གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་རི་བ་ཡོངས་ལ་དམིགས་པའི་ཚན་རིག

2010-07-15 20:43:00 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

                                                                        ____________འགྱུར་ལྡོག་ཅན་གྱི་མ་འོངས་པར་ཁ་ཕྱོགས་པའི་སློབ་གསོ།
                                                                  ༼ཕན་ནུས་ཅན་གྱི་སློབ་གཉེར་དང་འཆད་ཁྲིད།༽
       ཨ་རི་བ་ཡོངས་ལ་དམིགས་པའི་ཚན་རིག་གིས་གཙོ་བོ་སློབ་ཕྲུག་ཚོས་ཅི་ཞིག་སློབ་སྦྱོང་བྱེད་འོས་མིན་ལ་དམིགས་སྒོ་གཏད་ཡོད་པ་དེ་དང་མཉམ་དུ།ཚན་རིག་འཆད་ཁྲིད་ཇི་ལྟར་བྱེད་དགོས་མིན་དེ་ཡང་གལ་འགངས་ཆེན་པོ་ཡིན་པ་ངོས་འཛིན་གསལ་བོ་བྱས་ཡོད།བྱང་ཆ་ལྡན་པའི་དགེ་རྒན་ཚོས་སློབ་ཁྲིད་འཆར་འགོད་བྱེད་པའི་སྐབས་སུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་སློབ་གཉེར་བྱ་བའི་རང་བཞིན་སྐོར་གྱི་ཞིབ་འཇུག་གི་གྲུབ་དོན་དང་།དུས་ཡུན་རིང་བའི་ལོ་རྒྱུས་ཀྱི་ཁྲོད་དུ་བདེན་ཐུབ་ཏུ་གནས་པའི་སློབ་ཁྲིད་བྱེད་ཐབས་ཀྱི་ལག་ལེན་ངོ་མའི་ཤེས་བྱ་གཞིར་གཞག་གིས་འཆར་འགོད་བྱེད་པ་དང་།སྤྱིར་བཏང་གི་ཆ་ནས། ང་ཚོས་རང་གི་སློབ་ཕྲུག་ཚོའི་རྒྱབ་ལྗོངས་དང་། སྦྱང་བྱའི་རྒྱུ་ཆ་ཁག་གི་དམིགས་བསལ་གྱི་ཁྱད་ཆོས། དེ་བཞིན་གནས་བབ་གང་འདྲ་ཞིག་གིི་འོག་ནས་སློབ་ཁྲིད་དང་སློབ་གཉེར་དེ་ཉིད་སྤེལ་བ་བཅས་ལ་དོ་སྣང་བྱེད་པ་རེད།          

     སློབ་ཚན་འདིས་གོ་རིམ་བསྟར་ཆགས་མ་ཡིན་པ་དང་ཆ་ལག་ཡོངས་སུ་རྫོགས་པཞིག་མ་བཤད་པའི་སྒོ་ནས་དེ་ལྟའི་དགེ་རྒན་དག་གི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་དང་སློབ་གཉེར་བྱེད་ཐབས་ཀྱི་རྩ་དོན་རེ་ཟུང་འབུར་དུ་བཏོན་ཡོད། རྩ་དོན་དེ་དག་ལས་མང་པོ་ཞིག་ནི་སྤྱིར་བཏང་གི་སློབ་ཁྲིད་དང་སློབ་གཉེར་བྱེད་ཐབས་སུ་བཀོལ་ཡོད་པ་དེ་ལྟར་ཡང་། དེ་དག་ལས་རེ་ཟུང་ནི་ཚན་རིག་དང་། རྩིས་རིག འཕྲུལ་ལས་སློབ་སྦྱོང་བཅས་སུ་དམིགས་བསལ་གྱིས་གལ་འགངས་ཆེན་པོར་གྱུར་ཡོད། སློབ་གཉེར་དང་སློབ་ཁྲིད་གཉིས་དབར་ལ་འབྲེལ་ལམ་ཧ་ཅང་ཉེ་བོ་ཞིག་ཡོད་པ་དེ་ལྟར་ཡང་། གོ་བདེ་བའི་ཆེད་དུ་རྩོམ་ཡིག་འདིར་དེ་གཉིས་རྣམ་པ་སོ་སོར་དབྱེ་ནས་བསྟན་ཡོད། 

                                             ༼སློབ་གཉེར་གྱི་རྣམ་གཞག༽
                                                 ______སློབ་གཉེར་ནི་ངེས་པར་དུ་སློབ་ཁྲིད་ཀྱི་འབྲས་བུ་ཡིན་མི་དགོས།
     
           ཡུལ་རྟོགས་ཞིབ་འཇུག་གིས་བསྟན་པ་ལྟར་ན།ཁྲིད་ཐབས་ཡག་པོར་བརྩིས་པ་དག་བེད་སྤྱད་ན་ཡང་གཞུང་ལུགས་ལ་རྣམ་དཔྱོད་ཡངས་པའི་སློབ་མ་རྣམས་ཚུད་པའི་སློབ་མ་མང་པོ་ཞིག་གིས་ཤེས་རྟོགས་ཐུབ་པའི་ཚད་གཞི་དེ་ང་ཚོས་ཚོད་དཔག་བྱས་པ་ལས་ཉུང་བ་ཡིན་པ་དེ་རེད། སློབ་མ་ཚོས་ཡིག་རྒྱུགས་ཤིག་སྤྲོད་ཀྱིན་པ་དེ་བརྒྱུད་ནས་སྤྱིར་བཏང་གི་ཆ་ནས་ང་ཚོས་ཅི་ཞིག་བསླབས་ཡོད་མེད་དམ་ཡང་ན་ཁོང་ཚོས་ཅི་ཞིག་བཀླགས་ཡོད་མེད་ངོས་འཛིན་བྱེད་ཐུབ་ཀྱིན་ཡོད་པ་དེ་ལྟར་ཡང་། ཞིབ་ཚགས་པོས་བརྟག་དཔྱད་བྱེད་པའི་ཚེ་ན་ཁོང་ཚོའི་གོ་རྟོགས་ཀྱི་ཚད་གཞི་དེ་ད་དུང་དམའ་བོ་ཡིན་པའམ། ཡང་ན་ཆ་ཚང་ནོར་འཁྲུལ་ཅན་མིན་རུང་གོ་འཛོལ་བྱུང་ཡོད་པ་དེ་འདྲ་རེད། གྲུབ་དོན་འདི་དག་གིས་ང་ཚོར་བཏོན་པའི་བླང་བྱ་ནི་ཤེས་ཡོན་སྲིད་ཇུས་ཀྱི་དམིགས་ཡུལ་གཏན་ལ་འབེབ་པའི་སྐབས་སུ་གྲོན་ཆུང་དང་སྲི་ཚགས་བྱེད་རྒྱུ་ནི་དོན་གྱི་སྙིང་པོ་རེད། སློབ་གྲྭ་ཁག་གིས་ཆེས་གལ་ཆེ་བའི་རིགས་པ་དང་ལག་རྩལ་ཁག་བསྡུ་སྒྲིག་གིས་དེ་དག་གི་ཐོག་ཏུ་དམིགས་སྒོ་གཏད་དགོས། དེ་ལྟར་བྱས་ན་ཁོང་ཚོས་ད་གཟོད་སློབ་མ་ཚོར་སྤྲོད་པའི་གནས་ཚུལ་གྱི་མང་ཉུང་ལས་མཁོ་སྤྲོད་བྱས་པའི་གནས་ཚུལ་གྱི་སྤུས་ཀར་བློ་རྩེ་སྒྲིམ་ཐུབ་པ་རེད།  
                              ༼སློབ་ཕྲུག་ཚོས་གང་སྦྱངས་པ་དེར་ཁོང་ཚོར་སྔར་ནས་ཡོད་པའི་བསམ་བློས་ཤུགས་རྐྱེན་སྤྲོད་ཀྱིན་ཡོད།༽
