གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚན་རིག་པ་ཚོས་མིའི་འཕེལ་འགྱུར་མགྱོགས་ཤོས་ཀྱི་མཚན་གཞི་གླེང་བ།

2010-07-12 10:35:00 NICHOLAS WADE ཀློག་གྲངས། མཆན ཡོད།

སྤེལ་མཁན། NICHOLAS WADE སྤེལ་དུས: July 1, 2010
སྤེལ་ཡུལ། http://www.nytimes.com/2010/07/02/science/02tibet.html

    བོད་མི་རྣམས་ནི་མཚོ་ངོས་ནས་ཧྥི་ཁྲི་སྟོང་ཕྲག་བཅུ་གསུམ་ཙམ་གྱི་མཐོ་སར་འཚོ་ཞིང་། མཚོ་ངོས་དང་བསྡུར་ན་འཚོ་རླུང་བརྒྱ་ཆ་༤༠ ཙམ་ལས་མེད་པའི་ཁ་དབུགས་རྔུབ་ཀྱིན་ཡོད། འོན་ཀྱང་ཁོང་ཚོར་ས་བབ་མཐོ་བའི་དཀའ་ངལ་འབྱུང་བ་ཧ་ཅང་དཀོན་པོ་རེད། རྒྱ་ནག་ཏུ་བརྟེན་གཞི་བྱས་ཡོད་པའི་སྐྱེ་དངོས་རིག་པའི་རུ་ཁག་ཅིག་གིས་བཤད་པ་ལྟར་ན། དེའི་རྒྱུ་མཚན་ནི་འགྲོ་བ་མིའི་འཕེལ་འགྱུར་ཡིན་པ་རེད། དེ་ནི་གཅིག་བྱས་ན་ད་ལྟའི་དབར་དུ་བརྟག་དཔྱད་བྱས་ནས་རྙེད་པའི་དཔེར་མཚོན་གསར་ཤོས་དང་མགྱོགས་ཤོས་དེ་ཡིན་སྲིད་པ་རེད།

    རྒྱ་ནག་གི་མི་རིགས་ཆེན་པོ་གཉིས་ཏེ། བོད་རིགས་དང་ཧན་རིགས་གཉིས་ཀྱི་ལྗིད་ནོམ་ (genomes) ལ་བཤིབ་བསྡུར་བྱེད་པའི་སྐབས་སུ། སྐྱེ་དངོས་རིག་པ་བ་རྣམས་ཀྱིས་བོད་མི་རྣམས་ནི་ས་མཐོར་འཚོ་གནས་བྱེད་ཐུབ་པའི་ཆེད་དུ་བསྟུན་འགྱུར་བྱུང་བས་ན་འཕེལ་འགྱུར་གྱི་འགྱུར་ལྡོག་ཁྲོད་ཁོང་ཚོའི་ནང་དུ་ཉུང་མཐར་ཡང་རིགས་རྫས་༣༠ ཙམ་བརྒྱུད་བགྲོད་བྱས་ཡོད་པ་རྙེད་པ་རེད། ཞིན་ཡི་(Xin Yi)དང་ཇེན་ཝང་(Jian Wang) གཉིས་ཀྱིས་སྣེ་ཁྲིད་པའི་པེ་ཅིང་རིགས་རྫས་ཞིབ་འཇུག་ཁང ་གི་སྐྱེ་དངོས་རིག་པ་བའི་རུ་ཁག་ཅིག་གིས་བཤད་པ་ལྟར་ན། བོད་རིགས་དང་ཧན་རིགས་ཚོ་ནི་ཉེ་བའི་ལོ་ངོ་༣༠༠༠ ཙམ་གྱི་ཡར་སྔོན་དེར་རིགས་རྒྱུད་སོ་སོར་གྱེས་པ་རེད་ཟེར། ཞིབ་འཇུག་སྙན་ཐོ་དེ་ནི་རེས་གཟའ་པ་སངས་ཀྱི་ཚན་རིག་སྙན་དེབ་ཏུ་ཐོན་པ་རེད།

