེད་དོ། ། ཡང་།  སྐྱེ་འཆི་ཡི་འཁོར་བ་ལས་ཐར་བར་བྱེད་ནུས་པ་སྤེལ་མཁན་ནི་ཆོས་ཡིན་པ་ལས་ཆོས་ལུགས་མིན།    མྱང་འདས་དང་འཁོར་འདས་རེད་སོང་ཟེར་བ་ཐམས་ཅད་པོ་ཤི་སོང་བའི་རྒྱུ་མཚན་གང་རེད་ཟེར་ན།  སྐྱེ་འཆི་གཞི་གཅིག་ཡིན་པ་སྔོན་ནས་བཤད་པ་ནང་བཞིན།  འཆི་བ་ལས་ཐར་བ་ཡིན་ན་སྐྱེ་གསོན་ལས་ཀྱང་ཐར་བ་ཡིན་པས།  གསོན་པོར་གནས་པའི་དགོས་པ་མ་ཡོད་པས་ཕྱིར།    དྲི་བ་འདིའི་སྐྱོན་ནི།   སྐྱེ་འཆི་དེ་རྩོད་སྒྲུབ་ཕལ་བའི་སྟེང་ནས་གོ་བ་ལེན་བཞིན་ཡོད་པ་དང་།  སྐྱེ་འཆི་དེ་ལྡོག་ཟླ་ལ་མཐོང་ནས་སྐྱེ་རྒ་ན་འཆི་མ་ཡིན་པ་འཆི་ན་སྐྱེ་བ་མ་ཡིན་ལྟར་གོ་བཞིན་ཡོད་དེ།  ལྟ་བ་འདི་སྔོན་གྱི་ཏ་ཟིག་གི་བོན་དུ་གཉིས་ཡོད་སྨྲ་བ་དང་།   རྒྱ་གར་གྱི་ཧིན་རྡིའི་ཆོས་ལུགས་ལྟར་སྐྱེ་གནས་འཆི་གསུམ་གྱི་ལྷ་ཡོད་པར་སྨྲ་བ་དེ་དང་མཐུན་པ་ཡིན་ལ།   གལ་ཆེ་ཤོས་ནི་འགྱུར་བའི་སྣང་ཚུལ་མཐོང་ཡོད་པ་ལས་སྣང་ཚུལ་རྒྱབ་ལོགས་ཀྱི་ངོ་བོ་ཉིད་ལ་སྐྱེ་འཆི་མེད་པ་དེ་མཐོང་མེད་པས་ཕྱིར་རེད།   མི་ལ་སྐྱེ་འཆི་ཡོད་ཟེར་ནི་ཚན་རིག་པ་ཞིག་གིས་རྡོ་ལ་འགྱུར་བ་ཡོད་པ་ཤེས་པ་ལས་རྡོ་གྲུབ་བྱེད་ཀྱི་རྡུལ་ཆ་མེད་རེ་རེ་ལ་འགྱུར་བ་ཡོད་མེད་པ་མ་ཤེས་པ་ལྟ་བུ་རེད། 

 ༤  ཆོས་ལུགས་ཀྱིས་མི་ཡི་ཚེ་ཐག་རིང་དུ་གཏོང་ཐུབ་བམ་མི་ཐུབ།

 ལན།  ཐུབ་ཏེ་འོག་ནས་ཆོས་ལུགས་ཀྱིས་བདེ་ཐང་ལ་ཐོན་པའི་ནུས་པ་བཤད་ཡོད་ལ་བཀྲེས་སྐོམ་གྱི་གནད་དོན་སེལ་ཚུལ་ཀྱང་བཤད་ཡོད་པས། དེ་དག་མཐར་གཏུགས་ན་མི་ཡི་ཚེ་ཐག་ལ་ཙན་ནུས་གཏོང་བཞིན་ཡོད་རེད།   ཡང་དཔེར་ན།   ཆོས་ལུགས་དར་བའི་མི་རིགས་ཀྱི་ནང་ཁུལ་དུ་དྲག་སྤྱོད་ཇེ་ཉུང་བཏང་ཐུབ་ན་དེ་ཡང་སྤྱི་ཚོགས་ཀྱི་ཚེ་ཐག་གི་སྙོམས་གྲངས་ཇེ་མཐོར་བཏང་བའི་ནུས་པ་ཐོན་ཀྱིན་ཡོད། །  དྲི་བ་འདི་དང་འོག་གི་དྲི་བ་ཁ་ཤས་ནི་གནད་དོན་གྱི་ཡན་ལག་ཟིན་པ་ལས་རྩ་བ་མ་ཟིན་པའི་སྐྱོན་ཡོད་འདུག་སྟེ།   རྩ་བ་ཟིན་ཡོད་ན།  བཀྲེས་སྐོམ་སེལ་བ་དེས་ཚེ་ཐག་རིང་ལ་ཤུགས་འདོན་ཐུབ་པ་དང་།  དམག་འཁྲུག་ཞི་ན་བཀྲེས་སྐོམ་སེལ་བར་ཕན་བྱེད་ནུས་པ་སོགས་ཤེས་སྲིད་ལ།  འདི་དག་ཐམས་ཅད་དྲི་བ་གཅིག་གི་སྒང་ནས་འདྲི་ཆོག་པ་ཡིན་ཙང་།   རེ་རེ་བཞིན་རྗེས་ཟློས་དགོས་པ་མ་ཡིན་ནོ། །