          དགེ་རྒན་ནམ་ཡང་ན་དཔེ་དེབ་དག་གིས་འགྲེལ་བརྗོད་ཁ་གསལ་གང་འདྲ་ཞིག་བྱེད་མིན་ལ་མ་ལྟོས་པར་མི་རྣམས་ཀྱིས་རང་ངོས་ནས་གོ་དོན་བསྐྲུན་དགོས་པ་རེད།དེ་ཡང་ནམ་རྒྱུན་མི་རྣམས་ཀྱིས་ད་ལྟ་གསར་དུ་ཐོས་པའི་གནས་ཚུལ་དང་གོ་རྟོགས་དེ་ཉིད་རང་ཉིད་ཀྱིས་སྔ་མོ་ནས་ཡིད་ཆེས་བྱས་ཡོད་པའི་གནས་ལུགས་དང་འབྲེལ་བ་བཟོ་བའི་སྒོ་ནས་གོ་དོན་བསྐྲུན་བཞིན་ཡོད།སློབ་ཕྲུག་ཅིག་གིས་འཇིག་རྟེན་གྱི་སྐོར་ལ་ཇི་ལྟར་སེམས་མིན་དང་འབྲེལ་བ་མང་པོ་མེད་པའི་གོ་རྟོག་སྟེ།མིའི་གཞི་རྩའི་བསམ་བློ་དེ་ནི་ཧ་ལམ་བློ་ངོར་མི་འཆར་བ་ཞིག་གམ་ཡང་ན་བེད་སྤྱོད་མེད་པ་ཞིག་ཏུ་འགྱུར་བཞིན་ཡོད།གལ་སྲིད་དེ་དག་དྲན་པའི་ནང་དུ་གནས་པའི་དབང་དུ་བཏང་ན་ཡང་དེ་ནི་<༡༩༩༥སྐྱེ་དངོས་རིག་པའི་བསླབ་གཞི>ཞེས་པའི་ཁ་བྱང་ཞིག་བརྒྱབ་ནས་ཤིང་སྒམ་ནང་དུ་བཅུག་དེ་འཇོག་པ་ཇི་བཞིན་འཇིག་རྟེན་དང་འབྲེལ་བའི་ལྟ་ཚུལ་གཞན་གང་ལ་ཡང་ཤུགས་རྐྱེན་ཐེབས་མི་ཐུབ་པ་རེད། གོ་རྟོག་དེ་དག་ནི་སྐབས་དོན་མང་པོ་ཞིག་གི་ནང་ཐབས་ཚུལ་འདྲ་མིན་གྱི་སྒོ་ནས་འགྲེལ་བརྗོད་བྱེད་ན་ད་གཟོད་ངེས་ཤེས་ཟབ་མོ་རྙེད་ཐུབ་པ་དང་།དེས་སློབ་མའི་ཤེས་ཡོན་གྱི་གོ་རིམ་ཁྲོད་གཏིང་ཟབ་མོར་འཇགས་ཐུབ་པར་གོ་སྐབས་མང་པོ་ཞིག་སྤྲོད་ཀྱིན་ཡོད་པ་རེད།འོན་ཀྱང་།ཕན་ནུས་ལྡན་པའི་སློབ་སྦྱོང་བྱ་བར་གོ་རྟོག་་གསར་པ་དེ་ཉིད་རིག་པ་རྙིང་པ་ཞིག་དང་འབྲེལ་མཐུད་མང་པོ་ཞིག་བྱེད་པ་དེ་གཅིག་པུས་མི་འཐུས་པར། དེ་ལ་མཚམས་ལན་རེར་མི་རྣམས་ཀྱིས་རང་རང་གི་བསམ་བློ་གཏོང་ཕྱོགས་ལ་ཡང་རྩ་བ་ནས་འགྱུར་བ་ཞིག་གཏོང་དགོས་ཀྱིན་ཡོད། དེའི་གོ་དོན་ནི་རིག་པ་གསར་པ་ཞིག་བསྡུ་ལེན་བྱ་བར་སྦྱོང་མཁན་གྱིས་རང་གིས་སྔོན་ཚུད་ནས་ཤེས་ཡོད་པའི་བྱ་དངོས་དག་གི་འབྲེལ་བར་འགྱུར་བ་གཏོང་དགོས་པ་མ་ཟད། རང་ཉིད་ཀྱིས་སྔོན་ནས་ཡིད་ཆེས་བྱས་ཡོད་པའི་འཇིག་རྟེན་སྐོར་གྱི་འདོད་ཚུལ་གང་ཞིག་འདོར་དགོས་པ་ཡང་ཡོང་གིན་ཡོད། ངེས་པར་ཏུ་བསྐྱར་བཅོས་བྱེད་དགོས་པ་མ་བཅོས་ན་གདམ་ག་གཞན་ཞིག་ཡོད་པ་ནི་རིག་པ་གསར་བ་དེ་ཉིད་རང་གི་བསམ་བློ་རྙིང་པ་དེ་དང་མཐུན་ཐབས་བྱ་བའམ།ཡང་ན་རིག་པ་གསར་བ་དེ་ཉིད་ཁྱོན་ཡོངས་ནས་དོར་དགོས་པ་དེ་རེད།སློབ་ཕྲུག་ཚོ་སློབ་གྲྭར་ཡོང་བའི་སྐབས་སུ་འགྲིག་ནོར་ཅི་ཡིན་ཡང་སློབ་གྲྭའི་ནང་གི་ཁྲིད་གཞི་ཕལ་ཆེ་བར་གོ་རྟོགས་ཕྲན་བུ་རེ་ཡོད་པའི་སྒོ་ནས་ཡོང་གི་ཡོད་པ་རེད། གལ་སྲིད་སྐབས་ཐོག་དེར་ཁོང་ཚོའི་རྟོག་འཆར་(intuition)  དང་ལོག་རྟོག་དེ་དག་སྣང་མེད་དུ་སྐྱུར་བའམ་རྩིས་མེད་བཞག་པ་ཡིན་ན།ཡིག་རྒྱུག་གི་སྐབས་སུ་ཁོང་ཚོས་དགེ་རྒན་གྱི་འདོད་མུས་དང་མཐུན་པའི་དྲིས་ལན་འདེབས་སྲིད་ཀྱང་དུས་ཡུན་རིང་པོའི་ཁྲོད་དུ་ཁོང་ཚོ་རང་ཉིད་ཀྱི་གདོད་མའི་འདོད་ཚུལ་དེ་ཉིད་དབང་བཙན་པར་འགྱུར་སྲིད་པ་རེད། དེ་ཡང་འགལ་འདུ་སྒྲིག་པ་ཙམ་གྱིས་མི་ཆོག་པར་སློབ་མ་ཚོར་དེ་ལྟ་བུའི་ལྟ་ཚུལ་འདྲ་མིན་དག་གིས་འཇིག་རྟེན་སྐོར་ལ་གོ་རྟོགས་ཡག་པོ་རྙེད་པར་ཕན་རླབས་ཇི་ཙམ་ཡོད་པ་མཐོང་འཇུག་པའི་སྒོ་ནས་ལྟ་ཚུལ་གསར་བ་བསྐྱེད་པར་སེམས་ཤུགས་སྤར་དགོས། 
                              ༼སྤྱིའི་ཆ་ནས་སློབ་སྦྱོང་གི་འཕེལ་ཕྱོགས་ནི་མངོན་གྱུར་ནས་ལྐོག་གྱུར་གྱི་ཕྱོགས་སུ་བསྐྱོད་དགོས། ༽
          ལོ་ཆུང་རྣམས་ཀྱིས་བྱ་དངོས་གང་ཞིག་ལ་སློབ་སྦྱོང་བྱེད་པའི་སྐབས་སུ་དེ་ཉིད་རང་གི་མིག་དང་།རྣ་བ། རེག་བྱ། འགུལ་ཚོར་  (kinesthetic)  སོགས་ཀྱིས་མཚོན་པའི་དབང་ཤེས་ཀྱིས་ཐད་ཀར་རོལ་མྱོང་ཐུབ་པ་ཞིག་ཡིན་ན་ལས་སླ་བོའི་སྒོ་ནས་སྦྱོང་ཐུབ་ཀྱིན་ཡོད་ལ།ཉམས་མྱོང་དེ་བརྒྱུད་ནས་ཁོང་ཚོས་ལྐོག་གྱུར་གྱི་རིག་པར་གོ་རྟོགས་རྙེད་པ་དང།བརྡ་རྟགས་བཀོལ་བ།རིགས་པ་དང་མཐུན་པའི་རྒྱུ་མཚན་འགོད་པ།རིགས་འགྲེས་པ་སོགས་བྱེད་པ་རེད། གང་ལྟར། རིག་རྩལ་འདི་དག་ནི་དལ་མོས་ངང་འཕེལ་རྒྱས་སུ་འགྲོ་བ་ཞིག་དང་།མི་མང་པོ་ཞིག་གིས་བསམ་བློ་གསར་པའི་དཔེར་མཚོན་མངོན་འགྱུར་ཁག་ལ་མི་ཚེ་ཧྲིལ་པོར་བློས་འགེལ་བྱེད་པ་ནི་མུ་མཐུད་དུ་གནས་ངེས་པ་ཞིག་རེད། ཉམས་མྱོང་མངོན་སུམ་པ་དེ་དག་ནི་འབྲེལ་ཡོད་ཀྱི་རྟོག་བློའི་བཀོད་པ་འོས་འཚམས་ཅན་ཞིག་གི་བརྗོད་གཞིའི་ནང་དུ་སླེབས་ཚེ་ད་གཟོད་སློབ་གཉེར་བྱ་བར་ནུས་པ་ཆེན་པོ་ཐོན་པ་དང་།སློབ་ཕྲུག་མང་པོ་ཞིག་ལ་ལྐོག་གྱུར་གྱི་དོན་འཛིན་པར་དཀའ་ངལ་ཞིག་འཕྲད་བཞིན་པ་དེ་ཉིད་ཁོང་ཚོས་གོ་དོན་རྟོགས་མ་ཐུབ་པའི་ཆེད་སྤྱོད་ཐ་སྙད་ཁག་ངག་ནས་སྐྱོར་བ་དང་བློ་ལ་འཛིན་ཐུབ་པ་དེས་བཏུམས་ནས་ཡོད་པ་རེད། དེར་བརྟེན་གྲྭ་སྒྲིག་འཛིན་གྲྭ་ནས་མཐོ་རིམ་སློབ་ཆེན་དབར་གྱི་དགེ་རྒན་ཚོས་མཚམས་རེར་རང་རང་གི་སློབ་ཕྲུག་ཚོའི་ལྐོག་གྱུར་གྱི་དོན་འཛིན་པའི་ནུས་ཚད་དེ་ཉིད་ལ་ཚད་ལས་བརྒལ་བའི་ཚད་གཞལ་དེ་སློབ་ཕྲུག་ཚོས་མིང་ཚིག་དག་མོ་ཞིག་བེད་སྤྱོད་བྱེད་པ་དེ་ཙམ་གྱིས་ཁོང་ཚོས་བརྗོད་གཞིའི་གོ་དོན་རྟོགས་ཡོད་པའི་བདེན་དཔང་དུ་བརྩིས་པ་རེད། 
                                    ༼ གང་ལ་གོམས་འདྲིས་ཆེ་ན་དེ་ལ་མཁས་པར་འགྱུར་བ་ཡིན། ༽