    གལ་སྲིད་འདི་ཉིད་གཏན་འབེབས་བྱུང་བ་ཡིན་ན། འདི་ནི་ད་ལྟའི་བར་དུ་ཤེས་རྟོགས་བྱུང་བའི་མིའི་འཕེལ་འགྱུར་གྱི་འགྱུར་ལྡོག་ཐད་ཀྱི་ཆེས་གསར་བའི་དཔེར་མཚོན་དུ་འགྱུར་ངེས་རེད། ད་ལྟའི་དབར་དུ་འདི་ལྟའི་འགྱུར་ལྡོག་ཐད་ལ་ཤེས་རྟོགས་བྱུང་བའི་གནས་ཚུལ་གསར་ཤོས་ནི་ལོ་ངོ་༧༥༠༠ ཙམ་གྱི་ཡར་སྔོན་ལ་ཡོ་རོབ་བྱང་བརྒྱུད་ཀྱིི་མི་རྣམས་ཀྱི་ཁྲོད་ནས་རྙེད་པའི་འོ་མངར་བཅུད་ལེན་(lactose tolerance ) གྱི་ཁྱབ་འབྱེད་དེ། དར་མའི་དུས་ཀྱི་འོ་མ་འཇུ་ཐུབ་པའི་ནུས་པ་ཙམ་རེད། གང་ལྟར། གནའ་རྫས་རྟོག་ཞིབ་རིག་པ་བ་ཚོས་བོད་ཡུལ་མཐོ་སྒང་ནི་ལོ་ངོ་༣༠༠༠ ལས་ཆེས་ཆེར་སྔ་བའི་དུས་ནས་ཆགས་པ་ཞིག་དང་རིགས་རྒྱུད་རིག་པ་བ་ཚོའི་དུས་ཚེས་དེ་ནོར་བ་རེད་ཅེས་བརྗོད་འདུག

    ས་བབ་དམའ་སར་སྡོད་མཁན་ཚོ་ས་བབ་མཐོ་སར་གནས་སྡོད་བྱེད་པར་བརྩོན་པའི་སྐབས་སུ་ཁོང་ཚོའི་གཟུགས་པོས་ཁམས་དམར་ཕྲ་ཕུང་བཙིར་འདོན་གྱིས་འཚོ་རླུང་ཉུང་བའི་གནས་བབ་ལ་གདོང་ལེན་བྱེད་དགོས་པས་ཁོང་ཚོའི་ཁྲག་གར་པོར་འགྱུར་བཞིན་ཡོད། ཚད་ལས་བརྒལ་བའི་ཁམས་དམར་ཕྲ་ཕུང་ཐོན་སྐྱེད་བྱེད་པ་འདིས་ས་བབ་མཐོ་བའི་དཀའ་ངལ་དང་རིགས་མྱུག་བསྐྱེད་ནུས་ཀྱི་གོ་སྐབས་ཉུང་འཕྲི་བྱེད་ཀྱིན་ཡོད་པ་སྟེ། དེ་ཡང་བོད་དུ་གནས་སྡོད་བྱེད་མཁན་གྱི་ཧན་རིགས་ཚོའི་སྐྱེ་མ་ཐག་པའི་ཕྲུ་གུའི་གྲོངས་ཚད་ནི་བོད་མི་རྣམས་དང་བསྡུར་ན་ལྡབ་གསུམ་གྱིས་མང་བ་ཡོད་པ་རེད།

