གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཡིག་ནས་བསྒྱུར་བའི་བརྩམས་སྒྲུང་། སྐུ་སྲས། ༣

2011-01-12 10:40:00 ནཱ་ཚི་མེད་སོ་སད་ཁེ། ཀློག་གྲངས། མཆན ཡོད།

 

      མཐར་ཕྱིན་ནས་ཉིན་བརྒྱད་ཙམ་འགོར་བའི་ཉིན་དེར་སློབ་གཙོ་འབོད་དུ་ཐོན་པས།   དོན་དག་ཅི་ཞིག་ཡོད་དམ་ཞེས་སྙམ་སྟེ།   སྒོ་ཕྱིར་བུད་པ་ན།  “ཞི་ཁའོ་ཁུའུ་ཀྱི་ཕྱོགས་ཀྱི་དམའ་འབྲིང་སློབ་གྲྭ་ཞིག་ལ་རྩིས་རིག་དགེ་རྒན་ཞིག་མཁོ།   ཟླ་ཕོག་ནི་སྒོར་བཞི་བཅུ་ཡིན་མོད།   སོང་ན་ཅི་འདྲ་རེད”ཞེས་ཟེར།   ཁོ་བོས་ལོ་ངོ་གསུམ་གྱི་རིང་ལ་ཤེས་བྱ་སྦྱངས་མོད།   དོན་དངོས་སུ་དགེ་རྒན་བྱ་འདོད་དང་ཞིང་གྲོང་དུ་འགྲོ་བའི་འདུན་པ་ཅི་ཡང་སྐྱེས་མ་མྱོང་ལ།   དགེ་རྒན་མ་ཡིན་པའི་བྱ་བ་གང་ཞིག་སྒྲུབ་འདོད་པའི་ཐད་ལའང་བསམ་གཞིགས་བཏང་མ་མྱོང་བས།   སྐད་ཆ་དེ་ཐོས་མ་ཐག་”འགྲོའོ”ཞེས་མྱུར་བར་ལན་བཏབ།   འདི་ཡང་འདང་རྒྱག་མེད་པའི་རང་གཤིས་ཡིན་པའི་རྐྱེན་ཡིན་སྲིད།   ཁས་བླངས་ཟིན་པས་མ་སོང་ན་མི་ཆོག་པས།   ལོ་ངོ་གསུམ་གྱི་རིང་ཐ་དྷ་མུས་ལྔ་ཅན་གྱི་ཁང་པ་རུ་རང་གཅིག་པུ་བསྡད་པས་ཁ་རྩོད་ཙམ་ཡང་བྱས་མ་མྱོང་པས།   དུས་ཡུན་འདི་ནི་ང་རང་གི་མི་ཚེ་ལ་མཚོན་ན་ལྟོས་བཅས་ཀྱིས་ཞི་འཇགས་ཀྱི་དུས་སྐབས་ཞིག་རེད།   ཡིན་ནའང་།   ཐ་དྷ་མུས་ལྔ་ཅན་གྱི་ཁང་པ་ལས་ཀྱང་གནས་སྤོར་མི་བྱེད་ག་མེད་བྱུང་།     སྐྱེས་པ་ནས་བཟུང་ཐྰོ་ཁྱོའོ་ཕན་ཆད་དུ་སོང་པ་ནི།   སློབ་གྲོགས་དང་མཉམ་དུ་ཁ་མ་ཁུའུ་ར་ཞེས་པའི་ས་ཆ་རུ་་ལྗོངས་རྒྱུ་ལ་ཐེངས་གཅིག་སོང་བ་ཙམ་ཡིན་པས།   ད་ཐེངས་ཁ་མ་ཁུའུ་ར་ཙམ་མ་ཡིན་པར་ས་ཐག་རིང་བོ་ཞིག་འགྲོ་དགོས་བྱུང་།   ས་ཁྲ་སྟེང་ནས་བལྟས་ན།   གནས་དེ་ནི་རྒྱ་མཚོའི་འགྲམ་དུ་རྒྱལ་ཁབ་གྱི་རྩེ་མོ་ཙམ་དུ་མཐོང་ཞིང་།   གང་ལྟར་ཀྱང་ས་ཆ་ལེགས་པོ་ཞིག་མིན་པ་འདྲ།   ས་གནས་ཅི་འདྲ་ཡིན་པ་དང་མི་དམངས་གང་འདྲ་ཞིག་བསྡད་ཡོད་པ་མི་ཤེས་མོད།   མི་ཤེས་རུང་སྡུག་མ་ཐུག་ལ།   སེམས་ཁུར་ཡང་མ་བྱས།   འོན་ཀྱང་བྱ་བ་དེར་ཅུང་ཙམ་དཀའ་རྙོག་ཅིག་འདུག་གོ།   ཁང་བ་ལས་ཕྱིར་བུད་རྗེས་རྒན་མོ་ཁྰེ་ཡོའི་ཕྱོགས་སུ་སོང་།   