དེང་གི་རྒྱའི་སྙན་ངག་ཚན་པ་གསུམ།
ཕ་ཡུལ་གྱི་ལམ།
ཅིང་དབྱི་ལའང༌།
ངས་དེ་ཉིད་ཐག་པ་ཞིག་ཡིན་པར་འདོད
དེས་ང་རང་བཅིངས་ནས་ཕྱིར་འཁྲིད་ན་འདོད
འོན་ཀྱང དེ་ནི་རྟ་ལྕག་ཅིག་སྟེ
ང་ལ་དྲག་ཏུ་འབྲབ་པར་བྱེད
བསྐྱོད་པའི་ལམ་ཐག་ཇི་ལྟར་རིང་ན
བྲབས་པའི་ཤུགས་ནི་དེ་ལྟར་ཆེ
ཀྱེ་མ་ཕ་ཡུལ གང་སར་འཁྱམས་ནས་འགྲོ་དུས
བདག་གིས་མིག་ཀོང་དུ་མཆི་མ་བསྐྱིལ་ནས
ཁ་ཕྱིར་འཁོར་ཏེ་ཟུག་རྔུ་འབྱིན་བཞིན་ཡོད
བརྩམས་སྒྲུང་གི་སྒྱུ་རྩལ།
ཧི་ཞའོ་ཀྲུའུ།
ལུའུ་ཞུན་ན་རེ ཁོའི་བརྩམས་སྒྲུང་གི་མི་སྣ་ནི
སྣ་ཚེ་རིང་ལས་གཡར་ཞིང་
མཆུ་བཀྲ་ཤིས་ཀྱི་ཡིན་ལ
དོན་གྲུབ་ཀྱི་གྱོན་གོས་བཀླུབས་ནས་གྲུབ་པ་ཞིག་ཡིན་ཡང་ཆོག་ཟེར
དེའི་ཕྱིར ཚེ་རིང་གིས་བརྩམས་སྒྲུང་བ་ཞིག་བྱེད་འདོད་པའི་དུས་སུ
སྣ་བཀྲ་ཤིས་ལ་གཡར་ཞིང་
མཆུ་དོན་གྲུབ་ལ་གཡར་མོད
མི་སུས་ཀྱང་ཁོ་ལ་གྱོན་གོས་མ་གཡར
དེ་ནས་ཁོས་རང་གི་ནོམ་སྒམ་ལས་གྱོན་གོས་ཤིག་བླངས་ཏེ
ལུས་ལ་བཀླུབས་པ་དེས་ཀྱང་
མི་སྣ་ཞིག་གྲུབ་སོང་ངོ
དམིགས་ཡུལ་ཁོ་ན་བ།
ཧྲི་དབྱི་ཏིས།
ངས་སྐྱེས་དམན་མེད་པར་བཟོས་ནས
འདོད་བརྩེ་ཤུལ་ཏུ་གཞག་འདོད
ངས་བེམ་རོ་མེད་པར་བཟོས་ནས
འཆི་བ་ཤུལ་ཏུ་གཞག་འདོད
ངས་ནམ་མཁའ་མེད་པར་བཟོས་ནས
ཉིན་བྱེད་ཤུལ་ཏུ་གཞག་འདོད
ངས་དམིགས་ཡུལ་ཁོ་ན་མེད་པར་བཟོས་ནས
——
ཁོང་འདར་ཆེན་པོ་ཞིག་ཤུལ་ཏུ་གཞག་འདོད
(སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།