    པེ་ཅིང་གི་རུ་ཁག་གིས་མིའི་ལྗིད་ནོམ་གྱི་བརྒྱ་ཆ་༣ ལ་དབྱེ་ཞིབ་བྱས་པ་དང་དེའི་ནང་དུ་རྒྱ་མཚོའི་ངོས་ནས་ཧྥི་ཁྲི་༡༤༠༠༠ ཙམ་གྱི་མཐོ་སར་ཡོད་པའི་བོད་ཀྱི་གྲོང་གསེབ་གཉིས་ཀྱི་བོད་མི་གྲངས་ལྔ་བཅུའི་ལུས་པོར་སྔོན་ནས་ཤེས་རྟོགས་བྱུང་ཡོད་པའི་རིགས་རྫས་རྙེད་ཡོད་ལ། དེ་བཞིན་དུ་རྒྱ་མཚོའི་ངོས་ནས་ཧྥི་ཁྲི་༡༦༠ ཡོད་པའི་པེ་ཅིང་གི་ཧན་རིགས་༤༠ ཡི་ནང་ནས་ཀྱང་རྙེད་ཡོད། མི་འབོར་ཞིག་ཏུ་རིགས་རྫས་མང་པོ་ཞིག་འདམ་ཀ་ཅན་གྱི་རྣམ་པར་ཡོད་པ་དང་། སྐྱེ་དངོིས་རིག་པ་བ་ཚོས་རྙེད་པའི་རིགས་རྫས་༣༠ ཙམ་ལས་ཧན་རིགས་ཚོར་དཀོན་པའི་རིགས་རྫས་ཀྱི་རྣམ་པ་དེ་བོད་རིགས་ཁྲོད་དུ་འབལ་པོ་ཡོད་པ་རེད། ཆེས་གནད་དུ་འཁེལ་བའི་དཔེར་མཚོན་གཅིག་ནི་ཧན་རིགས་ཀྱི་བརྒྱ་ཆ་༩ ཙམ་ལ་མ་གཏོགས་མེད་པའི་རིགས་རྫས་ཀྱི་རྣམ་པ་དེ་བོད་རིགས་བརྒྱ་ཆ་༨༧ ཙམ་ལ་ཡོད་པ་དེ་རེད།

    དེ་ལྟའི་བསམ་ཡུལ་ལས་འདས་པའི་ཁྱད་པར་ཆེན་པོ་འདིས་བསྟན་པ་ནི་བོད་རིགས་ཚོར་དམིགས་སུ་ཡོད་པའི་རིགས་རྫས་ཀྱི་རྣམ་པ་འདི་དག་ནི་རང་བྱུང་འདེམས་སྒྲུག་གིས་བསྐྲུན་པ་དེ་རེད། ཚིག་གཞན་ཞིག་གིས་བཤད་ན་རིགས་རྫས་རྣམ་པ་དེ་ལྡན་གྱིི་མི་རྣམས་ཀྱིས་རིགས་རྫས་རྣམ་པ་གཞན་ཡོད་མཁན་ཚོ་དང་བསྡུར་ན་བྱིས་པ་མང་པོ་བསྐྱེད་བསྲིངས་ཐུབ་པ་དེ་རེད།

    དྲི་བའི་ནང་དུ་ཡོད་པའི་རིགས་རྫས་དེ་ལ་hypoxia-inducible factor 2-alpha ཡང་ན་ HIF2a ཟེར་བ་དང་། ཁྱད་པར་བའི་(རིགས་རྫས་)རྣམ་པ་དེ་ལྡན་གྱི་བོད་རིགས་ཚོ་ལ་ཁམས་དམར་ཕྲ་ཕུང་ཉུང་བ་དང་དེ་ལ་བརྟེན་ནས་ཁོང་ཚོར་ཟུངས་ཁྲག་(homoglobin) ཉུང་ངུ་ལས་མེད།

    ཞིབ་འཇུག་གྲུབ་དོན་འདིས་བོད་རིགས་ཚོ་ལ་ས་བབ་མཐོ་སར་དཀའ་མེད་དོན་ཅིའི་ཕྱིར་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་མོད། འོན་ཀྱང་འདིས་ཁམས་དམར་ཕྲ་ཕུང་འཐོལ་བ་བསྐྱེད་མི་དགོས་པའི་ཐོག་ནས་ཁོང་ཚོས་འཚོ་རླུང་ཉུང་ངུ་ལས་མེད་པ་འདི་ཁ་གསབ་ཇི་ལྟར་བྱེད་མིན་གྱི་དྲི་བ་ཞིག་སློང་གིན་ཡོད།