ཁྰེ་ཡོ་ཡི་ཚ་བོ་ལགས་ནི་མ་བསམས་ས་ནས་མི་བཟང་བོ་ཞིག་རེད་འདུག   ཁོ་བོ་སོང་ཐེངས་རེར་དངོས་པོ་རྣམ་པ་སྣ་ཚོགས་སྟེར།   ཁྰེ་ཡོས་ང་རང་མདུན་དུ་འདུག་ཏུ་བཅུག་སྟེ།   ང་རང་གི་བཟང་ཆ་མང་པོ་ཚ་བོ་ལ་ཁ་བརྡ་བྱེད་པ་རེད།   “ད་ལྟ་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཁོའོ་རྗི་མ་ཆིའི་ཕྱོགས་ནས་ཁྱིམ་གཞིས་ཉོས་ནས་སྲིད་གཞུང་གི་ལས་ཀར་ཞུགས་རྒྱུ་རེད་”སོགས་ཀྱི་ཆེ་བསྟོད་ཀྱང་བཤད་ཀྱིན་འདུག།   ཁོ་མོ་གཅིག་པུའི་བསམ་ཚུལ་ལྟར་ཁོ་མོ་གཅིག་པུས་ཁ་བརྡ་བྱེད་པས།   ང་རང་སྡུག་ལ་གཏད་དེ་ངོ་གདོང་དམར་པོར་བཏང་བ་ཡང་ཉུང་ཉུང་ཞིག་མིན།     སྐབས་ལ་ལར་ང་རང་་བྱིས་པའི་དུས་སུ་མལ་ཁྲི་སྟེང་དུ་གཅིན་ཤོར་བའི་དོན་དག་ཀྱང་ཁ་བརྡ་བྱེད་པས།   སྐབས་དེར་ང་རང་ཁ་ཁུ་སིམ་མར་མི་འདུག་ཐབས་མེད་བྱུང་།   ཁྰེ་ཡོའི་ཚ་བོས་ཅི་ཞིག་ལ་བསམ་བློ་འཁོར་ཏེ་ཁྰེ་ཡོའི་བསྟོད་པ་ལ་ཉན་གྱིན་ཡོད་མེད་ཀྱང་མི་ཤེས།   ཁྰེ་ཡོ་ནི་སྲོལ་རྒྱུན་རང་བཞིན་གྱི་བུད་མེད་ཞིག་ཡིན་པས།   ཁོ་མོ་དང་ང་རང་གཉིས་ཀྱི་འབྲེལ་བ་ནི་ཐོ་ཁུའུ་ང་བ་དུས་སྐབས་ཀྱི་རྒྱལ་བོ་དང་བྲན་གཡོག་བར་གྱི་འབྲེལ་བ་ལྟ་བུར་བསམས་ནས་འདུག།   དེའི་ཕྱིར་མོ་རང་གི་བདག་པོ་ཡིན་ན་ཚ་བོའི་བདག་པོའང་ཡིན་ངེས་ཞེས་བསམ་བཞིན་པ་འདྲ། 
     དེ་ནས་ལས་གནས་སུ་འགྲོ་རན་ལ་ཉེ་བའི་ཉིན་གསུམ་གྱི་སྔོན་དུ་ཁྰེ་ཡོ་ལ་བལྟ་རུ་སོང་བ་ན།   ང་རང་ཐོན་པ་མཐོང་སྟེ་མྱུར་དུ་ཡར་ལངས་ནས།   “སྐུ་སྲས་ལགས།   ནམ་ཞིག་ལ་ཁྱིམ་དུ་ཕེབས་བ་ཡིན་ནམ།”ཅེས་དྲིས་བྱུང་།   སློབ་མཐར་ཕྱིན་ཚེ་སྒོར་མོ་ནི་རང་བྱུང་གིས་ཁུག་མའི་ནང་དུ་ཡོང་གིན་ཡོད་པ་ལྟ་བུར་འདོད་ཀྱིན་ཡོད་ཚོད་རེད།   ང་རང་མི་རླབས་ཆེན་ཞིག་དུ་ཚད་དུ་བཞག་ནས་ད་དུང”སྐུ་སྲས་”ཞེས་འབོད་པ་ནི་དངོས་ནས་དང་ལེན་བྱེད་དཀའ་བ་ཞིག་རེད།     ངས་ཅི་མི་སྙམ་པར་”མིག་སྔར་ཁྱིམ་གཞིས་ལག་ཏུ་མི་ཡོང་བས།   ཞིང་གྲོང་དུ་འགྲོ་རྒྱུ་ཡིན་”ཞེས་བཤདཔ་ན།   ཤིན་ཏུ་ཡིད་ཕམ་པའི་ཚུལ་གྱིས་མགོ་སྐྲ་དཀར་ཞིང་འཆེང་བ་དེ་ཡང་ཡང་བྱིལ་བྱིལ་བྱས།   