     གལ་སྲིད་སློབ་ཕྲུག་ཚོས་སྤྱིར་བཏང་མ་ཡིན་པའི་གནས་བབ་ཅིག་ལ་རིག་པ་བཀོལ་བར་འདོད་པ་ཡིན་ན། ཁོང་ཚོས་ངེས་པར་དུ་རིག་པ་དེ་དག་ལག་ལེན་དངོས་ཀྱི་ཐོག་ནས་སྤྱིར་བཏང་མ་ཡིན་པའི་གནས་བབ་ཅིག་ཏུ་བཀོལ་དགོས་པ་རེད། གལ་སྲིད་ཁོང་ཚོས་སྔོན་དཔག་རུང་བའི་སྦྱོང་བརྡར་རམ་ཡང་ན་དོན་དངོས་མ་ཡིན་པའི་"ཚིག་གི་དཀའ་གནད་"ཁོ་ནའི་དྲི་ལན་འཚོལ་ནས་བསྡད་ན་ཁོང་ཚོས་ཤེས་སྲིད་པ་ཡང་དེ་ཙམ་རེད། དེ་མཚུངས་སུ་སློབ་ཕྲུག་ཚོར་གནས་བབ་མང་པོའི་ཁྲོད་དུ་གནད་ལ་འཁེལ་བའི་བསམ་བློ་ཡང་ཡང་གཏོང་བ་དང་།གནས་ཚུལ་ལ་ཞིབ་འཇུག་བྱེད་པ།ཚན་རིག་གི་རིག་པ་ཁག་ལ་སྦྱངས་བཤད་བྱེད་པ།གཏན་ཚིགས་རིག་པའི་རྩོད་པ་བྱེད་པ།མཉམ་རུབ་ཀྱི་ལས་ལ་ཞུགས་པ།རང་ཉིད་ཀྱི་འདོད་མོས་ཡོད་པའི་ལག་རྩལ་གཞན་དག་བཅས་ལ་གུ་ཡངས་པོའི་སྒོ་ནས་འཇུག་པ་དང་དེ་དག་ལག་ལེན་ཐོག་འཁྱོལ་བར་བྱེད་པ་བཅས་མ་བྱུང་ན་ཡོང་ཐབས་མེད། 
                                                      ༼བྱང་ཆ་ལྡན་པའི་སློབ་སྦྱོང་ཡོང་བ་ལ་རྒྱབ་བརྟེན་དགོས།༽
       ལག་ལེན་དངོས་སམ་རིག་པའི་རྗེས་དཔག་གང་ཞིག་རུང་ཡུང་།སློབ་ཕྲུག་ཚོས་དཀའ་གནད་གང་ཞིག་བསྐྱར་ཟློས་ཡང་ཟློས་བྱས་པ་ཙམ་གྱིས་རིག་རྩལ་ཡར་རྒྱས་དང་རྟོགས་པ་ཇེ་གསལ་དུ་གཏོང་བར་ཕལ་ཆེར་ཕན་མི་ཐོགས། སློབ་ཕྲུག་ཚོར་རང་རང་གི་བསམ་ཚུལ་བཤད་པའི་གོ་སྐབས་དང་།དེ་བཞིན་རང་དང་དོ་མཉམ་པའི་སློབ་ཕྲུག་གཞན་གྱི་ས་ནས་བློ་བསྐྱེད་ཐོབ་པའི་ཚེ་ན་ད་གཟོད་སློབ་སྦྱོང་ལ་གྲུབ་འབྲས་ལེགས་ཤོས་ཐོབ་ཐུབ་པ་དེ་འདྲ་ཡོང་གི་ཡོད།འོན་ཀྱང་།སློབ་གཉེར་བ་ཞིག་ལ་བློ་བསྐྱེད་ཀྱིས་ཕན་ཆེན་པོ་ཐོགས་ཐུབ་པར་དྲིས་ལན་མ་ནོར་བ་ཙམ་ལས་ལྷག་པའི་གནས་ཚུལ་མང་པོ་ཞིག་འདུས་དགོས་ལ།བློ་བསྐྱེད་དེར་ངེས་པར་ཏུ་དོགས་དཔྱོད་བྱེད་རྒྱུ་ཡོད་པ་ཞིག་དང་།བསམ་འཆར་གྱི་རང་བཞིན་ཡོད་པ་བཅས་ཡོད་དགོས་པ་མ་ཟད།དེ་ཉིད་ད་དུང་སློབ་ཕྲུག་ཚོར་དང་དོད་ཡོད་པའི་གནས་སྐབས་ཤིག་ཏུ་སླེབས་ཐུབ་དགོས་པ་ཞིག་ཡིན། དེས་རྗེས་སུ་སློབ་ཕྲུག་ཚོར་གཞན་གྱི་ས་ནས་ཐོབ་པའི་བློ་བསྐྱེད་དེ་ཚོར་དབྱེ་ཞིབ་བྱེད་པ་དང་།བཅོས་སྒྲིག་དང་བཅས་ཆད་ལྷག་བྱུང་རིགས་ལ་བསྐྱར་དུ་རྩོལ་སྒྲུབ་བྱེད་པ་བཅས་ལ་དུས་ཚོད་ཡོད་དགོས་ཏེ།ཡིག་རྒྱུགས་ཕལ་ཆེ་བ་དང་དམིགས་བསལ་གྱིས་མཐའ་མའི་ཡིག་རྒྱུགས་སུ་བསྐྱར་ཞིབ་ནི་ཆེས་གལ་ཆེ་བ་ཞིག་ཡིན། 
                                                      ༼ཞེན་འདོད་ཀྱིས་བྱ་བྱེད་ཀུན་ལ་ཤུགས་རྐྱེན་སྤྲོད་ཐུབ།༽
      སློབ་ཕྲུག་ཚོས་རང་གིས་ཅི་ཞིག་འཇོན་དང་མི་འཇོན་གྱི་ཞེན་འདོད་དེར་ཡ་ལན་སྤྲོད་པ་ཡིན་ལ། གལ་སྲིད་ཁོང་ཚོས་རང་ངོས་ནས་ཅི་ཞིག་སྦྱོང་ཐུབ་པར་ཡིད་ཆེས་བྱས་པ་ཡིན་ན།དྲི་བ་ཞིག་ལ་ལན་འདེབས་པའམ་ཡང་ན་ལྕགས་རྟ་ཞོན་པའི་ལས་གང་ཞིག་ཡིན་རུང་སྤྱིར་བཏང་གི་ཆ་ནས་ཁོང་ཚོས་དེ་བཞིན་སྒྲུབ་ཐུབ་ཀྱིན་ཡོད།འོན་ཀྱང་།ཁོང་ཚོར་གདེང་ཚོད་མེད་སྐབས་སུ་སློབ་སྦྱོང་གིས་ཁོང་ཚོར་གཡོལ་འགྲོ་བ་རེད། སློབ་ཕྲུག་རྣམས་ཡང་ནས་བསྐྱར་དུ་ལེགས་གྲུབ་མ་བྱུང་བའི་གནས་སྐབས་སུ་རང་གི་གདེང་ཚོད་བརླག་འགྲོ་བ་ཇི་བཞིན། སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་མཉམ་དུ་རང་ལ་གདེང་ཚོད་རྙེད་ཀྱིན་ཡོད།དེར་བརྟེན།དགེ་རྒན་རྣམས་ཀྱིས་ཁོང་ཚོར་དཀའ་གནད་ཅན་གྱི་ལས་བྱ་སྤྲོད་དགོས་མོད། དེ་ཡང་ཁོང་ཚོས་སེལ་ཐུབ་པའི་དཀའ་གནད་ཀྱི་རིགས་ཡིན་དགོས་ཤིང་།དེ་དག་ལམ་ལྷོང་ཡོང་བར་གཞོགས་འདེགས་ཀྱང་བྱེད་དགོས།དེ་ལས་ལྷག་པ་ཞིག་ནི།སློབ་ཕྲུག་ཚོས་གཞན་གྱིས་ཁོང་ཚོར་ལེགས་གྲུབ་བམ་ཡང་ན་ཕམ་ཉེས་ཅི་ཞིག་བྱུང་བར་རེ་ལྟོས་བྱེད་པ་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད་པས།ཕ་མ་དང་།སློབ་སྟོན་པ།སློབ་སྤྱི།གྲོགས་པོ་སོགས་ཀྱིས་སྟོན་པའི་ལེགས་ཉེས་ཅི་རིགས་ཀྱི་རེ་ལྟོས་དེ་ཚོར་དོ་སྣང་ཆེན་པོ་བྱེད་པ་རེད། དེ་བས་ཀྱང་གསར་འགྱུར་བརྒྱུད་ལམ་ཁག་གིས་ཁོང་ཚོའི་རེ་ལྟོས་དང་སློབ་སྦྱོང་བྱེད་ཚུལ་གཉིས་ཀར་ཤུགས་རྐྱེན་སྤྲོད་ཀྱིན་ཡོད།དཔེར་ན།དགེ་རྒན་ཞིག་གིས་སློབ་ཚན་བྱེ་བྲག་པ་ཞིག་གི་ཐོག་སློབ་ཕྲུག་ཅིག་གི་གོ་རྟོགས་ཐད་ལ་གདེང་ཚོད་མེད་པའི་རྣམ་འགྱུར་བསྟན་པ་ཡིན་ན། དེས་སློབ་ཕྲུག་དེར་རང་ཉིད་ཀྱི་འཇོན་ནུས་ལ་གདེང་ཚོད་མེད་པ་བཟོ་ངེས་པ་མ་ཟད། ཁོས་འཇོན་ངེས་པའི་ལས་ཀ་དེ་བྱེད་པར་རྩོམ་པའི་སྐབས་སུ་ཡང་ཞན་ཆ་མང་པོ་འབྱུང་བཞིན་ཡོད། གལ་སྲིད་མངོན་གསལ་དོད་པའི་ཕམ་ཉེས་འདིས་དགེ་རྒན་དེའི་རྩ་བའི་དབྱེ་ཞིབ་བྱེད་སྟངས་ལ་ཤུགས་སྣོན་ཐེབས་པ་ཡིན་ན། དེས་སློབ་ཕྲུག་ཚོའི་གདེང་ཚོད་དང་བྱེད་ལས་ལ་ཉམས་རྒུད་ཆེན་པོ་མུ་མཐུད་དེ་གཏོང་བ་ཡིན་ནོ།། 
                                                  ༼ཚན་རིག་དང་། རྩིས་རིག  འཕྲུལ་ལས་རིག་པ་སློབ་པ། ༽