 ༥ ཆོས་ལུགས་ཀྱིས་འགྲེང་མི་དག་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་སྐྱོབ་ཐུབ་སོང་ངམ་མ་སོང་།

 ལན།  བཀྲེས་སྐོམ་ནི་ལུས་པོའི་གནད་དོན་རེད།  ཆོས་ལུགས་ནི་བསམ་བློའི་གནད་དོན་རེད།  བསམ་བློའི་གནད་དོན་གྱིས་ཐད་ཀར་ལུས་པོའི་གནད་དོན་ཐག་ཆོད་མི་ཐུབ་པ་ཡིན།   འོན་ཀྱང་སླར་ཡང་ཆོས་ལུགས་དང་བོད་ཀྱི་ལོ་རྒྱུས་འབྲེལ་ཏེ་བཤད་ན།   བསམ་བློ་ཡིས་ལུས་པོའི་གནད་དོན་ལ་སྐུལ་འདེགས་ཐུབ་པ་ནི་སྨྲ་མི་དགོས་པའི་རྒྱུན་ཤེས་ཀྱི་ཚོད་དུ་འདུག  ཅིས་ཀྱང་སྨྲ་དགོས་ན།  ཆོས་ལུགས་ཀྱིས་བཀྲེས་སྐོམ་གྱི་དཀའ་ངལ་སྐྱོབ་ཐུབ་ཡོད།  དཔེར་གཉིས་བཞག་ན།   བོན་གྱི་ཆོས་ལུགས་མ་གཞི་ནས་གནའ་བོའི་མིའི་རིགས་ཀྱིས་རི་དྭགས་རྔོན་སྐབས་ནས་བྱུང་བ་ཡིན་ཏེ།   རི་དྭགས་གང་ཏུ་རྔོན།  བགོ་བཤའ་གང་འདྲ་བྱེད་པའི་སྐོར་ལ་མི་ཚོས་གྲོས་མོལ་དང་ཐག་ཆོད་བྱེད་སྐབས།  བོན་གྱི་ཐ་སྙད་བཀོལ་ནས་གཏན་ཁེལ་བྱེད་བཞིན་ཡོད་པས།   ཆོས་ལུགས་ནི་ཐོན་སྐྱེད་ཀྱི་དགོས་པའི་སྟེང་ནས་འཕེལ་བ་ཡིན་པ་འདི་ཤེས་ན་ཆོས་ལུགས་ཀྱིས་ཐོན་སྐྱེད་ཀྱི་དཀའ་ཁག་སེལ་བཞིན་ཡོད་པ་ཤེས་ཐུབ་ལ།  ཐོན་སྐྱེད་ལ་ཕན་ན་བཀྲེས་སྐོམ་སེལ་བར་ཕན་བཏགས་ཡོད་དམ་མ་ཡོད།    ཡང་གཉིས་པ་དཔེར་ན་མི་ཤི་རྗེས་ཆོ་ག་སྣ་ཚོགས་ལག་བསྟར་བྱེད་པ་དེའང་དཔལ་འབྱོར་གྱི་ངོ་བོ་ལྡན་པ་ཡིན་ཏེ།  གལ་ཏེ་ཁྱིམ་ཚང་ཞིག་གིས་གསོགས་པའི་རྒྱུ་དེ་ཕྱིར་སྤྱི་ཚོགས་ལ་མི་འགྲོ་བར།  མི་རབས་ནས་མི་རབས་བརྒྱུད་དེ་སོང་བ་ཡིན་ན།  དབུལ་ཕྱུག་མཐའ་གཉིས་ཏུ་ལྷུང་བའི་བཀའ་ངལ་འབྱུང་གི་རེད།   དེ་བས་ད་ལྟའི་ཨ་རི་ཡིས་ཤུལ་བཞག་ཁྲལ་ཟེར་ནས་མི་ཤི་རྗེས་ཀྱི་རྒྱུ་ནོར་ཤུལ་བཞག་མང་པོ་ཁྲིམས་ཀྱི་སྟེང་ནས་ཕྱིར་སྤྱི་ཚོགས་ལ་བགོད་བཞིན་ཡོད་པ་དང་།  རྒྱ་ནག་ཡིན་ཡང་ཁང་བའི་མཁར་དབང་ལོ་བདུན་བཅུར་ཚད་བཀག་བྱས་ནས་རྒྱུ་ནོར་དེ་མི་རབས་མང་པོར་གསོག་རྒྱུད་མི་ཐུབ་པ་བྱས་ཡོད།  ལམ་ལུགས་འདི་དག་ནི་དཔལ་འབྱོར་གྱི་འཁོར་བསྐྱོད་ཡོང་ཆེད་རེད་ལ།  མི་དང་མིའི་བར་གྱི་དཔལ་འབྱོར་འདྲ་མཉམ་ལ་ཁག་ཐེག་བྱེད་པའི་ཆེད་དུའང་ཡིན།  དཔལ་འབྱོར་གྱི་འདྲ་མཉམ་ནི་མིའི་འདྲ་མཉམ་དང་རང་དབང་གི་རྩ་བ་རེད། དེ་བཞིན་བོད་ཀྱིས་ཤི་བོའི་ཆོ་ག་ཡིས་ཀྱང་ནུས་པ་དེ་འདྲ་ཐོན་བཞིན་ཡོད་ལ།  ཁ་ཆེ་བ་ཚོས་དགེ་བའི་ལས་བཅུ་སྒྲུབ་དགོས་པའི་ནང་ལའང་ཕྱུག་པོས་ངེས་པར་ཏུ་རང་གི་རྒྱུ་ནོར་བཅུ་ཆ་གཅིག་སྦྱིན་པར་བཏང་དགོས་པ་བཤད་ཡོད་པ་དེ་དག་ནི། ཆོས་ལུགས་ཀྱིས་བཀྲེས་སྐོམ་སེལ་བའི་ཐབས་ཡིན།  བོད་ལ་ནང་ཆོས་དར་བ་ནས་བཟུང་སྤྲང་ཕྱུག་གི་ཁྱད་པར་ཆེན་པོ་བྱུང་མེད་པ་དེའང་ནང་ཆོས་ཀྱི་ཟུར་ཐོན་ཕན་ནུས་ཤིག་ཅི་བས་མིན། བཀྲེས་སྐོམ་གྱི་གནད་དོན་སེལ་བའི་ཆ་ཤིག་ཅི་བས་མིན། །

