གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུངས་བརྗོད་སྙན་ངག་ཚོམ་བུ།

2009-03-21 11:07:00 ཧེ་ཙི། ཀློག་གྲངས། མཆན ཡོད།

               ༡ མཚོ་སྔོན་པོ།
ང་རྒྱལ་གྱི་ཆང་ཕོར་འདི།
སུ་ཡི་ཆེད་དུ་ཡར་བཏེགས།
ཉམ་ང་བའི་མཐོ་སྒང༌།

ཨ་སྔོན་དབྱིངས་ཀྱི་འདབ་ཆགས་དང་ཚྭ་ཁུའང༌།   སུ་ཡི་ཆེད་དུ་ཡར་བཏེགས།

རྦ་རླབས་ཁེར་རྐྱང་གི་མཛུབ་མོ་བཅུ་པོ་ལས་ཕྱིར་བསྣུར་བྱས།
འདབ་ཆགས་དཀར་པོའི་གླིང་ཕྲན།  བྱིས་པ་རྣམས་ཀྱིས་བསྐོར་ནས།
རྒྱང་ཐག་རིང་པོའི་སྦག་བཙོག་གི་གྲོང་བརྡལ་ཆུང་ངུ་ཞིག་ཏུ་གནས།

ང་རྒྱལ་གྱི་ཆང་ཕོར་ཞིག
མཚོ་སྔོན་གྱི་ཀོང་ཇོ།  ཁྱོད་ཀྱིས་ང་རང་པང་དུ་བསྡམས་པར་ཞུ།
ང་ནི་ཇི་འདྲའི་དབུལ་ཕོངས་དང༌།  ཇི་འདྲའི་ཉམ་ང༌།  ཇི་འདྲའི་སྦག་བཙོག་ཅིག་ཡིན་ཨང༌།
ཁ་བ་བཞིན་དཀར་བའི་གཤོག་པ་ཆ་གཅིག་གིས་ཀྱང་ང་ལ་གནས་སྐབས་ཀྱི་བདེ་བ་ཙམ་ལས་སྟེར་བར་མ་ནུས།

ངས་ནི་ཁྱོད་རང་ཉི་མ་ལས་འཕུར་འོངས་བ་མཐོང་བྱུང༌།
མཐིང་མདོག་གི་ཀོང་ཇོ།  མཚོ་སྔོན་པོ།
ངའི་ཁེར་རྐྱང་གི་མཛུབ་མོ་བཅུ་པོ་ཨ་སྔོན་དབྱིངས་ཀྱི་ཁ་བ་བཞིན་དཀར་བའི་འདབ་ཆགས་ཏུ་གྱུར་སོང༌།
                                                                               1988.7.25

      ༢   རླུང་ཆེན་པོ།
རླུང་ལྡང་བའི་ས་སྲོས་ནི་ན་ནིང་སྟོན་ཁ་དང་འདྲ་བོ་འདུག
ཤིང་སྡོང་ལ་གནོད་སྐྱོན་ཐེབས་པའི་དྲི་ཞིམ་ཕྱོགས་བཞིར་ཁྱབ་ནས་ཡོད།

ཁོ་མོའི་སྐྲ་ལོ་འཕྱོ་བ་དྲན།
མཁུར་ཚོས་བསིལ་ཞིང་འཁྱག་པར་གྱུར།
ཁོ་མོའི་མ་ཡུམ་བསྲུང་ནས་བསྡད།
ཁོ་མོའི་བུ་མོ་པང་ནས་བསྡད།
གཤོང་སའི་དཀྱིལ་དུ་ཙོག་པུར་བསྡད།
ཁོ་མོའི་ཡུལ་ཏུ་ཙོག་པུར་བསྡད།

ས་སྲོད་ལ་མུན་པ་སླེབས་བྱུང༌།
རླུང་ཆེན་པོ་ཨ་སྔོན་དབྱིངས་ནས་ལྡང་བྱུང༌།
རླུང་བུ་ཁྲི་སྟོང་གི་བདག་པོ་གར་དུ་འཁྲབ་སྟེ།
ཤིང་སྡོང་གི་གནོད་འཚེ་རུ་གྱུར་སོང༌།
1988.2.4