     སློབ་ཁྲིད་ནི་ཚན་རིག་གི་འཚོལ་ཞིབ་ཀྱི་རང་བཞིན་དང་མཐུན་པ་ཞིག་ཡིན་དགོས།ཚན་རིག་དང་།རྩིས་རིག་འཕྲུལ་ལས་རིག་པ་སོགས་ནི་རང་རང་གི་གྲུབ་འབྲས་ཀྱིས་འགྲེལ་བརྗོད་བྱེད་ཀྱིན་པ་ཇི་བཞིན་དུ་དེ་དག་གིས་ཅི་ཞིག་སྒྲུབ་པ་དང་ཇི་ལྟར་སྒྲུབ་པའི་བརྒྱུད་རིམ་གྱིས་ཀྱིས་ཀྱང་འགྲེལ་བརྗོད་བྱེད་ཀྱིན་ཡོད། དེ་དག་ནི་བསམ་བློ་གཏོང་ཕྱོགས་ཤིག་གམ་ཡང་ན་ལས་ཀ་ལས་ཕྱོགས་ཤིག དེ་བཞིན་དུ་རིག་པའི་གཞུང་ལུགས་ཤིག་ཏུ་གོ་བ་ལེན་པ་ལ། སློབ་ཕྲུག་ཚོར་བརྗོད་གཞི་དེ་དག་གི་ཐད་ལ་དེ་ལྟའི་བསམ་བློ་དང་བྱེད་ལས་ཀྱི་མྱོང་བ་གང་འཚམས་ཡོད་དགོས། དེར་བརྟེན། དགེ་རྒན་གྱིས་གཤམ་གྱི་དོན་གནད་ཁག་ལག་བསྟར་བྱེད་དགོས།  
                                            ༼རང་བྱུང་དང་འབྲེལ་བའི་དྲི་བའི་སྟེང་ནས་འགོ་འཛུགས་དགོས།༽
     སྤྱིར་བཏང་གི་ཆ་ནས་སྒྲའི་ (sound) སློབ་ཁྲིད་ནི་སློབ་ཕྲུག་ཚོར་རྒྱུས་མངའ་ཡོད་པའི་དྲི་བ་དང་དངོས་པོ་གཞན་གླེང་ནས་འགོ་འཛུགས་པ་ལས།སློབ་ཕྲུག་ཚོའི་བློའི་འཛིན་སྟངས་དང་།གོ་རྟོགས་སམ་ཤེས་ཚད་ལས་བརྒལ་བའི་ལྐོག་གྱུར་གྱི་ཆོས་ལྟ་བུ་ནས་འགོ་མི་འཛུགས། སློབ་ཕྲུག་ཚོས་རང་གི་ཉེ་འཁོར་ལ་ཡོད་པའི་ཡོ་བྱད་སྣ་ཚོགས་པ་དང་། སྐྱེ་དངོས་སྣ་ཚོགས་པ། དངོས་རིགས། དབྱིབས་རིགས།གྲངས་རིགས་སོགས་ཚུད་པའི་བྱ་དངོས་སྣ་ཚོགས་པར་རྒྱུས་མངའ་ཡོད་པར་བྱས་ནས་དེ་དག་ལ་ཞིབ་འཇུག་དང་།བསྡུ་སྒྲུག བཟོ་བཅོས།འགྲེལ་བརྗོད།དོགས་སློང་དང་དྲི་བ་འགོད་པ།རྩོད་གླེང་བྱེད་པ་སོགས་བྱས་ནས་དེ་དག་དང་འབྲེལ་བའི་དྲི་བའི་ལན་རྙེད་ཐབས་བྱེད་དགོས། 
                                      ༼སློབ་ཕྲུག་ཚོ་གསོན་ཤུགས་ཡོད་པའི་ལས་ལ་འཇུག་དགོས།༽
      སློབ་ཕྲུག་ཚོར་རྒྱུ་ཆ་བསྡུ་སྒྲུག་བྱ་བ་དང་།རྣམ་དབྱེ་དང་རྣམ་གྲངས་འབྱེད་པ།ཞིབ་འཇུག་བྱེད་པ།ཟིན་ཐོ་དང་དཔེ་རིས་འབྲི་བ།གཞན་ལ་བཅར་འདྲི་བྱེད་པ།བསམ་ཤོག་བསྡུ་བ་དང་འགེངས་ཤོག་འགེང་བ། ཆེ་ཤེལ་དང་ཕྲ་མཐོང་ཆེ་ཤེལ་བཀོལ་བ།ཚ་གྲང་འཇལ་ཆས་བཀོལ་བ།པར་ཆས་དང་སྤྱིར་བཏང་གི་ཡོ་བྱད་གཞན་བཀོལ་བ་སོགས་ཀྱི་གོ་སྐབས་རྣམ་པ་སྣ་ཚོགས་ཐོབ་དགོས་ཤིང་།ཁོང་ཚོས་གཤགས་གཏུབ་དང་།ཚད་གཞལ།གྲངས་འདྲེན།རིས་བྲིས།རྩིས་རྒྱགསྤྱིར་བཏང་གི་དངོས་པོའི་རིགས་ཀྱི་རྫས་ཀྱི་ཁྱད་གཤིས་བརྟག་པ།རྩི་ཤིང་འདེབས་ལས་བྱེད་པ།འགྲོ་བ་མི་དང་སེམས་ཅན་གཞན་གྱི་སྤྱི་ཚོགས་འཚོ་བར་གོ་རིམ་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱེད་པ་སོགས་ལ་ཞུགས་དགོས། བྱེད་ལས་འདི་དག་གི་ཁྲོད་ནས་ཚད་འཇལ་རྒྱུ་ལས་ལྷག་པའི་གལ་ཆེ་བ་གང་ཡང་མེད་ལ།ཚད་གཞལ་འདིར་ཐོག་མར་ཅི་ཞིག་གི་ཚད་འཇལ་མིན་དང་། དེ་ནས་དེར་ཡོ་བྱད་ཅི་ཞིག་བཀོལ་མིན། ཡོ་བྱད་དེ་ཏག་ཏག་འགྲིག་མིན། ཇི་ལྟར་བརྟག་མིན་དང་གྲུབ་དོན་དེ་དག་གི་ཐོག་ནས་གོ་དོན་ཇི་ལྟར་འཚོལ་མིན་སོགས་ནི་ཚན་རིག་དང་འཕྲུལ་ལས་རིག་པའི་སྙིང་པོ་ཡིན།  
                                      ༼རྒྱུ་ཆ་བསྡུ་སྒྲུག་དང་དཔང་རྟགས་བཀོལ་བར་བློ་རྩེ་སྒྲིམ་པ།༽
             སློབ་ཕྲུག་ཚོར་རང་རང་གི་ན་ཚོད་ལ་དཔག་པའི་སྒོ་ནས་ཁོང་ཚོ་རང་ངོས་ནས་དཔང་རྟགས་ཅི་ཞིག་འོས་འཚམས་ཡིན་མིན་གྱི་ཐག་གཅོད་དང་།དཔང་རྟགས་དེས་ཅི་ཞིག་མཚོན་མིན་སོགས་ལ་ཁོང་ཚོ་རང་ཉིད་ཀྱི་འགྲེལ་བརྗོད་དགོས་པའི་རིགས་ཀྱི་དཀའ་གནད་བསལ་དུ་འཇུག་དགོས། ཚན་རིག་ཇི་བཞིན།འདིས་ཀྱང་ཞིབ་ཆ་ལྡན་པའི་ཞིབ་འཇུག་དང་བསམ་བློ་ཞིབ་ཚགས་པའི་དབྱེ་ཞིབ་བྱ་བར་ལེགས་ཆ་སྣོན་མ་ཞིག་སྤྲོད་ངེས་རེད།  སློབ་ཕྲུག་ཚོར་ལམ་སྟོན་དང་།སྙིང་སྟོབས་སྤེལ་བ།མཉམ་རུབ་ཀྱི་སྦྱོང་བརྡར་བཅས་ཀྱི་སྒོ་ནས་རྒྱུ་ཆ་བསྡུ་སྒྲིག་བྱ་བ་དང་།རྣམ་དབྱེ་འབྱེད་པ།དཔང་རྟགས་ལ་ཞིབ་འཇུག་བྱ་བ། དེ་ལ་གཞིར་བཞག་གིས་རྩོད་གླེང་བྱེད་པ་སོགས་དགོས། གང་ལྟར། གལ་སྲིད་བྱེད་ལས་དེ་དག་ཉེས་སྐྱོན་ཆེ་བའི་ཉོབ་སྣང་སྐྱེད་ཀྱིན་མེད་ན།བྱེད་ལས་དེ་དག་གིས་སློབ་ཕྲུག་ཚོས་དང་དོད་བྱེད་པའི་རིག་སྟོབས་ཡིད་ཚིམ་པ་ཞིག་ཐོབ་པའི་ཕྱོགས་སུ་སྣེ་ཁྲིད་ངེས་རེད། 
                                       ༼ལོ་རྒྱུས་ཁྲོད་ཀྱི་ལྟ་ཚུལ་སྣ་ཚོགས་པ་མཁོ་སྤྲོད་བྱེད་པ།༽
         ཁོང་ཚོའི་སློབ་གྲྭའི་འཚོ་བའི་རིང་ལ་སློབ་ཕྲུག་ཚོར་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་བྱུང་བའི་ཚན་རིག་གི་བལྟ་ཚུལ་སྣ་ཚོགས་པར་རྒྱུས་ལོན་པ་བྱེད་དགོས།དགེ་རྒན་གྱིས་ལོ་རྒྱུས་ཀྱི་སྐྱོག་མཚམས་གང་ཞིག་འདེམས་མིན་ནི་བདམས་ཟིན་པ་དེས་ཚན་རིག་གི་འཕེལ་ཕྱོགས་དང་ཁྱབ་ཚད་ངོ་སྤྲོད་བྱེད་པ་ལས་ཀྱང་གལ་འགངས་ཆེ་བ་ཞིག་མིན།སློབ་ཕྲུག་ཚོས་ཚན་རིག་གི་ལྟ་བའི་འཕེལ་རིམ་དང་། ད་ལྟའི་ང་ཚོའི་ཚན་རིག་གི་གོ་རྟོགས་འདིར་མ་འབྱོར་གོང་གི་སྐྱོག་མཚམས་དང་འཁོར་མཚམས།ཞིབ་འཇུག་པ་དང་ཞིབ་འཇུག་སྙན་འགོད་པ་མང་པོས་བརྩམས་པའི་ལས་དོན་གྱིས་གོ་བབ་ཅི་བཟུང་། དེ་བཞིན་དུས་ཡུན་རིང་བོའི་བརྒྱུད་རིམ་ཁྲོད་རྣམ་གཞག་དང་དཔང་རྟགས་ནང་ཕན་ཚུན་དབར་དུ་བྱུང་བའི་བྱ་བ་སོགས་ལ་སྦྱངས་པའི་སྒོ་ནས་ཚན་རིག་འདི་ཇི་ལྟར་འཕེལ་རྒྱས་སུ་སོང་མིན་གྱི་གོ་རྟོགས་རྙེད་ཐུབ། ལོ་རྒྱུས་ནི་ཚན་རིག་དང་།རྩིས་རིག