༦  ཆོས་ལུགས་ཀྱིས་འགྲེང་མི་དག་ནད་ཡམས་ཀྱི་སྡུག་བསྔལ་ལས་སྐྱོབ་ཐུབ་སོང་ངམ་མ་ཐུབ།

 ལན།  སེམས་ཁམས་ཀྱི་ནད་མང་པོ་ཆོས་ལུགས་ཀྱིས་ཐད་ཀར་སྐྱོབ་ཐུབ་པ་མ་ཟད།  སྔོན་འགོག་ཀྱང་ཐུབ།   དེ་བཞིན་ཆོས་ལུགས་ལ་བསྟེན་ནས་ལུས་ཀྱི་ནད་ཀྱང་སྔོན་འགོག་ཐུབ་སྟེ།  དཔེར་ན།   དགེ་སློང་གི་གཙང་སྦྲ་གང་འདྲ་བྱེད་དགོས་པ་ཆོས་ལུགས་ཀྱིས་གཏན་ཁེལ་བྱས་ཡོད་པ་དང་།  སྲུང་བྱ་དེ་དག་ནི་ལུས་པོའི་བདེ་ཐང་སྐྱོང་ཆེད་ཡིན།  ནང་བ་ཡིན་ན་རྒྱ་ཆེ་ས་ནས་རྫས་དངོས་དང་སེམས་གཉིས་ཀྱིས་གཅིག་གིས་གཅིག་ལ་ཤུགས་རྐྱེན་བྱེད་ཐུབ་པ་ཁས་ལེན་པའི་ཆོས་དེ་འདྲ་ཡིན་ཙང་།    སེམས་གཙང་དགོས་ན་རྫས་ཀྱི་ཁྱབ་ཚད་དེ་དག་ཀྱང་གང་གཙང་གཙང་བྱེད་དགོས་པས།  དེ་འདྲའི་ཐབས་ལམ་སྟེང་ནས་ཆོས་ལུགས་ཀྱིས་མི་དག་ནད་ཡམས་ལས་བསྐྱབ་ཡོད་པ་རེད།     ཆོས་ལུགས་ཀྱིས་ནད་ཡམས་མེད་པ་བཟོ་ཨེ་ཐུབ་ཟེར་ན་མི་ཐུབ་སྟེ།  ཚན་རིག་དང་ཆོས་མེད་ལྷ་མེད་ཡིན་རུང་ན་འཆི་ལས་གཡོལ་ཐབས་མེད་པ་ཁོ་ཐག་རེད།  དེ་བས་ནད་ཡམས་འགོག་གསོའི་ཐད་ནས་ཆོས་ལུགས་དང་ཚན་རིག་གི་ནུས་པ་ལ་མཐོ་དམའ་དེ་ཙམ་མེད་ལ།   གསོ་བ་རིག་པས་བདེ་ཐང་དེ་དམིགས་དང་པོར་བརྩི་བཞིན་ཡོད་པ་དང་ཆོས་ལུགས་ཀྱིས་དམིགས་ཡུལ་གཉིས་པར་བརྩི་བཞིན་ཡོད་པའི་ཁྱད་པར་ཙམ་རེད། །

 ༧ ཆོས་ལུགས་ཀྱིས་འགྲེང་མི་དམག་འཁྲུག་གི་སྡུག་བསྔལ་ལས་སྐྱོབ་ཐུབ་བམ།

