གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་བུ་དགའ་བདེས་གསར་དུ་བརྩམས་པའི་སྙན་ངག་འགའ།

2009-03-20 07:06:00 མཚོ་བུ་དགའ་བདེ། ཀློག་གྲངས། མཆན ཡོད།

          མཛའ་མོ།
ངས་ཚེ་གང་བོར་ཁྱོད་ཕྱོགས་སུ་ལྟ
ང་རང་ཀེ་རེར་འགྲེང་ས་དེར
དཔྱིད་ཀྱི་རླུང་བུ་ངེས་མེད་རྒྱུ
ཁྱོད་ཀྱིས་རང་ཉིད་འདི་འདྲའི་མྱོང་བར་དགའ་ཟེར

མི་ལོ་མང་བོ་འདས་སོང་ཨང
མཐོ་ས་ནས་ཟགས་པའི་ཟླ་འོད་ཀྱིས
ང་དང་མཉམ་དུ་མཚན་གཞུང་བརྒལ
སྣོད་ཀྱི་བཀོད་པར་གྲག་འགུལ་གང་ཡང་མེད
ངས་ཕྱིར་ལོག་པའི་ཕ་ས་དེ་དྲན

ཁྱོད་ཀྱི་ཤ་ཁྲག་དང་   ང་ཡི་བླ་སྲོག་གང་ཞིག
བདེ་སྐྱིད་ཀྱིས་ཟིན་པ་ལས
བདག་གིས་གསལ་བོར་རྟོགས་སྲིད་དེ
འདི་འདྲའི་ལས་ཕྲན་ཚེགས་ཀྱི་འབྲས་བུ་ནི
ཀུན་གྱི་ཡིད་དབང་འགུག་པ་ཞིག་ཏུ་ངེས་སོ
                        ༢༠༠༦ ༢ ༢༢

         དཔྱིད་ཀ
ཉི་འོད་ས་གཞིའི་ལུས་པོ་ལས་ཕྱིར་བརྐྱངས
ཚུལ་དེ་ནི་དལ་བུར་འགུལ་གྱིན་པའི་གྲོག་མ་ཞིག་དང་འདྲ

ངས་མཐོ་སྒང་གི་མཁའ་དབྱིངས་སུ
ཤོག་བྱ་ཁྱུ་གཅིག་གིས་དཔྱིད་རླུང་ཁྲོད་གླུ་གཞས་གཏོང་བ་ཐོས
བྱིས་པའི་དུས་སུ   ང་འདི་ལྟ་བུའི་ལྟད་མོར་དགའ

དཔྱིད་ཀ་སླེབས་བྱུང   སྤྱི་བོའི་གཙུག་གི་སྤྲིན་གྱི་མེ་ཏོག
ང་ཡི་སོ་ཕྲེང་བཞིན་དུ་དཀར
ང་རང་ཧ་ལས་པའི་ངང   དེ་ཡི་ཕྱོགས་སུ་ཡུད་ཙམ་ཧད
                ༢༠༠༦ ༢ ༢༣

             སུན་སྣང༌།
ཚགས་པར་རྙིང་ཧྲུལ་འགའ་ཞིག
མ་རྩ་རྡིབ་མ་ཐག་པའི་ཁེ་ལས་ཤིག་གི
གཞུང་སྒྲུབ་ཐོག་ཁང་གི་བར་ཁྱམས་ན་རླུང་གིས་སྐྱོད
ས་རྡུལ་སྔར་བཞིན་ས་ལ་ཟགས
ཚོང་དཔོན་སྒོར་ཐོན་རྗེས་བུད་སོང
ཚོང་དཔོན་ཆུང་བ་དག་ཀྱང་སྒོར་ཐོན་རྗེས་བུད་སོང
ལས་མི་དག་ཀྱང་སྒོར་ཐོན་རྗེས་བུད་སོང
རྣམ་པ་དེ་རྒྱ་ཆེ་བ་ཞིག་ཏུ་འདུག
ཤུལ་ཏུ་ང་རང་གཅིག་བུ་ཅི་བྱ་གཏོལ་མེད་དུ་གྱུར
                    ༢༠༠༦ ༢ ༢༥

      སུ་ང་ལ་དགའ་བ་དེས་ལག་པ་ཁྱོགས།
སུ་ཡིས་ང་རང་སད་དུ་འཇུག་གམ
སུ་ཞིག་ང་ཡི་མཛའ་མོར་འགྱུར་སྲིད
ངོ་མ་ཡིན

མི་ཚེ་འདིར   ངས་དབང་གྲགས་ཡོད་རྒུ་འཆོར་ངེས་ཤིང
གང་དང་ཅི་ཡིན་པ་མེད་དུ་འཇུག་སྲིད

ང་རང་འཇིག་རྟེན་དབང་དུ་སྒྱུར་བའི་མི་བོ་ཆེར
འགྱུར་མི་ཐུབ་སྟེ  མི་ལོ་མང་བོའི་རྗེས་སུ་ཤི་འགྲོ་བ་ཙམ་མོ
དེ་ལྟ་ནའང   ཁྱོད་ཉིད་ཚེ་གང་བོར་ང་ལ་དགའ་ཆོག

               མཛེས་མ།
མཛེས་མ་ནི་བེམ་པོ་ལས་བྱུང་བའམ
ཡང་ན་སྐད་ཆ་ལས་བྱུང་བ   གང་ཡིན་པ
ངས་ཤེས་ཐབས་བྲལ

ཆགས་པའི་ཉམས་དེ་མཛེས་མ་དང་མཚུངས་པ་འམ
ཕྱི་ཚུལ་ཉིད་མཛེས་མ་དང་མཚུངས་པ   གང་ཡིན་པའང
ངས་ཤེས་ཐབས་བྲལ

ངས་མཛེས་མ་ཞེས་པའི་ཐ་སྙད་འདི
གང་ཞིག་ནས་མཛེས་པར་དོགས་པ་ཟ་དགོས་བྱུང་སྟེ
དེ་ནི་མོའི་ཡོད་ཚད་ཡིན་ནམ
ཡང་ན་གཞན་ཞིག་ཡིན
 
          དོ་དགོང༌། Coffee དང་ཟླ་འོད་ལས་ཅི་ཡང་མེད།
ཐ་མག་བཅད་ནས་ཡུན་རིང་འགོར་ནའང
དོ་དགོང་ཚོད་འཛིན་མེད་པར་རྐང་གཅིག་བསྒྲོན
འོན་ཀྱང་བསམ་གཞིགས་མང་བོ་གཏོང་དགོས་བྱུང

དོ་དགོང  སྙན་ངག་ཅིག་རྩོམ་དུས་མིག་ཆུ་ཤོར་བ་མ་གཏོགས
སེམས་པ་ཧ་ཅང་སྐྱིད་པོ་འདུག

དོ་དགོང  གཉིད་མི་ཁུག
ངསCoffeeའཐུང་བཞིན་སྐྱེ་བ་ཕྱི་མ་དྲན་ཞིང
བག་མེད་རྒྱས་སྤྲོས་ཀྱི་འཚོ་བ་ཞིག་དྲན
ངའི་ཚོར་བ་རྣོ་དྲགས་ཨང
             ༢༠༠༦ ༣ ༩
     (སྐྱ་བོས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།