འཕྲུལ་ལས་རིག་པ་སོགས་ནུས་པ་ཐོན་པའི་སྒོ་ནས་ཁྲིད་ཐབས་ལ་གལ་འགངས་ཆེན་པོ་ཡིན་ཏེ།དེས་སྤྱི་ཚོགས་ཀྱི་ལྟ་སྟངས་ཏེ། སྤྱི་ཚོགས་ཀྱི་ངོས་ནས་ཚན་རིག་དང་འཕྲུལ་ལས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་དང་།ཚན་རིག་དང་འཕྲུལ་ལས་ཀྱི་ངོས་ནས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་སོགས་སྟོན་གྱིན་ཡོད། དཔེར་ན། སྤྱི་ཚོགས་ཀྱི་ངོས་ནས་ཁོང་ཚོར་འགལ་རྐྱེན་ཇི་བཟོ་ལ་མ་ལྟོས་པར་བུད་མེད་དང་གྲངས་ཉུང་མི་རིགས་ཁག་གིས་མངོན་གསལ་དོད་པོའི་བྱས་རྗེས་མང་པོ་བཞག་ཡོད་པ་ཤེས་པར་བྱ་རྒྱུ་དེ་སློབ་ཕྲུག་ཚོར་མཚོན་ན་གལ་འགངས་ཆེན་པོ་ཡིན་ཏེ། ཚན་རིག་དང་རྩིས་རིག འཕྲུལ་ལས་རིག་པ་སོགས་ཀྱི་རྩ་བ་ནི་གདོད་མའི་ཨེ་ཇིབ་ཊེ་དང་། གྷིརིཀ ཨེ་རབ། རྒྱ་ནག་བཅས་ཀྱི་རིག་གཞུང་སོགས་ལ་ཐུག་ཡོད་ཅིང་། ཚན་རིག་པ་ཚོས་རང་རང་གི་ཚན་རིག་ཞིབ་འཇུག་གི་བྱ་བར་རང་གི་སྡོད་གནས་ཀྱི་རིག་གཞུང་ལས་རིན་ཐང་ལྡན་པའི་རིག་པ་དང་སྔོན་དཔག་འཁྱེར་ཡོང་གི་ཡོད་པ་རེད། །
                                         ༼བརྗོད་པ་གསལ་བར་བྱེད་དགོས།༽
    ཤུགས་རྐྱེན་ཐེབས་པའི་གཏམ་བཤད་དང་འབྲི་རྩལ་ནི་མི་ཚེའི་གནས་བབ་གང་དུ་ཡང་གལ་འགངས་ཆེན་པོ་ཡིན་པས་ན་སློབ་ཚན་དང་གནས་རིམ་མཐའ་དག་གི་དགེ་རྒན་རྣམས་ཀྱིས་སློབ་ཕྲུག་ཚོའི་ཆེད་དུ་འདི་ཉིད་གལ་ཆེ་འགངས་ཆེར་འཛིན་དགོས། དེ་ཙམ་དུ་མ་ཟད།ཚན་རིག་དགེ་རྒན་ཚོས་ངོས་ནས་བརྗོད་པ་ཁ་གསལ་བའི་ཕྱོགས་ན་ཤུགས་སྣོན་རྒྱག་དགོས་པ་སྟེ།རྒྱུ་མཚན་ནི་དཔང་རྟགས་དང་ཚང་ལ་མ་ནོར་བའི་དཔང་རྟགས་དེ་དག་ནི་རང་ཉིད་ཀྱི་འཚོལ་ཞིབ་ཀྱི་བརྒྱུད་རིམ་དང་། རྙེད་དོན།རིག་པ་སོགས་ལ་ཁ་གསལ་གཏིང་གསལ་གྱི་འགྲེལ་བརྗོད་ཅིག་མ་བྱས་ན་གོ་དོན་རྟོགས་མི་ཐུབ་ལ། དེ་བཞིན་དུ་གཞན་གྱི་བརྗོད་པ་དག་ཀྱང་གསལ་བོར་ཕབ་མི་ཐུབ། 
                                     ༼མཉམ་སྦྱོང་གི་བྱེད་ཐབས་བཀོལ་དགོས།༽
     འཛིན་གྲྭའི་ནང་ལ་སྡེ་ཚན་གྱི་མཉམ་ལས་ཁག་ཡང་ཡང་རྩོམ་པའི་སྒོ་ནས་ཚན་རིག་དང་འཕྲུལ་རིག་བྱ་བའི་མཉམ་ལས་ཀྱི་རང་བཞིན་ཐད་ཤུགས་སྣོན་རྒྱག་དགོས། ཚན་རིག་པ་དང་བཟོ་ལས་པ་ཚོ་ནི་ནམ་ཡང་མཉམ་འབྲེལ་གྱིས་ལས་ཀ་བྱེད་པ་ལས་ཁེར་རྐྱང་གིས་བརྟག་དཔྱད་ཞིབ་འཇུག་བྱེད་མཁན་ཧ་ལམ་ཉུང་ཉུང་ཡིན།དེ་དང་མཚུངས་པར།སློབ་ཕྲུག་ཚོས་ཀྱང་ཕན་ཚུན་བསམ་བློ་བརྗེ་རེས་ཀྱི་ཆེད་དུ་འགན་མཉམ་འཁུར་གྱིས་སློབ་སྦྱོང་བྱེད་དགོས། ཐུན་མོང་གི་གོ་བ་ཞིག་རྙེད་པར་བརྩོན་པའི་བརྒྱུད་རིམ་ཁྲོད་སྡེ་ཚན་སོ་སོའི་ནང་ལ་ཡོད་པའི་སློབ་ཕྲུག་ཚོས་ཕན་ཚུན་ལ་སོ་སོའི་བྱ་བའི་བརྒྱུད་རིམ་དང་། གོ་དོན།གསར་རྙེད་ཁག་གི་རྩོད་གླེང་།བྱ་གཞག་དེ་ཉིད་ཇི་ལྟར་འཕེལ་རྒྱས་འགྲོ་མིན་གྱི་སྔོན་དཔག་སོགས་ཡང་ཡང་བཤད་རེས་བྱེད་དགོས།སྡེ་ཚན་གྱིས་འགན་མཉམ་འཁུར་བྱ་བའི་ཁྲོད་དུ་བློ་བསྐྱེད་དང་བགྲོ་གླེང་ནི་དངོས་ཡོད་གནས་ཚུལ་དང་མཐུན་ཆེ་ཞིང་།  དེའི་ཁྱད་ཆོས་ཀྱང་སྤྱིར་བཏང་གི་སྒེར་སོ་སོའི་ངོས་ནས་སློབ་དེབ་སྟེང་གི་ནང་སྦྱོང་ཁག་སྐྱོར་སྦྱངས་བྱེད་པའི་ཐབས་ལམ་ལས་ཁྱད་པར་ཆེན་པོ་ཡོད་པ་ཡིན།  
                                    ༼ཤེས་རྟོགས་དང་འཚོལ་རྙེད་་ལོགས་སུ་དགར་མི་རུང་།༽
    ཚན་རིག་གི་ནང་དུ་མཇུག་སྡོམ་དང་མཇུག་སྡོམ་དེར་སྣེ་ཁྲིད་པའི་ཐབས་ལམ་གཉིས་ནི་ནམ་ཡང་འབྲེལ་ནས་ཡོད་ལ།འཚོལ་ཞིབ་ཀྱི་རང་བཞིན་ནི་བརྟག་དཔྱད་གང་ཞིག་བྱས་པ་དེར་རག་ལས་པ་དང་། དེ་བཞིན་ཅི་ཞིག་སྦྱངས་པ་ནི་བེད་སྤྱོད་བྱས་པའི་ཐབས་ལམ་ཅི་ཞིག་སྤྱད་པ་དེར་རག་ལས་ཡོད་པ་རེད། སློབ་ཕྲུག་ཚོར་སྡེ་ཚན་གང་རུང་ཞིག་གི་སྐོར་ལ་གོ་རྟོགས་རྡོག་རྡོག་ཅིག་སྤྲོད་ཐབས་ཁོ་ནར་དམིགས་ནས་བསླབ་པའི་ཚན་རིག་ཁྲིད་ཐབས་དེས་ཁོང་ཚོར་གོ་རྟོགས་ཉུང་ཉུང་ཞིག་ལས་མི་ཐོབ་པར་འགྱུར་བའི་ཕྱོགས་སུ་སྣེ་ཁྲིད་པ་མ་ཟད།དེས་ད་དུང་ཁོང་ཚོར་རང་དབང་གི་རྣམ་དཔྱོད་དང་ཆ་རྐྱེན་བསྐྲུན་མི་ཐུབ་པ་ནི་ངེས་པ་ཞིག་རེད།དེ་ལྟར་ཡང་།ཚན་རིག་གི་རྒྱུ་མཚན་འགོད་སྟངས་དེ་བཞིན་"ཚན་རིག་གི་ཐབས་ལམ"ལྟ་བུའི་བརྗོད་གཞི་གང་ཡང་མེད་པར་དེ་ལས་ལོགས་སུ་བརྒྱུད་རིམ་རྐྱང་རྐྱང་ཅན་དུ་གྱུར་ན་དེར་ཡང་གྲུབ་འབྲས་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་རེད།དེར་བརྟེན། ཚན་རིག་དགེ་རྒན་ཚོས་སློབ་ཕྲུག་ཚོར་འཛམ་གླིང་གི་ཚན་རིག་གི་ཤེས་བྱ་དང་ཚན་རིག་གི་སེམས་ཀྱི་གཤིས་ཀ་གཉིས་དུས་མཉམ་དུ་འཐོབ་པར་གཞོགས་འདེགས་བྱེད་དགོས།། 
                                             ༼ཆེད་སྤྱོད་བརྡ་ཆད་བློར་འཛིན་རྒྱུ་གལ་ཆུང་དུ་འཛིན་དགོས།༽
