གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀེ་རི་སིའི་བྱིས་པ།

2009-03-08 11:47:00 ཀི་ཏེ། ཀློག་གྲངས། མཆན ཡོད།

    འཇིགས་སུ་རུང་ཨང༌། འཇིགས་སུ་རུང༌། འཇིགས་སུ་རུང༌།
                                            —ཧྲ་ཟི་པི་ཡའི<<མག་པེ>>ལས།
 

ཐུར་ཁེ་བ་ཡིས་བཅོམ་པའི་ཤུལ་གྱིས་མིག་ཟུང་སྒོ་མོ་སྣང་བ་སྐྱ་བོ་ཁོ་ནས་འགེབས།
བདུད་རྩིའི་གླིང་ཕྲན་ཞི་ཨོ་ཁྱོད་ནི་ད་ལྟ་མཚོ་ཞབས་བྲག་རྡོ་སྒྲེན་མོར་གྱུར།
ཞི་ཨོ་ཁྱོད་ལའང་སྔོ་ལྗང་ལྗོན་པའི་བསིལ་སྣུམ་གདུགས་བཞིན་སྒྲོན་མྱོང་ཞིང༌།
ཞི་ཨོ་ཁྱོད་ཀྱི་ལྗོན་ཚོགས་དག་ཀྱང་མཚོ་རླབས་སྔོན་མོར་རྩེ་མོ་ཟུག་སྟེ་འཆར་ཡང་མྱོང༌།
དུས་དེར། རྒུན་འབྲུམ་ཞིམ་ངད་འཐུལ་བའི་རི་ལྡེབས་རེ་རེ་ལྡིང་ཁང་རེ་རེ་ན།
བུ་མོ་གཞོན་ནུའི་རོལ་དབྱངས་རྫི་བའི་གླུ་སྒྲ་སྲོད་མཚམས་ཀུན་ཏུ་ལྡིང་ཞིང་ཐོས།

དབེན་སྟོང་ཉག་ཅིག་ཤུལ་དུ་མེ་དུད་ནག་པོས་བགོས་པའི་གྱང་མཐའ་ན།
ཁེར་སྡོད་བྱིས་པ་ཞིག་སྟེ། མིག་ཟུང་སྔོན་པོ་ཅན་གྱི་ཀེར་སེའི་གཞོན་ནུ་ཞིག
རང་གི་བརྙས་གྱོང་ཅི་ཡང་རེག་པའི་མགོ་བོ་ས་ལ་ཕབ་ཅིང་སྨད།
ད་ནི། སྐྱུ་རུ་ར་ཡི་སྡོང་བུ་དཀར་བོ་རྐང་གཅིག་ལྷག་པ་དེ།
ཁོ་རང་ཇི་བཞིན་གོད་ཆེན་རྗེས་སུ་ལུས་པའི་མེ་ཏོག་ཉག་ཅིག་ཡིན།
ཁོ་ཡི་སྐུང་ས་ཁོ་ཡི་སྲོག་རྟེན་གཅིག་པུའང་དེ་རང་ཁོ་ནས་བྱེད།

“ཀྱི་ཧུད་ཉམ་ཐག་བྱིས་པ། བྲག་རིའི་མཆེ་བ་རིམ་པར་འཁྲིགས་པའི་ངོགས་ཀྱང་རྐང་རྗེན་རྒྱུ་བ་ཀྱེ།
ཁྱོད་མིག་ཟུང་གི་ནམ་མཁའ་རྒྱ་མཚོ་ཇི་བཞིན་སྔོ་བའི་ངང་དམངས་དེ།
སྐྱ་གསོབ་མཆི་མའི་ཡོལ་བས་གཡོགས་འདི་སེལ་སླད་དང༌།
སྤྲོ་འཛུམ་རྩེད་མཚར་ཀུན་ནས་བརྡོལ་བའི་གཟི་མདངས་དེ།
ཆར་རླུང་འཚུབ་མས་ཇི་བཞིན་མཆི་མས་བརྣངས་པའི་མིག་གི་ཨ་སྔོན་འདི་རུ་སླར་འཁྱུད་ཅིང༌།
ཁྱོད་ཀྱི་གསེར་མདངས་སྐྲ་ལོས་ཁེབས་པའི་མགོ་བོ་འདི་ནི་སླར་འདེགས་ཆེད་དུ་འང༌།