 ལན།  གོང་གི་དེ་དང་ལན་འདྲ་བོ་བྱེད་ཆོག   འཁོར་བ་སྟོང་མི་ཐུབ་པ་ཡིན་ཙང་།  འཇིག་རྟེན་གྱི་ནད་དང་དམག་འཁྲུག་སོགས་ཀྱང་སྟོང་ཐུབ་པ་མིན་མོད།  ཚན་རིག་པ་དང་ཆོས་ལུགས་པ་གཉིས་ཀས་དགེ་བ་ཞིག་དམིགས་འདུན་དུ་བཅངས་ནས་རང་གི་འཇོན་ནུས་ལྟར་དམག་འཁྲུག་ཟློག་པར་ཤུགས་སྐུལ་བྱེད་ཀྱིན་ཡོད་རེད།  གོང་དུ་སྨྲས་ཡོད་པ་བཞིན།    ཆོས་དང་ཆོས་ལུགས་ཁ་ཁ་རེད།  ཆོས་ནི་སངས་རྒྱས་ཀྱི་བསྟན་པ་རེད།  ཆོས་ལུགས་ནི་མི་ཡི་གསར་གཏོད་ཅིག་རེད། ཆོས་དེ་མཐོ་ས་ནས་རང་གི་ཉེ་སར་ཕབ་སྟངས་ཤིག་རེད། དེ་བས་ཆོས་ལ་གང་ལྟར་ཡོན་ཏན་ཆ་རྫོགས་པ་ཡིན་རུང་།  དེ་ཆོས་ལུགས་སྟེང་ནས་མི་ཡིས་འཛིན་སྐྱོང་བྱེད་སྐབས།  དེ་ལ་སྐྱོན་ནི་ངེས་པར་ཏུ་བྱུང་གི་རེད། དེ་བས་ཆོས་ལུགས་དེ་སྐབས་འགར་མི་ཧམ་སེམས་ཅན་དག་གི་ལག་ཆར་འགྱུར་བའང་ཡོད།   འོན་ཀྱང་དེ་ནི་མིའི་སྐྱོན་ཆ་དེ་ཆོས་ལ་འགོས་པ་ཡིན་པ་ལས།  ཆོས་ཀྱིས་མི་སྐྱོན་མེད་ཞི་བ་ཅན་དག་དམག་འཁྲུག་ནང་དུ་བསླུས་སོང་བ་མིན།  རྒྱུ་མཚན་ནི་ནང་ཆོས་ཀྱིས་ཕྱི་ནང་གསང་གསུམ་ཏུ་འཚེ་མེད་སྨྲ་འི་ཡོད་པ་དང་གཅིག   མི་དེ་ཆོས་ཡོད་ཆོས་མེད་གཉིས་ཀྱིས་གང་ཡིན་རུང་དམག་འཁྲུག་དང་དྲག་སྤྱོད་ལས་འདས་ཐུབ་པ་ཅན་གྱི་སྐྱེ་དངོས་ཤིག་མིན་པ་གཉིས་ལས་རྗེས་དཔག་ཐུབ།    ཆོས་མེད་སྨྲ་མཁན་དག་གིས་ཆོས་ཀྱིས་དམ་འཁྲུག་ཞི་ཐུབ་བམ།  ཞི་མ་ཐུབ་ན་དེ་ཡིས་ཅི་བྱེད་ལྟ་བུ་བཤད་བསམ་པ་རེད།  འོན་ཀྱང་ཀླན་ཀ་འདི་ཕར་ལའང་འཕེན་ཆོག་སྟེ།  ཆོས་མེད་ན་དམག་འཁྲུག་ཞི་ཐུབ་བམ། །