    བོད་རིགས་ཀྱི་ས་བབ་མཐོ་སའི་བསྟུན་འགྱུར་ཐད་ཀྱི་ཞིབ་འཇུག་གཞན་གཉིས་ཀྱིས་ཀྱང་རིགས་རྫས་འདི་ཉིད་ནི་འདེམ་སྒྲུག་གི་དམིགས་ཡུལ་ལྟ་བུ་ཡིན་པར་ངོས་འཛིན་བྱས་ཡོད། ཡུ་ཋེ་གཙུག་ལག་སློབ་གཉེར་ཁང་གི་ Tatum S. Simonson གིས་སྣེ་ཁྲིད་པའི་རུ་ཁག་ཅིག་དང་རྒྱ་ནག་གི་མཚོ་སྔོན་གཙུག་ལག་སློབ་གཉེར་ཁང་གི་རི་ལི་གེ་སོགས་ཀྱིས་བོད་རིགས་༣༡ གི་ལྗིད་ནོམ་པར་གློག་བྱས་རྗེས་སྤྱི་ཟླ་༥ ནང་ཚན་རིག་དུས་དེབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། HIF2a དང་ཁམས་དམར་སྐྱེད་སྤེལ་དང་འབྲེལ་བའི་རིགས་རྫས་གཞན་དག་གིས་རང་བྱུང་འདེམ་སྒྲུག་གི་བརྒྱུད་རིམ་བརྒྱུད་ཡོད་པའི་རྟགས་མཚན་ཡོད་པ་རེད།

    སེན་ཐི་ཡ་(Cynthia M. Beall) ཡིས་སྣེ་ཁྲིད་པའི་ Case Western Reserve གཙུག་ལག་སློབ་གཉེར་ཁང་གི་མིའི་རིག་པ་བའི་ (anthropologist) རུ་ཁག་དང་། རྒྱ་ནག་ཏུ་ཡོད་པའི་ཀུང་མིང་དུད་འགྲོ་རིག་པ་ཞིབ་འཇུག་ཁང་(Kunming Institute of Zoology) གི་ཡོང་ཏང་ཀྲིང་ (Yong-Tang-Zheng) གཉིས་ཀྱིས་རང་རང་ས་ནས་ཞིབ་འཇུག་གིས་བོད་མིའི་ནང་དུ་ཡོད་པའི་རིགས་རྫས་དེ་ཉིད་དུ་རིགས་རྫས་ཀྱི་འགྱུར་བ་ཞིག་ཡོད་པ་རྙེད་ཅིང་། དེ་ནི་ཁྲག་ནང་དུ་ཟུངས་ཁྲག་ཉུང་ངུ་ལས་མེད་པ་དེ་དང་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཁོང་ཚོའི་ཞིབ་འཇུག་སྙན་ཐོ་དེ་ནི་ཟླ་༦ ཚེས་༢༢ ཉིན་གྱི་ Proceedings of the National Academy of Science ཐོག་ལ་བཏོན་ཡོད།

    མི་རྣམས་ས་བབ་མཐོ་བོར་བསྟུན་འགྱུར་བྱེད་པའི་སྐོར་འདི་ངེས་པར་དུ་སྤྲོ་སེམས་འཁོལ་བའི་ཞིབ་འཇུག་བྱ་ཡུལ་ཞིག་ཡིན་མོད། འོན་ཀྱང་བདུན་ཕྲག་རེ་ཟུང་ཙམ་གྱི་དུས་ཡུན་ནང་བརྗོད་གཞི་གཅིག་གི་སྟེང་ལ་ཞིབ་འཇུག་གསུམ་དུས་མཉམ་དུ་ཐོན་པའི་རྒྱུ་མཚན་གཞན་ཞིག་ནི་ལྗིད་ནོམ་གྱི་ཆ་ཤས་གང་ཞིག་ནི་འདེམས་སྒྲུག་གིས་བསྐྱེད་མིན་བརྩད་གཅོད་ཐུབ་པའི་འཕྲུལ་ཆས་དེ་ཉེ་ཆར་རང་ཐོན་པའི་རྐྱེན་གྱིས་ཀྱང་ཡིན་སྲིད།