ངས་ཅུང་ཙམ་སྙིང་རྗེ་སྟེ་”འགྲོ་ནི་འགྲོ་དགོས་ཀྱང་མྱུར་དུ་ཕྱིར་ལོག་ངེས།   ཕྱི་ལོའི་དབྱར་གནང་དུ་དངོས་ནས་ཕྱིར་ཐོན་ངེས་”ཞེས་སེམས་གསོ་བྱས།   དེ་ལྟ་ནའང་ད་དུང་ཆ་མ་འཚལ་བའི་རྣམ་འགྱུར་ཞིག་བསྟན་ཡོད་པས་”ཅི་ཞིག་ལེགས་སྐྱེས་སུ་ཉོ་དགོས།   ཅི་ཞིག་མཁོ་འམ་”ཞེས་དྲིས་པ་ན།   “ཨེ་ཆི་ངོ་ས་ཁུལ་གྱི་ས་ས་ཨ་མེ་སྨྱུག་ལོས་བཏུམས་པའི་ཀ་ར་ཟ་འདོད་”ཅེས་སྨྲས་བྱུང་།   ཨེ་ཆི་ངོ་ས་ཁུལ་གྱི་ས་ས་ཨ་མེ་ཞེས་པ་གོའང་མ་མྱོང་།   ཁྱད་པར་དུ་ས་གནས་ཁ་ཁ་རེད།   “ང་རང་འགྲོ་བའི་གྲོང་སྡེ་རུ་ས་ས་ཨ་མེ་ཞེས་པའི་ཁ་ཟས་མེད་པ་འདྲ་”ཞེས་སྨྲས་པ་ན།   “དེ་འདྲ་ཡིན་ན་ས་གནས་གང་དུ་ཡོད་ཨང་”ཞེས་ཕྱིར་དྲིས་བྱུང་།   “ནུབ་ཕྱོགས་ས་ཁུལ་དུ་ཡོད་དོ་”ཞེས་བཤད་པ་ན།   “ཧ་ཁོ་ནེ་གྱི་ཕྱོགས་ཡིན་ནམ།   ཉེ་ས་ན་ཡོད་པ་ཞིག་རེད་”ཅེས་དྲིས་བྱུང་།   དངོས་ནས་སྡུག་ལ་གཏད་བྱུང་།   ལམ་ལ་ཆས་བའི་ཉིན་དེར་སྔ་མོ་ནས་ཐོན་ཏེ་ཁ་བརྡ་སྣ་ཚོགས་བྱས།   ལམ་སྐེད་དུ་ཚོང་ཁང་ནས་གསར་དུ་ཉོས་པའི་སོ་འདྲེད་དང་སོ་ཐུར།   ལག་ཕྱིས་སོགས་རས་ཀྱི་ཁུག་མར་བཅུག་ནས་བྱིན་བྱུང་།   “དངོས་པོ་འདི་འདྲ་དགོས་པ་མ་རེད”ཅེས་སྨྲས་ཀྱང་གཏན་ནས་ཕྱིར་མ་བླངས་ཐལ།   རླངས་འཁོར་ལ་བུད་དེ་མེ་འཁོར་འབབ་ཚིགས་ལ་ཐོན་ཞིང་འབའ་ཚིགས་སྟེགས་བུ་ལས་ཕྱིར་བུད་ཚེ།   མེ་འཁོར་དུ་ཚིང་ཁ་རྒྱག་བཞིན་པའི་རྣམ་པ་ལ་ལྟོས་ནས་”ད་གཏན་ནས་ཁ་བྲལ་པ་ཡིན་སྲིད་ཐང་།   ཤིན་ཏུ་སེམས་ཆུང་བྱོས་”ཞེས་ཁེ་ཡོ་ཡིས་ངུ་སྐད་དང་བཅས་སྨྲས་ཤིང་མིག་མཐའ་མིག་ཆུས་ཁེངས་འདུག།   ང་ལ་མིག་ཆུ་མ་བྱུང་མོད།   འོན་ཀྱང་ཅུང་ཙམ་གྱིས་ངུས་སོང་ངོ་།།
      མེ་འཁོར་རུ་བུད་དེ་ཡུན་ཙམ་སོང་རྗེས་དྲ་མ་ནས་སྐེ་བསྲིངས་ནས་ཕྱིར་མིག་བལྟས་པ་ན།   ཁྰེ་ཡོ་ད་དུང་ལངས་ནས་བསྡད་འདུག་མོད།   གྲིབ་གཟུགས་ཤིན་ཏུ་ཆུང་བ་ཞིག་ལས་མཐོང་མ་ཐུབ། 
 
                                                                            (ཉི་སྡོད་བོད་མི་འགས་བསྒྱུར)

རྩོམ་ཁུངས། ཉི་སྲས་ཀྱི་པོད་ཁུག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།