        མིང་ཚིག་ཙམ་མ་ཡིན་པར་སློབ་ཚན་གྱི་གོ་དོན་རྙེད་ཐབས་བྱ་རྒྱུ་ནི་ཚན་རིག་སློབ་ཁྲིད་ཀྱི་དགོས་དམིགས་གཙོ་བོ་དེ་ཡིན།དེ་ལྟ་ན་ཡང་། ཚིག་དོན་གཉིས་ཀའི་ཐོག་ནས་བརྡ་ཆད་ཁ་གསལ་བོ་དགོས་པ་ཡང་ཚན་རིག་གི་གླེང་མོལ་ཁྲོད་དུ་ཧ་ཅང་གལ་ཆེན་པོ་ཡིན་ལ་གོ་རྟོགས་རྙེད་རྒྱུ་ཡང་དེ་མཚུངས་སུ་གལ་ཆེན་པོ་ཆགས་ཡོད།དེར་བརྟེན། ཆེད་སྤྱོད་བརྡ་ཆད་རེ་ཟུང་ནི་ཀུན་ལ་ཕན་ཐོགས་པོ་ཡོད།འོན་ཀྱང་དེ་ལྟའི་དགོས་ངེས་ཅན་གྱི་ཆེད་སྤྱོད་ཐ་སྙད་ནི་ལྟོས་བཅས་ཀྱིས་ཉུང་ངུ་ཞིག་ལས་མེད། གལ་སྲིད་དགེ་རྒན་གྱིས་བསམ་བློ་གཏོང་ཕྱོགས་ཁ་ཇེ་གསལ་དང་གོ་བ་རྙེད་པའི་ཤུགས་རྐྱེན་ཇེ་ཆེར་གཏོང་ཆེད་དུ་དམིགས་ནས་ཆེད་སྤྱོད་བརྡ་ཆད་ངོ་སྤྲོད་བྱེད་པ་ཡིན་ན།སློབ་ཕྲུག་ཚོས་གཞི་ནས་ཡིག་རྒྱུགས་ཀྱི་རྗེས་སུ་ཡང་སེམས་སུ་ཉར་ཐུབ་པའི་སྤྱོད་སྒོ་ཡོད་པའི་བརྡ་ཆད་་ཡིད་ལ་འཛིན་ཐུབ་པ་རེད། དེ་ལྟ་ནའང་། དགེ་རྒན་ཚོར་མཚོན་ན་བརྡ་ཆད་དག་གི་ཐོག་ཏུ་བློ་རྩེ་སྒྲིམ་པ་ནི་ཚན་རིག་ནི་བརྒྱུད་རིམ་ (བྱེད་ལས་) ཞིག་ཡིན་པའི་དོན་དངོས་ལས་འཁྱོག་པར་བྱེད་པ་དང་། སློབ་ཁྲིད་དང་་གོ་རྟོགས་ཀྱི་གནས་བབ་ཉེན་ཁའི་གནས་སུ་སྐྱེལ་བ། ད་དུང་སློབ་ཕྲུག་ཚོར་ཐོབ་པའི་གོ་རྟོགས་དེ་ཉིད་ལོག་ལམ་དུ་ཁྲིད་པ་བཅས་ཀྱི་ཉེན་ཁ་ཡོད། 
                                            ༼ཚན་རིག་སློབ་ཁྲིད་ཀྱིས་ཚན་རིག་གི་རིན་ཐང་མངོན་མཚོན་བྱེད་དགོས།༽
       ཚན་རིག་ནི་ཤེས་ཡོན་གྱི་གོང་བུ་ཞིག་དང་།ཤེས་ཡོན་བསྡུ་སྒྲུག་དང་དེ་དག་ལ་དག་ཐེར་བྱེད་མཁན་ཙམ་མ་ཡིན་པར། དེ་ནི་འགྲོ་བ་མིའི་རིན་ཐང་ངེས་ཅན་ཞིག་ཚང་བའི་སྤྱི་ཚོགས་ཀྱི་བྱེད་ལས་ཤིག་ཀྱང་ཡིན། ཤེས་འདོད་ཀྱི་བསམ་པ་དང་།གསར་གཏོད་ཀྱི་རིག་པ། འཆར་སྒོ་དང་མཛེས་སྡུག་སོགས་ལ་རིན་ཐང་ཆེན་པོར་བརྩི་བ་ནི་ནི་ཚན་རིག་དང་། རྩིས་རིག  འཕྲུལ་ལས་རིག་པ་སོགས་ཁོ་ནར་ཡོད་པ་ཞིག་མ་ཡིན་པར། དེ་ནི་དོགས་དཔྱོད་རིང་ལུགས་དང་། དད་པའི་རྗེས་འབྲངས་རིང་ལུགས་ལ་མི་དགའ་བ་གང་ཡིན་པ་སོགས་ལ་ཡང་ངོ། ། གང་ལྟར་ཡང་། གོང་སྨྲས་དེ་དག་ཚང་མ་ནི་ཚན་རིག་གི་བྱེད་རྩོལ་གྱི་ཁྱད་ཆོས་མངོན་པར་མཚོན་པའི་དཔེར་མཚོན་ལྟ་བུ་རེད། དེ་བས། ཚན་རིག་སློབ་པའི་སྐབས་སུ་སློབ་ཕྲུག་ཚོས་རང་རང་གི་ཉམས་མྱོང་གི་ཆ་ཤས་ལྟ་བུར་དེ་ལྟའི་རིན་ཐང་ཁག་ལ་ཁ་སྟོང་ནང་གི་ཚིག་སྟོང་ཙམ་མིན་པའི་སྒོ་ནས་དོ་སྣང་བྱེད་དགོས།འདིས་དགེ་རྒན་གྱིས་གཤམ་གྱི་དོན་གནད་ཁག་ལ་ཧུར་ཐག་འབད་ཐག་བྱེད་དགོས་པ་དེ་བསྟན་པ་རེད།ཤེས་འདོད་ཀྱི་བློ་ལ་དགའ་བསུ་བྱེད་དགོས། 

      ཚན་རིག་དང་།རྩིས་རིགའཕྲུལ་ལས་རིག་པ་སོགས་ཀྱིས་ཤེས་འདོད་ཀྱི་བློ་མི་བསྐྲུན་མོད།དེ་དག་གིས་ཤེས་འདོད་ཀྱི་བློ་ལ་དང་ལེན་དང་།བསྐྱེད་བསྲིང་།མཉམ་འབྲེལ།བཟང་ལན་དང་སྲོལ་སྒྲིག་བཅས་བྱེད་པ་ཇི་བཞིན།ཚན་རིག་སློབ་ཁྲིད་ཡག་པོ་ཞིག་བྱེད་དགོས་ན་ཡང་དེ་ལྟར་བྱེད་དགོས་པ་རེད། དེར་བརྟེན།ཚན་རིག་དགེ་རྒན་ཚོས་སློབ་ཕྲུག་ཚོར་བསླབ་ཟིན་པའི་བརྗོད་བྱ་ཁག་གི་ཐོག་ལ་དྲི་བ་འགོད་པར་སེམས་ཤུགས་སྤར་དགོས་པ་དང་།ཁོང་ཚོར་རང་རང་གི་དྲི་བ་ཁག་ཁ་གསལ་བོ་ཡོང་བར་བྱས་ནས་དྲིས་ལན་འཚོལ་རྙེད་བྱ་བར་རོགས་རམ་དང་།དྲིས་ལན་རྙེད་ཐབས་ཀྱི་ཐབས་ལམ་ཡང་པོ་སྟོན་པ།དྲི་བ་འགོད་མཁན་ལ་ལེགས་གསོལ་དང་བཅས་སྤྱིར་བཏང་མ་ཡིན་པ་གང་ཞིག་ལ་ཁོང་ཚོའི་གནས་བབ་དང་འཚམས་པའི་དྲི་བ་གཞན་འདྲི་བ་བཅས་བྱེད་དགོས། ཚན་རིག་སློབ་ཁང་ནང་དུ་མཚར་སྣང་འཛིན་པ་ལ་ཡོན་ཏན་ཐོབ་པ་དང་དོ་མཉམ་པའི་རིན་ཐང་ཆེན་པོ་སྤྲོད་དགོས། 
                                                ༼གསར་གཏོད་ཀྱི་བསམ་བློར་གཟེངས་བསྟོད་བྱེད་དགོས།༽
       ཚན་རིག་པ་དང་།རྩིས་རིག་པ།བཟོ་ལས་ལག་རྩལ་པ་སོགས་ཀྱིས་བློས་བསླངས་ཀྱི་བེད་སྤྱོད་དེ་གསར་གཏོད་ཀྱི་རང་བཞིན་ལྡན་པ་ཞིག་ཡོང་རྒྱུ་གལ་ཆེར་འཛིན་པ་རེད།དེར་བརྟེན་ཚན་རིག་སློབ་ཁང་ནི་སློབ་གཉེར་གྱི་ལེགས་གྲུབ་ཙམ་མ་ཡིན་པར་ངེས་པར་དུ་གསར་གཏོད་ཀྱི་རང་བཞིན་དང་གསར་གཏོད་བྱ་བར་ཆ་འཇོག་དང་དེ་ལ་སྐུལ་འདེད་བྱེད་སའི་ཁོར་ཡུག་ཅིག་ཡིན་དགོས།དོན་དངོས་སུ།དགེ་རྒན་ཚོས་རང་ངོས་ནས་འཛིན་གྲྭའི་ནང་དུ་སློབ་ཕྲུག་ཚོས་རང་རང་གི་རིག་རྩལ་སྟོན་ཐུབ་པའི་བྱེད་ལས་སྣ་ཚོགས་པ་གསར་གཏོད་བྱས་པའི་སྒོ་ནས་རང་ཉིད་ཀྱི་རིག་རྩལ་ངོམ་སྟོན་བྱེད་ཆོགཚན་རིག་དང་། རྩིས་རིག འཕྲུལ་ལས་རིག་པ་སོགས་ནི་རང་རང་གི་དོགས་དཔྱོད་རིང་ལུགས་པའི་ཚོགས་སྡེའམ་བཀོལ་མི་རྣམས་ལ་བརྟེན་ནས་དར་རྒྱས་ཕུན་སུམ་ཚོགས་པ་ཡོད་པ་དང་། ཁོང་ཚོའི་ལྟ་གྲུབ་ནི་སོ་སོའི་དཔང་རྟགས་དང་། གཏན་ཚིགས། ཁས་ལེན་བཅས་ལ་དོགས་དཔྱོད་བྱེད་པ་དང་། རང་གི་བརྟག་དཔྱད་ཀྱི་གྲུབ་དོན་ནི་བསྐྱར་ཞིབ་བྱེད་གཞི་ཡིན་ཟེར་བ་དེ་རེད།  