    ཞིབ་འཇུག་སྙན་ཐོ་གསར་བ་གསུམ་པོས་བོད་མིའི་རིགས་རྫས་ཀྱི་རྣམ་པ་དེ་ནི་རང་བྱུང་འདེམས་སྒྲུག་གིས་བསྐྱེད་པ་མོས་མཐུན་བྱེད་ཀྱིན་ཡོད་མོད། འོན་ཀྱང་། པེ་ཅིང་ལྗིད་ནོམ་ཞིབ་འཇུག་གིས་བོད་རིགས་དང་རྒྱ་རིགས་གཉིས་ནི་ལོ་ངོ་༣༠༠༠ ཡར་སྔོན་ཙམ་ལ་གཞི་ནས་ཁ་གྱེས་པར་འདོད་པའི་ལྟ་ཚུལ་དེ་ཧ་ལམ་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད། གནའ་རྫས་རྟོག་ཞིབ་པ་ཚོས་བཤད་ན་ཁོང་ཚོས་བོད་ཀྱི་ས་མཐོར་འགྲོ་བ་མི་གཞི་བཅས་ནས་ཉུང་མཐར་ཡང་ལོ་ངོ་༧༠༠༠ ཙམ་འགོར་ཡོད་པར་ཡིད་ཆེད་བྱེད་ཀྱིན་ཡོད་པ་དང་། ད་དུང་གཅིག་བྱས་ན་ལོ་ངོ་སྟོང་ཕྲག་༢༡ ལྷག་ཀྱང་འགོར་ཡོད་སྲིད་པར་འདོད་ཀྱིན་ཡོད་ཟེར།

    མར་སི་ཌི ཁེ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་བོད་རིག་པ་བ་མརྐ ཨེལ་ཌན་ཌེར་ཧྥེར་(Dr. Mark Aldenderfer )གྱིས་“བོད་རིགས་དང་ཧན་རིགས་གཉིས་ལོ་ངོ་༣༠༠༠ ཙམ་གྱི་སྔོན་ལ་ཁ་གྱེས་པར་འདོད་པ་འདི་ནི་ད་ལྟའི་ཆར་ང་ཚོས་ཤེས་རྟོགས་བྱུང་བའི་ལོ་རྒྱུས་དང་། གནའ་རྫས། ཡང་ན་སྐད་བརྡ་རིག་པ་སོགས་གང་ལ་ཡང་གཞི་འཛིན་ས་མེད་པ་ཞིག་རེད །” ཟེར།

    ཨེལ་ཌན་ཌེར་ཧྥེར་གྱིས་བཤད་ན་གཅིག་བྱས་ན་བོད་ཀྱི་ས་མཐོར་གནས་སྤོ་མང་པོ་བྱུང་ཡོད་པ་དང་། ལོ་ངོ་༦༠༠༠ ཙམ་གྱི་ཡར་སྔོན་དུ་སྒོ་ཕྱུགས་གསོ་མཁན་ཚོ་བྱང་དང་བྱང་ཤར་ཕྱོགས་ནས་ས་མཐོའི་བོད་ཡུལ་དུ་འཛུལ་ཡོད་པའི་རྗེས་དཔག་ཅན་གྱི་དཔང་རྟགས་ཡོད་པ་རེད། ཁོང་གིས་བཤད་དོན། བོད་མི་རྣམས་ནི་རྒྱ་ནག་ལྷོ་ཕྱོགས་ཀྱི་ཧན་མི་རིགས་ལས་བྱང་ཕྱོགས་ཀྱི་ཧན་མི་རིགས་དང་ཅུང་འདྲ་བ་དང་། ད་དུང་ཨེ་ཤི་ཡ་དཀྱིལ་མའི་རིགས་རྫས་དང་ཅུང་འདྲེས་བསྡད་ཡོད་པ་རེད་ཟེར།