    ༣   སྐྱུ་རུ་རའི་སྡོང་བོ།
དོ་ནུབ་ང་རང་ཁྱོད་ལ་འཕྲད་མི་སྲིད།
དོ་ནུབ་ང་རང་མི་ཡུལ་གྱི་ཡོད་ཚད་ལ་ཐུག་འཕྲད་གནང་ཡང༌།
ཁྱོད་ལ་འཕྲད་མི་སྲིད།

ཆར་ལྡན་དུས་ཀྱི་ཆེས་མཐའ་མཇུག་གི
མེ་ལྟར་དམར་བའི་སྐྱུ་རུ་རའི་སྡོང་བོ།
གཟུགས་པོ་མཐོ་ཞིང་ཆེ་བའི་ལྷ་མོ་ཞིག་གི་ལྕགས་རྟ་འཁོར་ལོ་དང་འདྲ་བར།
བུ་མོ་ཆུང་ཆུང་ཞིག་དང་འདྲ་བར།  ལྷུན་པོ་ཡི་ཚོགས་ལ་འཇིགས་སྔངས་སྐྱེ།
ཧོན་ཐོར་ཏེ་སྒོ་ཁ་རུ་འགྲེང༌།
ཁོ་མོ་བདག་གི་ཕྱོགས་སུ།
བརྒྱུགས་ནས་ཡོང་མི་སྲིད!

ང་རང་ས་སྲོད་བརྒྱུད་ནས་སོང༌།
རླུང་བུ་རྒྱང་ན་གནས་པའི་བདེ་ཐང་ཕྱོགས་ལ་གཡུག་པ་དང་འདྲ་བར།
ངས་ནི་ས་སྲོས་སུ་ཁེར་རྐྱང་གི་སྡོང་རྐང་ཞིག་པང་དུ་དམ་པོར་འཛིན་སྲིད།
སྐྱུ་རུ་རའི་སྡོང་བོ།  འཁྱུག་ཙམ་གྱིས་ནི་མི་སྣང་བར་གྱུར།  ཨ།  སྐྱུ་རུ་ར།

ང་ནི་ཁྱོད་ཀྱི་མེ་ལྟར་དམར་བའི་མྱོས་བུམ་གྱི་འོག་ཏུ་ཙོག་ནས་ནམ་གསལ་རག་   བར་དུ་འདུག་རྒྱུ།
ཆུང་ལ་ཡིད་དུ་འོང་བའི་སྐྱུ་རུ་རའི་མྱོས་བུམ།
གཟུགས་པོ་མཐོ་ལ་ཆེ་བའི་ལྷ་མོའི་ལྕགས་རྟ་འཁོར་ལོ་རུ།
ཞིང་བྲན་གྱི་ཕྱག་དུ།
མཚན་མོ་ལ་གཟིམ་དགོས་བྱུང༌།
                         1988.6.8----10

                ༤   གཡུ།
སྐབས་འདི་ལ།   ལྗང་མདོག་གི་ཀོང་ཇོ་ཆུང་ཆུང༌།
བདག་གི་འགྲམ་དུ་སླེབས།
མཚོ་སྔོན་པོ།  ལྗང་མདོག་གི་ཀོང་ཇོ་ཆུང་ཆུང༌།
དེ་སྔ་ཁྱོད་རང་སུ་ཞིག་གི་ཕ་ཡུལ་ལགས།
དེ་སྔ་ཁྱོད་རང་སུ་ཞིག་གི་བདེ་བའི་ཞིང་ཁམས་ལགས?
ཁ་བ་ལྟར་དཀར་བའི་འདབ་ཆགས་ཤིག་གིས།
གཤོག་པ་བཀོལ་ནས།
མིའི་རིགས་ཀྱི་གྲོང་བརྡལ་འཁྲིད་ཐབས་མ་བྱུང༌།
དེ་ཉིད་སྦག་བཙོག་གི་རི་བོའི་སྒལ་ཚིགས་སུ་ལུས་སོང༌།