                                                  ༼ལྟ་གྲུབ་ཨ་འཐས་སུ་འཛིན་པ་ལས་གཡོལ་དགོས།༽
       སློབ་ཕྲུག་ཚོས་ཚན་རིག་ནི་གོ་རྟོགས་རྒྱ་བསྐྱེད་པའི་བརྒྱུད་རིམ་མམ་བྱེད་ལས་ཤིག་ཡིན་པའི་དོན་དངོས་འདི་ཉམས་སུ་མྱོང་ཐུབ་དགོས་པ་ལས།དེ་ནི་བསྒྱུར་ཏུ་མི་བཏུབ་པའི་བདེན་པ་ཞིག་ཏུ་འཛིན་རྒྱུ་དེ་མ་ཡིན། དེའི་གོ་དོན་ནི་དགེ་རྒན་ཚོས་ནམ་ཡང་རང་ཉིད་དམ་ཡང་ན་སློབ་དེབ་ནི་ནམ་ཡང་བདེན་ཐུབ་ཡིན་པ་དང་། དེ་དག་གིས་བསྟན་པའི་མཇུག་སྡོམ་ནི་ནོར་འཁྲུལ་མེད་པ་ཞིག་ཡིན་སྙམ་གྱིན་པ་ལྟ་བུའི་ལོག་རྟོག་མི་འབྱུང་བར་བྱེད་དགོས་པ་དེ་ཡིན། ཚན་རིག་གི་ཁས་ལེན་ཁག་ལ་ཡིད་ཆེས་འོས་མིན་དང་། ཁས་བླངས་ཟིན་པའི་ཚན་རིག་གི་གྲུབ་དོན་ཁག་ལ་བསྐྱར་ཞིབ་བྱེད་པའི་གནས་བབ། ཚན་རིག་པ་ནང་ཁུལ་ལ་བལྟ་ཚུལ་མི་མཐུན་པའི་སྐབས་སུ་ཅི་ཞིག་བྱེད་མིན་སོགས་ལ་ཐེ་གཏོགས་བྱེད་པའི་སྒོ་ནས། དགེ་རྒན་ཚོས་སློབ་ཕྲུག་ཚོར་ཚན་རིག་གི་བརྗོད་དོན་མང་པོ་ཞིག་ལ་གུ་ཡངས་པའི་ལྟ་བ་དང་། དེ་ལས་ལྡོག་ཕྱོགས་སུ་གྱུར་བའི་ཡིད་ཆེས་ཀྱི་ཐོག་ནས་ཁས་ལེན་བྱེད་པ་གཉིས་དོ་མཉམ་པ་བཟོ་རྒྱུར་རོགས་འདེགས་བྱེད་དགོས།   
                                               ༼མཐོང་སྣང་དོད་པོས་ལན་འདེབས་རྒྱུ་ཡར་སྐུལ་བྱེད་དགོས།༽
          མི་མང་པོ་ཞིག་གིས་ཚན་རིག་ནི་དུང་སྣང་བྲལ་བ་ཞིག་དང་སྤྲོ་སྣང་མེད་པའི་སློབ་ཚན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།གང་ལྟར།ཚན་རིག་གི་གོ་དོན་ཐོག་ནས་སྐར་མའི་ཆགས་རིམ་དང་།སྔོ་བསིངས་ཀྱི་གནམ་མཁའ།འགྲོ་བ་མིའི་སྙིང་གི་བཟོ་བཀོད་སོགས་བཤད་པའི་སྐབས་སུ་དེ་ལྟའི་དངོས་པོ་དག་གི་མཛེས་སྡུག་གི་སྣང་ཚུལ་དང་ཆོས་སེམས་འདྲེས་པའི་ལྟ་བ་དག་རིང་དུ་དོར་དགོས་དོན་མེད། དེ་ཙམ་དུ་མ་ཟད།ཚན་རིག་གི་ཤེས་བྱས་ཁྱེད་ཀྱིས་སྒེའུ་ཁུང་ཡོལ་རས་རྒྱབ་ནས་མཐོང་བའི་སྲང་ལམ་གློག་སྒྲོན་གྱི་འོད་ཀྱི་ཟེགས་མ་དང་། སྐྱེ་ལྡན་ཕྲ་མོའི་ཚེ་སྲོག་གི་རྒྱུ་བ། དེང་རབས་ཀྱི་ཟམ་པའི་བཟོ་བཀོད།སྐྱེ་ལྡན་ཕྲ་ཕུང་ནང་གི་རྫས་འགྱུར་གྱི་ཚད་གཞི།སྡོང་བོ་ཞིག་གམ་ཡང་ན་བྲག་རྡོ་ཞིག་གིས་འཆད་ཐུབ་པའི་ལོ་རྒྱུས།ཡིད་དུ་འོང་བའི་རྩིས་རིག་གི་གྲུབ་དོན་སོགས་མཛེས་སྡུག་གི་སྣང་བ་འཕར་མ་ཞིག་བསྐྲུན་ཐུབ།ཚན་རིག་དང་། རྩིས་རིག འཕྲུལ་ལས་རིག་པ་སོགས་ཀྱི་དགེ་རྒན་གྱིས་སློབ་ཕྲུག་ཚོར་རང་རང་གི་མཛེས་སྡུག་དང་། ཐབས་ལམ། ཡོ་བྱད། བཟོ་དབྱིབས། དངོས་པོ། སྐྱེ་ལྡན་སོགས་ལ་འཛིན་པའི་མཛེས་སྡུག་གི་ལྟ་བའི་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་གཏོང་སའི་སློབ་སྦྱོང་གི་ཁོར་ཡུག་ཅིག་བསྐྲུན་དགོས།  
                                ༼ཚན་རིག་སློབ་ཁྲིད་ཀྱིས་སློབ་སྦྱོང་དཀའ་ཚེགས་ཉུང་འཕྲི་བྱ་བར་དམིགས་སྒོ་གཏད་དགོས།༽
       སློབ་ཕྲུག་མང་པོ་ཞིག་ལ་མཚོན་ན་ཚན་རིག་དང་རྩིས་རིག་སློབ་སྦྱོང་བྱ་བར་སེམས་ངལ་ཆེན་པོ་དང་ཕམ་ཉེས་འབྱུང་བར་ཞེད་པའི་དངངས་སྐྲག་ཅིག་དང་མཉམ་དུ་འདུས་ཡོད་པའི་དོན་དངོས་འདི་དགེ་རྒན་ཚོས་ངོས་ཟིན་པ་བྱེད་དགོས། མཇུག་འབྲས་འདི་འདྲ་ཞིག་བྱུང་དོན་ནི་ཕྱོགས་གཅིག་ནས་དགེ་རྒན་གྱིས་ཅི་ཞིག་བསླབས་པ་དང་དེ་ཉིད་སློབ་པའི་ཐབས་ལམ་གྱིས་བསྐྲུན་པ་ནི་ཐེ་ཚོམ་སྐྱེ་མི་དགོས་པ་ཞིག་རེད་ལ། ཕྱོགས་གཞན་ཞིག་ནས་དེ་ནི་ཁོང་ཚོས་ཐོག་དང་པོར་སློབ་གྲྭ་འགྲོ་དུས་ཚན་རིག་དང་རྩིས་རིག་ལ་རྨོངས་མི་དགའ་བའི་ཕ་མ་དང་དགེ་རྒན་དག་གི་བསམ་ཕྱོགས་དེ་ལས་འགོས་པ་ཞིག་རེད། ཚན་རིག་དང་རྩིས་རིག་གི་སེམས་ཁྲལ་དེ་བཞིན་གཞི་རྩ་མེད་པ་ཞིག་ཏུ་བརྩིས་ནས་སྐྱུར་འཇོག་བྱེད་རྒྱུའི་ཚབ་ལ། དགེ་རྒན་རྣམས་ཀྱིས་སློབ་ཕྲུག་དག་ལ་ཁོང་ཚོའི་སེམས་ཁྲལ་དེ་དག་ཤེས་ཀྱིན་ཡོད་པ་དང་རྣམ་པར་རྒྱལ་ཆེད་དགེ་རྒན་རང་ཉིད་ཀྱང་མཉམ་ལས་ཀྱིས་རོགས་འདེགས་བྱེད་ངེས་རེད་སྙམ་པའི་ཡིད་ཆེས་སླེབས་སུ་འཇུག་དགོས། དགེ་རྒན་ཚོས་གཤམ་དུ་གསལ་བའི་བྱེད་ཐབས་འདི་འདྲ་བཀོལ་ཆོག 
                                                  ༼ལེགས་ཆ་གཞི་རུ་འཛིན་དགོས།༽
        དགེ་རྒན་ཚོས་སློབ་ཕྲུག་ཚོ་ལ་ཚན་རིག་དང་རྩིས་རིག་སྦྱངས་པའི་ཁྲོད་དུ་ལེགས་གྲུབ་ཀྱི་ཆ་རེ་རྙེད་ཀྱིན་ཡོད་པའི་ཐད་དོ་སྣང་ངེས་པར་དགོས་པ་མ་ཟད། སློབ་ཕྲུག་ཚོས་ངོས་ནས་ཡིན་ན་ཡང་དྲིས་ལན་ཆ་ཚང་འགྲིག་པ་ནི་ལེགས་གྲུབ་འབྱུང་བའི་སྒོ་གཙོ་བོ་དེ་ཡིན་པར་འདོད་པའི་ལྟ་ཚུལ་ཉུང་འཕྲི་བྱེད་དགོས། མདོར་བསྡུས་ནས་བཤད་ན།ཨེལ་ཧྥརཌི་ནོར་ཐྰི་  (Alfred   North   Whitehead)   ཡིས་བཤད་པ་ཇི་བཞིན་ཚན་རིག་ཁོ་རང་ཉིད་ཀྱང་ཆ་ཡོངས་རྫོགས་ནས་འགྲིག་ཡོད་པ་ཞིག་མ་རེད། བྱ་དངོས་གང་ཞིག་རྟོགས་རུང་དེ་ནི་མཐར་ཐུག་མིན་ཅིང་། དེ་ད་དུང་རྣམ་པ་གཞན་མང་པོར་འགྱུར་བ་རེད།དེ་དང་བསྟུན་ནས་དགེ་རྒན་ཚོས་ངོས་ནས་རང་ཉིད་ལ་གདེང་ཚོད་ཆུང་བའི་སློབ་ཕྲུག་ཚོ་གཙོར་བཟུང་གིས་སློབ་ཕྲུག་སྤྱི་ཡོངས་ལ་ཁོང་ཚོ་རང་ཉིད་ཀྱི་ཡར་རྒྱས་ཀྱི་རྣམ་པ་དེ་ངོས་ཟིན་པ་བྱེད་པའི་སྒོ་ནས་མུ་མཐུད་ནས་སློབ་སྦྱོང་བྱེད་པར་སེམས་ཤུགས་བསྐྱེད་དགོས། 