    དུས་ཚེས་ཀྱི་གནད་དོན་ཐོག་གནའ་རྫས་རྟོག་ཞིབ་པ་ཚོ་དང་བསྡུར་ན་རིགས་རྫས་རིག་པ་བ་ཚོའི་ལྟ་ཚུལ་ནི་རྐྱང་སྐུམ་བྱེད་སླ་བ་ཞིག་རེད། ལོ་ངོ་༣༠༠༠ ཡར་སྔོན་དུ་ཧན་རིགས་དང་བོད་རིགས་གཉིས་མི་རིགས་གཉིས་སུ་གྱེས་འགོ་ཚུགས་པར་བཤད་པ་འདི་གལ་སྲིད་རིགས་རྫས་རིག་པ་བ་ཚོས་དཔང་རྟགས་གཞན་གང་རུང་ཞིག་རྒྱུ་ཆར་བྱས་པ་ཡིན་ན། གཅིག་བྱས་ན་ཁོང་ཚོས་ལོ་ངོ་༦༠༠༠ དང་སྙོམས་སྒྲིག་བྱས་པའང་ཡིན་སྲིད།

    བྷེར་ཀལེ ཁེ་ལོ་ཧྥོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་དུ་ཡོད་པའི་ཞིབ་འཇུག་པ་ནེལ་སེན་(Rasmus Nielsen) གྱིས་པེ་ཅིང་གི་ཞིབ་འཇུག་དེས་གྲངས་ཀྱི་རྩིས་གཞི་བརྩིས། ཁོས་བཤད་ན་ “ལོ་ངོ་༣༠༠༠ ལྷག་ཟེར་བ་དེའི་གོ་རིམ་ལ་ང་ཚོར་ཅུང་འདེང་ཚོད་ཡོད” ཟེར། འོན་ཀྱང་། དེའི་རྗེས་སུ་གློག་འཕྲིན་ཞིག་འབྱོར་བའི་ནང་དུ་ཁོས་བཤད་པ་ལྟར་ན། “ རིགས་འབོར་ཁ་གྱེས་པའི་དུས་ཚེས་དེ་ལོ་ངོ་༣༠༠༠ གི་ཚབ་ལ་ལོ་ངོ་༦༠༠༠ མ་རེད་ཅེས་འདེང་ཚོད་ཡོད་པའི་ཐོག་ནས་དགག་ཐུབ་ཀྱིན་མི་འདུག ” ཟེར།