 ༨  ཆོས་ལུགས་ནི་འཆི་བ་ལ་སྐྲག་པ་ཡིན་ནམ་དགའ་བ་ཡིན།

 ལན།  ཆོས་ལུགས་སོ་སོའི་ལྟ་བ་མི་གཅིག   དཔེར་ན་ཡེ་ཤུ་བ་ཡིན་ན་འཆི་བ་ལ་དགའ་བས་དང་ལེན་དགོས་པ་ཡིན་ཏེ།   འཆི་བའང་ལྷ་ཆེན་པོས་མཛད་པ་ཡིན་པས་ཕྱིར།  དེ་ལ་དགེ་བའི་དམིགས་ཡུལ་གཅིག་ལྡན་པ་ཡིན་ཅེས་བཤད་ཡོད།  ནང་ཆོས་ཡིན་ན་ཐོག་མ་འཆི་བ་དེ་སྡུག་བསྔལ་དུ་སྒོམ་ནས་འཆི་བའི་ཞེན་སྣང་ལ་བརྟེན་ནས་འཆི་བ་ལས་ཐར་བའི་འདུན་པ་སྐྱེ་དགོས། དེ་ནས་འཆི་བའི་ངོ་བོ་ལ་བརྟག་དཔྱད་བྱེད་པ་དང་།  དེ་ལས་འཆི་བ་དེ་མི་རྟག་དང་འཇིག་རྟེན་གྱི་སྐྱོན་སྣ་ཚོགས་ཀྱི་བྱེ་བྲག་ཞིག་ཡིན་པར་ཡིད་ཆེས་རྙེད་ཐབས་བྱས་ནས།  འཆི་བ་དངོས་སུ་ཕེབས་སྐབས་འཇིགས་སྐྲག་མི་བྱུང་བའི་སྟ་གོན་བྱེད་པ་རེད།   འཆི་བ་ལས་ཐར་རྗེས།  སྐྱེ་འཆི་གང་ཡིན་རུང་སྒྱུ་མའི་གར་ལྟར་འཁྲབ་པ་ཡིན་པས།  དེ་ནི་འཁྲབ་སྟོན་པ་ཞིག་གིས་འཁྲབ་སྟོན་གྱི་དམིགས་ཡུལ་ལྟར་འཆི་བའི་ལེའུ་འཁྲབ་པ་ནང་བཞིན།   སེམས་དཔའ་དག་གིས་ཀྱང་འཁོར་བའི་རྨོངས་ཚོགས་སྐྱོབ་ཆེད་སྐྱེ་འཆིའི་གར་ལ་རོལ་བ་ཡིན་པས།  སྐབས་དེར་འཆི་བ་ལ་སྐྲག་པ་མིན་ནོ།  །