                                       ༼ ཡོ་བྱད་བེད་སྤྱོད་གཏོང་བར་ཉམས་མྱོང་ཕུན་སུམ་ཚོགས་པ་བསྐྲུན་དགོས།༽
       སློབ་ཕྲུག་མང་པོ་ཞིག་གིས་ཚན་རིག་བརྟག་དཔྱད་ཁང་གི་ཡོ་ཆས་དང་དེ་མིན་གྱི་ཡོ་ཆས་གཞན་བེད་སྤྱོད་གཏོང་རྒྱུར་ཞེད་སྣང་བྱེད་ཀྱིན་ཡོད།འཇིགས་སྣང་འདི་ནི་གཞི་རྩའི་ཆ་ནས་ཁོང་ཚོར་དེ་ལྟའི་ཡོ་ཆས་བེད་སྤྱོད་གཏོང་རྒྱུའི་གོ་སྐབས་རག་མེད་པ་དེ་ལས་བྱུང་བ་ཡིན་ལ།དམིགས་བསལ་གྱིས་བུ་མོ་ཚོ་ནི་ཡོ་བྱད་བེད་སྤྱོད་གཏོང་རྒྱུར་བུ་རྣམས་ནི་རང་བཞིན་གྱིས་མཁས་པོ་ཡོད་སྙམ་པའི་ལོག་རྟོག་ཅིག་གིས་མནན་པས་ཡོད་པ་རེད། གཞི་རིམ་སློབ་གྲྭའི་སྐབས་ནས་བཟུང་།སློབ་ཕྲུག་ཚང་མས་རིམ་བཞིན་ཡོ་བྱད་རྣམ་པ་སྣ་ཚོགས་པ་དང་དེ་དག་གི་སྤྱོད་ཚུལ་རྒྱུས་མངའ་ཡོད་པ་བྱེད་དགོས་པ་དང་།གཞི་རིམ་སློབ་གྲྭའི་དུས་ཡུན་རྫོགས་པ་ན་སློབ་ཕྲུག་ཚོས་སྤྱིར་བཏང་གི་ལག་ཆ་དང་། ཚྭ་ལའི་ཡོ་ཆས་དང་།  གློག་བཞུ་ཚད་གཞལ་ཆས།  གཤགས་གཏུབས་  (བརྐོ་མ) ཡོ་ཆས།འོད་དང་སྒྲའི་ཡོ་ཆས།རྩིས་ཆས།གློག་ཀླད་སོགས་ཚང་ལ་མ་ནོར་བའི་སྒོ་ནས་བེད་སྤྱོད་གཏོང་ཤེས་པ་ཞིག་བྱེད་དགོས། 
                                        ༼ཚན་རིག་གི་བྱ་བའི་ཁྲོད་དུ་བུད་མེད་དང་གྲངས་ཉུང་མི་རིགས་ཁག་ལ་རྒྱབ་སྐྱོར་བྱེད་དགོས།༽
        ཚན་རིག་དང་འཕྲུལ་ལས་རིག་པའི་ཆེད་ལས་འདིར་སྐྱེས་པ་ཚོ་དང་མི་རིགས་དཀར་པོའི་རིགས་ཀྱིས་རྒྱ་ཆ་མང་ཤོས་དེ་ཟིན་ཡོད་པའི་རྒྱུ་མཚན་གྱིས།བུད་མེད་དང་གྲངས་ཉུང་མི་རིགས་ཁག་གི་སློབ་ཕྲུག་ཚོར་ཆེད་ལས་འདི་ནི་རང་གི་འཇོན་ནུས་ལས་འདས་པ་ཞིག་གམ་ཡང་ན་ང་ནི་འདིར་འཚམས་པོ་མི་འདུག་སྙམ་པའི་བསམ་ཚུལ་ལས་སླ་བོའི་སྒོ་ནས་སྐྱེ་བཞིན་ཡོད། གལ་སྲིད་དགེ་རྒན་གྱིས་གནད་དོན་འདི་བཅོས་བསྒྱུར་ཡོང་བར་ཤུགས་གནོན་ཞིག་མ་བརྒྱབ་པ་ཡིན་ན་སློབ་གྲྭའི་ཕྱི་རོལ་གྱི་ཁོར་ཡུག་གིས་བསྐྱེད་པའི་གཞན་གྱི་འཇོན་ནུས་གཅོག་པའི་ལོག་རྟོག་འདི་མུ་མཐུད་དེ་གནས་ངེས་རེད།  དགེ་རྒན་ཚོས་བུད་མེད་དང་གྲངས་ཉུང་མི་རིགས་ཁག་གི་བྱས་རྗེས་མངོན་པའི་བསླབ་གཞི་བསྡུ་སྒྲུག་གིས་མི་ཚང་མས་འཇོན་ཞིང་ནུས་པའི་སློབ་ཚན་དེ་ཉིད་ལ་སྦྱངས་བརྩོན་གྱིས་ཀུན་གྱིས་འཇོན་པ་ཞིག་རང་ཉིད་ཀྱིས་ཀྱང་འཇོན་ངེས་པའི་བློ་སྟོབས་བསྐྱེད་ཐབས་བྱེད་དགོས། 
                                                       ༼ཚན་རིག་སློབ་ཁྲིད་དེ་སློབ་གྲྭའི་རྭ་བ་ལས་བརྒལ་ཐུབ་དགོས།༽
       ཕྲུ་གུ་ཚོས་རང་རང་གི་ཕ་མ་དང་།སྤུན་མཆེད།ཤ་ཉེ་གཞན་དག ལོ་མཉམ་གྲོགས་པོ།དེ་བཞིན་དར་མ་དང་དགེ་རྒན་ཚོགས་ཀྱི་ས་ནས་སློབ་སྦྱོང་ལེན་པ་དང་།ད་དུང་གློག་བརྙན་དང་།བརྙན་འཕྲིན།རླུང་འཕྲིན།སྒྲ་ཐག ཚོང་ལས་དུས་དེབ་དང་དུས་དེབ་གཞན།ཁྱིམ་སྤྱོད་གློག་ཀླད།ངོ་མཚར་བའི་གཅན་གཟན་ཁང་།སྤྲོ་ཚོགས།རོལ་དབྱངས་འདུ་ཚོགས།རྩེད་རིགས་འགྲན་བསྡུར་བྱེད་ས།དེ་བཞིན་དུ་སློབ་དེབ་དང་སློབ་གྲྭའི་ཁོར་ཡུག་སོགས་ཀུན་ནས་སློབ་སྦྱོང་ལེན་པ་རེད།དེར་བརྟེན།ཚན་རིག་དགེ་རྒན་ཚོས་འབྱུང་ཁུངས་རྒྱ་ཆེན་པོ་འདི་དག་གི་ཁེ་ཕན་འདི་དག་བེད་སྤྱད་ནས་ཕྲུ་གུའི་ཕ་མ་དང་འབྲེལ་ཡོད་ཀྱི་དར་མ་གཞན་དག་ཚོ་ཁོར་ཡུག་འདིར་ཚུད་པ་བྱེད་དགོས།དགེ་རྒན་ཚོས་ངོས་ནས་སློབ་ཕྲུག་ཅིག་གིས་སྤྱིར་བཏང་གི་དུས་ཚོད་ནང་སྦྱངས་པའི་ཤེས་བྱ་གང་ཞིག་ནོར་བའམ།ཡང་ན་ཆ་མི་ཚང་བ་དང་།གོ་བ་ཡག་པོ་ལོན་མེད་པ།ལོག་རྟོག་བྱུང་ཡོད་པ་སོགས་གང་ཞིག་ཡིན་རུང་།སློབ་གྲྭའི་ནང་གི་སློབ་སྦྱོང་གིས་སློབ་ཕྲུག་ཚོར་གོང་གི་ནོར་འཁྲུལ་དེ་དག་བསྐྱར་གསོ་ཐུབ་པ་དང་དེ་བརྒྱུད་ནས་ཤེས་བྱ་གསར་པ་གཞན་ཤེས་རྟོགས་བྱེད་ཐུབ་པ་ངོས་ཟིན་རྒྱུ་ཡང་གལ་ཆེན་པོ་ཡིན།

 བསྒྱུར་མཁན་གྱི་མཆན།ཨ་རི་བ་ཡོངས་ལ་དམིགས་པའི་ཚན་རིག་<Science for all Americans>ཅེས་པ་འདི་ནི་སྤྱི་ལོ་༡༩༨༥་ལོར་འགོ་འཛུགས་པའི་ལས་གཞི་ཞིག་ཡིན་ལ།   ལས་གཞི་འདི་ལ་ལས་གཞི་༢༠༡༦  ཟེར།  འདིའི་དམིགས་ཡུལ་ནི་མ་འོངས་པའི་ཚན་རིག་གི་འཕེལ་ཕྱོགས་དང་འཚམས་པའི་འཆད་ཁྲིད་ཇི་ལྟར་བྱེད་མིན་སྐོར་ལ།  ཚན་རིག་པ་དང་།  ཤེས་ཡོན་ཞིབ་འཇུག་པ། དགེ་རྒན་སོགས་ཆེད་ལས་མཁས་པའི་ཚོགས་འདུ་དང་བགློ་གླེང་།  ཞིབ་འཇུག་སོགས་བརྒྱུད་ནས་ལམ་ལུགས་གཏན་འབེབ་བྱ་རྒྱུ་དེ་རེད།  མ་རྩོམ་དབྱིན་ཡིག་ཏུ་ཡོད་པས།  ནང་དོན་ཐད་ལ་ནོར་འགལ་ཡོད་ན་མ་རྩོམ་དབྱིན་ཡིག་ལ་རྩ་འཛིན་བྱེད་དགོས། 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།