ཆུ་མོ་དང་བསྡུར་ན།  ས་ཞིང་ནི་ཇི་འདྲའི་སྦག་བཙོག་དང་རེངས་པོར་གྱུར་ཡོད།
ལྗང་མདོག་གི་ཀུང་ཇོ་ཆུང་ཆུང་གིས་ང་ཡི་མཆི་མ་ཕྱིས་ཤིང༌།
ཁྱོད་ནི་ལོ་ན་རྒས་པའི་རྒྱལ་པོའི་མངའ་རིས་ཀྱི།
ལོ་ན་གཞོན་པའི་རྒྱལ་པོ་ཞིག་སྟེ།   ལོ་ན་རྒས་པའི་གོང་མ་ཁྱོད་ཀྱི་ཕྲག་པ་ལ་བསྙེས་ནས་འཆི་སྲིད་ཟེར།
ས་གཞི་ཁ་ཕྱེ་ལ་སླར་ཡང་ཟུམ་པར་གྱུར།
1988.7.24

    ༥   མིང་མེད་པའི་རི་སྐྱེས་མེ་ཏོག
མཐོང་རྒྱུ་མ་བྱུང༌།   ལོ་ན་བཅུ་དྲུག་གི་ཁྱོད་རང༌།
མིང་མེད་ལ་དྲི་ཞིམ་འཐུལ་ཤིང༌།  མེ་ཏོག་འབུས་བཞིན་པའི་ཁྱོད་རང༌།
མཐོང་རྒྱུ་མ་བྱུང༌།

ཆར་བའི་ཁྲོད་དུ་རྐང་ལྷམ་ལག་ཏུ་ཐོགས་ནས་འགྲོ་བཞིན་པ་མ་མཐོང༌།
མཐའ་ཡས་པའི་རྩྭ་ཐང་སྟེང་དུ་བགྲོད་བཞིན་པའི།
དྲན་འཆར་མི་གསལ་བའི་ལྷ་མོ།

ལོ་ན་ཆུང་ཆུང་གི་ཁྱོད་རང༌།   མཐོང་རྒྱུ་མ་བྱུང༌།
ལུས་ཧྲིལ་བོར་དམར་མདོག་གིས་བརྒྱན་ཏེ།
སྟོང་སེང་ངེའི་རླུང་ཁྲོད་ན་རྒྱུ།

ང་ཡི་འགྲམ་དུ་ལྷགས་དུས།
ཁྱོད་རང་སྔར་ནས་འཚར་ལོངས་བྱུང་ཟིན།
ཁྱོད་ཀྱི་སྐྲ་ལོ་ཐུར་དུ་འཕྱང་བ་ནི་མཚན་གྱི་མུན་པ་དང་འདྲ་བར།
ང་ནི་མཚན་གྱི་མུན་པའི་ཁྲོད་ཀྱི་ཁེར་རྐྱང་གི་གྲ་བཙུན་ལགས།
ས་བོན་དག་བྲག་ཁུང་དུ་སྦས་ཤིང༌།
ངས་ནི་སྒྲོན་མེ་འདི་དགུ་པོ།
རང་གི་རྩིབ་རུས་སུ་བརྒྱན་པར་ངེས།

མདོག་དཀར་པོའམ་མདོག་ལྗང་ཁུ།
ཡང་ན་ལྷ་ཡུལ་ལས་འཕགས་པའམ་གཤིན་རྗེའི་ཡུལ་ལས་ཐོན་པ་གང་ཡིན་ཡང༌།
མཚོ་སྔོན་པོའི་བར་སྣང་གི་རླུང་ཆེན་པོས།
རྒྱ་སྨུག་གི་ཟུངས་ཁྲག་ལྡང་ནས་ཕྱེ་ཞིང༌།
ངའི་མགོ་བོ་རུ་ཕྱེ་ནས་ཐོན།
ང་ནི་ནམ་ཞིག་མིང་ཡང་མེད་པའི་རི་སྐྱེས་མེ་ཏོག་འདི་རུ་གྱུར་སོང?
                                               1988.11.2
                         (ལྡོང་བུས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།