ཨོཾ་འབར་གྱིས་ས་བུ་ཆེར་ལན་བཏབ་པ།

ལགས་སོ།། ས་བུ་ཆེ་ཡིས་ཧ་ཅང་ནན་ཏན་དང་གཟབ་ནན་གྱིས་རེ་རེ་ལ་ལན་བསྐྱོན་པར་ལག་ཟུང་དང་གར་སྦྱར་ཏེ་བཀའ་དྲིན་ཆེ་ཞུ། རེད་དེ། ང་རང་གི་དྲི་གཞིའི་གནད་དང་ཁོང་གི་ལན་གཉིས་རྩ་བ་མི་འདྲ་བ་གཉིས་སུ་ཆགས་འདུག ངེད་ནས་ཆོས་ལུགས་ཞེས་པ་འདི་གང་ལྟར་བྱུང་བ་ཡིན་ནམ་ཞེས་པ་སྟེ་འབྱུང་ཁུངས་གཞི་བྱས་ཡོད། དེ་ལ་དྲི་བ་གཅིག་གིས་མགོ་སློང་ནས་དྲི་བ་བརྒྱད་པས་མཇུག་བསྡུ་བ་ལས་རྟོགས་དགོས། ངེད་ནས་སྒྲོམ་གཞི་འདི་ལ་བསམ་བློ་མང་པོ་བཏང་ཡོད་མོད། གཞན་ངོ་ནས་གང་དང་ཅི་ཡང་མིན་ལས་ཆེ། དེ་ན། ཞིབ་སེམས་དང་ཞིབ་དཔྱོད་པས་ནི་རྙེད་ཀྱང་སྲིད། དེར་ས་བུ་ཆེ་ནས་ཀྱང་དེའི་གནད་རྙེད་མི་འདུག དེ་ལྟར། ཁོ་ལ་མཚོན་ན། སྐྱོན་འབབ་ཆེ་དོན་ཡང་དེ་རེད། གང་ལྟར། ཁོང་གིས་ཆོས་ལུགས་བྱུང་རྗེས་གྲུབ་རྗེས་ཀྱི་ཡིག་ལན་བསྐྱོན་འདུག་པས། ངེད་གཉིས་ཀྱི་བསམ་བློའི་འཕྲོས་རྟོག་མི་འདྲ་བ་གཉིས་རེད། ཡང་ན། ཁོང་གིས་ཆོས་ལུགས་ཞེས་པ་འདི་མ་ལག་ཅན་གྱི་ཤེས་བྱ་རུ་གྲུབ་རྗེས་ཀྱི་ཤེས་བྱའི་སྒྲོམ་གཞི་ལ་གཞི་བཅོལ་ནས་ལན་བཏབ་འདུག་པས། ངས་བལྟས་ན། སྔར་བཞིན་ངའི་དྲི་བ་སླ་མོ་དག་ལ་ལན་ཐེབས་མི་འདུག་སྙམ། དེ་ནི་ཆོས་གཞུང་ཟེར་བ་དེའི་ཤེས་བྱ་ཡིན་དྲགས་པས་སོ།། གཞན། ཁོང་གི་དྲིས་ལན་ཁྲོད། སངས་ཤཱག་གིས་གསར་གཏོད་བྱས་པ་དེ་ནི་ཆོས་ཡིན་གྱི། ཆོས་ལུགས་མ་རེད་ཟེར་བའི་ཚིག་སྤོབས་མགོ་ལ་གསལ་བ་ལ། ཁོང་གིས་ཅིག་གསལ་བོ་ཤེས་འདུག་སྙམ་ནས་དགའ་མོད། རིན་བཞིན་མར་མར་དུ་ཡོང་ན། ཁོང་ཡང་ཆོས་དང་ཆོས་ལུགས་ཀྱི་ཐ་སྙད་དབར་ན་མགོ་འཁོར་ཡོད་པ་ཨེ་མིན་ནམ་སྙམ། འདི་སྐུར་རོགས། གཞན། ངའི་དྲི་བ་ལ། བཟོ་བཅོས་བྱས་འདུག དེ་ལ་མི་འཐད།

ས་བུ་ཆེའི་ཡང་ལན།

དྲི་བ་བཅོས་པ་མིན།  ཡི་གེ་རྩིས་འཁོར་ལ་འཇུག་པའི་ངལ་བ་ལ་གཡོལ་ཆེད་ཧ་ལམ་ཙམ་བཀོད་པ་ཡིན།


རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།