    མི་འབོར་མང་ཉུང་གི་ཚོད་བརྩིས་དེའི་ཐད་ལ་ཡང་དེ་མཚུངས་ཀྱི་རྐྱང་སྐུམ་བྱེད་ཆོག་ཆོག་ཅིག་ཡོད་པ་སྟེ། པེ་ཅིང་གི་རུ་ཁག་གིས་བརྩིས་པ་ལྟར་ན་རིགས་རྒྱུད་ཁ་གྱེས་པའི་གནས་སྐབས་དེར་ཧན་རིགས་༢༨༨ ལས་མེད་པ་དང་བོད་རིགས་༢༢༦༤༢ ཡོད་པ་རེད། ལོ་ངོ་སྟོང་ཕྲག་བཅུའི་ཡར་སྔོན་དུ་རྒྱ་ནག་ལྷོ་ཕྱོགས་སུ་འབྲས་བཏབ་པའི་འགོ་ཚུགས་པ་དང་། ལོ་ངོ་༣༠༠༠ ཡར་སྔོན་དུ་དེ་གར་རིག་གནས་དཔལ་ཡོན་གཞི་རྒྱ་ཆེན་པོ་དར་བར་འདོད་ཀྱིན་ཡོད་པས། ཚོད་བརྩིས་འདིས་གནའ་རྫས་རྟོག་ཞིབ་པ་ཚོ་ཧོན་འཐོར་དུ་འཇུག་གིན་ཡོད། ནེལ་སེན་གྱིས་ཧན་རིགས་ ༢༨༨ ཟེར་བ་འདི་ནི་ཧན་རིགས་ཀྱིི་མི་འབོར་ཉུང་འཕྲི་ཤུགས་ཆེ་བྱུང་བའི་དུས་རིམ་ཞིག་(ཤེལ་དམ་གྱི་མགྲིན་པ་ལྟ་བུ)་བྱུང་ལུགས་མཚོན་པ་ཙམ་རེད་ཟེར། དེའི་གོ་དོན་ནི་དུས་སྐབས་ཅིག་གི་རིང་ལ་མི་འབོར་ཉུང་ཉུང་ཞིག་ལས་མེད་པ་དང་། དེ་འདྲའི་དུས་སྐབས་དེ་ནི་ལོ་ངོ་༡༠༠༠༠ཙམ་གྱི་སྔོན་ལའང་བྱུང་ཡོད་སྲིད་པ་ཞིག་རེད་ཅེས་པ་དེ་རེད། བོད་རིགས་དང་ཧན་རིགས་དབར་གྱི་རིགས་རྫས་ཀྱི་ཁྱད་པར་འདི་ཚོར་ཤེས་སྐྱེན་པོ་ཆགས་སྲིད་པ་ཞིག་སྟེ། འདིས་བོད་རིགས་ཚོར་ཆབ་སྲིད་ཀྱི་རང་སྐྱོང་དགོས་པའི་ཐད་ལ་སེམས་ཤུགས་སྤར་སྲིད་པ་རེད། ནེལ་སེན་གྱིས་བཤད་ན་མི་རིགས་ཟེར་བ་འདིའི་གྲུབ་ཆ་ནི་རིག་གཞུང་གིི་ལོ་རྒྱུས་དང་སྐད་ཡིག་ཡིན་པ་ལས་རིགས་རྫས་མིན་པས་ན། ཁོས་པེ་ཅིང་གི་རུ་ཁག་དེའི་ཞིབ་འཇུག་གྲུབ་དོན་དག་གིས་ཆབ་སྲིད་ཀྱི་དམིགས་ཡུལ་ཅི་ཡང་འཁུར་མེད་པའི་རེ་བ་བྱེད་ཀྱིན་ཡོད་ཟེར། ཁོས་དེར་ཁ་སྣོན་གྱི་ཚུལ་དུ་བཤད་དོན། ཌེ་ནི་ཞི་དང་སི་ཝེ་ཌན་གཉིས་ཀྱི་དབར་ལ་རིགས་རྫས་ཀྱི་ཁྱད་པར་ཆེན་པོ་མེད་མོད། འོན་ཀྱང་ཌན་མག་དང་སེ་ཝེ་ཌན་གཉིས་རྒྱལ་ཁབ་སོ་སོ་རེད་ཟེར། །

གསལ་བཤད། བྲེལ་སྟབས་ཀྱིས་བསྒྱུར་བས་གོ་དོན་འཁྲུལ་བ་དང་ཡིག་ནོར་བརྡ་ནོར་རེ་ཡོད་སྲིད་པས། དོགས་འཆར་ཡོད་རིགས་རྣམས་གོང་གི་དྲ་སྦྲེལ་བརྒྱུད་ནས་མ་རྩོམ་ལ་རྩ་འཛིན་གནང་རོགས། །
                                                                      (འདྲེ་རིག་ལྡན་གྱིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།