ཁྱོད་ལ་ཅི་ཞིག་དགོས་སམ། མཛེས་སྡུག་བྱིས་པ་བདག་གིས་ཁྱོད་ལ་ཅི་ཞིག་སྟེར།
ཁྱོད་ཀྱི་མགོ་ཀུན་འཛིང་བའི་སྐྲ་ཚོགས་འདི། ཇི་ལྟར་དགའ་བ་འབུམ་གྱིས་བསྡུ་ནུས་ཨང༌།
ཁྱོད་ཀྱི་དཀར་ཞིང་གཙང་བའི་ཕྲག་གོང་དུ། ལྕགས་གྲིས་བརྙས་བཅིལ་མ་མྱོང་གསེར་གྱི་སྐྲ་ལོ་འདི་དག་དང༌།
ཁྱོད་ཀྱི་མཛེས་སྡུག་གདོང་གི་མཐའ་ན་ངུ་དངངས་མཆི་མས་འབྱར་བའི་ཚང་ཚང་འདི་དག་གིས།
སྨྲེ་ངག་ཆུ་ལྕང་ཇི་བཞིན་སྒྲོག་པ་འདིའང་གང་ལྟར་སླར་ཡང་ལེགས་པར་བཤད།

གང་གིས་ཁྱོད་ཀྱི་ནང་གི་སྐྱོ་ཀུན། བཞིན་གྱི་གདུང་ཀུན་སེལ་ནུས་ཨང༌།
ཁྱོད་ཀྱི་མིག་ཟུང་ཇི་བཞིན་སྔོ་བའི་བཀྲག་མདངས་འོད་འཚེར་ཞིང༌།
ཁྲོན་འགྲམ་སྐྱེས་པའི་དབྱི་རན་ལུག་མཉེའི་མེ་ཏོག་ཆུན་པོ་འདི་ཡིས་སམ།
ཡང་ན་ལྷ་ཤིང་དེ་ཡི་ཚད་ནི་རྨིག་བཞི་ངལ་བ་གཏན་དུ་སྤངས་པའི་རྟ་མཆོག་ཀྱང༌།
ལོ་འཁོར་བརྒྱ་ལ་བང་གིས་གཞལ་ན་ད་གཟོད་ལྗང་བསིལ་ངོགས་ཡངས་མཐའ་རྒྱ་ཆོད་འགྱུར་རོ།།

ཁྱོད་ཀྱིས་ཁོ་བོར་འཛུམ་དཀར་སྟོན་སྲིད་དམ། གལ་ཏེ་མཛེས་སྡུག་ནགས་ཀྱི་བྱིའུ་འདི་བྱིན་ན།
བྱིའུ་འདིའི་གླུ་སྒྲ་རྔམ་བརྗིད་ཆེ་བས་སྤྲིན་དཀར་ཕང་ནས་སིལ་སྙན་རྣམ་གནོན་ཞིང༌།
གླིང་བུ་ལྕེ་གཉིས་ལས་ལྷག་སྙན་འཇེབས་དབྱངས་ནི་ངོ་མཚར་རྣ་བའི་དཔལ་དུ་འབེབས།
ཁྱོད་ལ་ཅི་ཞིག་མཁོའམ། མེ་ཏོག་གསར་བ། མངར་བཅུད་འབྲས་བུ། ཡང་ན་ངོ་མཚར་བྱིའུ།”
“གྲོགས་པོ” ཀེར་སེའི་གཞོན་ནུ་མིག་མདངས་སྔོན་པོ་ཅན་གྱིས་འདི་སྐད་དུ།
“བདག་ལ་དགོས་པ་མདེའུ་ཡིན། བདག་ལ་འགས་རྫས་སྩོལ་གནང་ཞུ།
                       (ཆབ་བྲག་མགོན་པོ་སྐྱབས་ཀྱིས་བསྒྱུར)

རྩོམ་ཁུངས། དམངས་ཁྲོད་དུས་དེབ

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།