གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མ་ཡུམ་ཕྱག་ཟུང་།

2009-11-01 12:47:00 སེ་ཆེན་སྒྲོལ་མ། ཀློག་གྲངས། མཆན ཡོད།

   སེ་ཆེན་སྒྲོལ་མ།

  ___རླབས་ཆེན་གྱི་མ་ལོར་ཕུལ་བ།
བསྐལ་བ་དུ་མའི་སྔོན་གྱི་ནངས་མོ་ཞིག་ལ
ཁྱེད་ཀྱི་བརྩོན་ལྡན་གྱི་ལག་པས
ཞོགས་པ་དེའི་ཉི་གཞོན་མཐོན་པོར་བཏེགས་པས
དེ་ནས་བཟུང  མིག་ཟུང་རབ་རིབ་ཙམ་གྱི་བར་ནས
ཁྱེད་ནི་ངའི་མི་ཚེ་འདིའི་མ་ཡུམ་འབའ་ཞིག་ཏུ་མཐོང་བྱུང

བགྲང་བྱ་ལྔ་འདས་པའི་སྟོན་ཀ་དེར
ཁྲག་རྒྱུན་ཞིག་གི་འགོ་ཁུངས་འཚོལ་ཕྱིར
འུ་གཉིས་འགྲུལ་བཞུད་ཀྱི་གོམ་ཁ་ཕ་ཡུལ་ལ་བསྒྱུར
སྐབས་དེ་དག་དག་ལ
ངའི་ཡུན་རིང་མ་ཕྱེས་པའི་ཁྲ་ཆུང་གི་མིག་གིས
ཁྱེད་ཀྱི་ཡ་ཐོད་ན་ལོ་ཟླའི་བཞུད་ལམ་གསལ་ལ
རུས་པའི་ལྷུ་ཚིགས་མངོན་པའི་ཕྱག་ཟུང་དེ་མཐོང་ཚེ
ཁྱེད་ནི  ངའི་ཨ་མ་ཡིན་ལ་ཧ་ཅང་རྒས་འདུག་པ་ཤེས་སོང
དོན་དངོས  ཁྱེད་ནི་ངའི་རྨོ་མོ་ཡིན་ཡང
མིང་དེ་ངའི་མགྲིན་པའི་གཏིང་རིམ་ནས་ཁེགས་སོང
སྤྱི་ལེ་བརྒྱད་བརྒྱ་ལྔ་བཅུའི་ལམ་ཐག་རིང་བོར
ཁྱེད་ཀྱི་ཕྱག་ཟུང་འཇམ་པོས
ངའི་ནར་མ་སོན་པའི་མིག་མཐར་བྱིལ་བྱིལ་ཡང་ཡང་བྱས

ལོ་ངོ་བཅུ་དགུའི་རྗེས་ཀྱི་དཔྱིད་ཀ་དེར
རྐྱང་རྒོད་གཡེར་བའི་རྨིག་སྒྲ་རྨ་ཡུལ་རྩྭ་ཐང་ནས་ཐོས་སྐད
ངའི་མ་ཡུམ་ཏེ  ཁྱེད་ཀྱི་བུ་མོས
ཉི་ཟླ་སྐར་གསུམ་གྱེས་མ་ཐག་པའི་མཚན་མོ་ཞིག་ལ
གཏམ་བརྒྱུད་དེའི་མཇུག་བསྡུས་ཚར་བ་རེད
ཁྱེད་ཀྱིས་ང་ལ
མ་ཡུམ་གྱི་མིག་ཟུང་མཆི་མའི་ཁེངས་ནས་བུད་སོང་ཟེར
འོན་ཀྱང  ངས་མཐོང་བ་ནི
ཁོ་མོ་སྟོན་མཇུག་གི་ལམ་ཕྲན་ཞིག་ནས
དྲོད་འཇམ་གྱི་དཔྱིད་རླུང་བསུ་བཞིན་དོང་སོང
དེ་ནས་བཟུང  མ་ཡུམ་ལ་ནམ་ཡང་ཕྱིར་ཐོན་མེད་པས
ངས་ཁྱེད་ཀྱི་དངུལ་མདོག་གི་སྐྲ་ལོ་ཇེ་མང་དུ་འགྲོ་བཞིན་པ་མཐོང་རྗེས
ཉིན་མཚན་གྱིས་སྐྱོམ་པའི་དུས་ཚོད་ཀྱི་གཙང་ངོགས་སུ
དམར་ཆུང་གི་སེམས་པའི་འཕར་ལྡིང་སྔར་ལས་མགྱོགས་ལ
མ་ཡུམ་འགྲོ་ཁའི་རེ་བའི་ཕྱིར་མིག་དེ་ནམ་ཡང་བརྗེད་ཐབས་བྲལ

རང་ཉིད་དང་མ་ཡུམ 
ད་དུང་གཉེན་ཉེ་གཞན་དག་གི་ཚབ་ཏུ
ཁྱེད་ལ་དྲིན་ལན་དེ་གཞལ་ཆེད
ཁྱེད་ཀྱིས་ཁོ་མོར་བསྐྱུར་བའི་འོད་སྣང་གི་ཀུ་ཤུ་དེ
ངས་སྤོབས་པ་ཆེན་པོས་བཏོགས་ཤིང
མདུན་ལྗོངས་རབ་རིབ་ཅིག་ལ་བསྙེགས་དགོས་སོང
མཐའ་མེད་པའི་མི་ཚེའི་རླབས་ངོགས་སུ
ཁེར་རྐྱང་གི་ཀོ་གྲུར་གོ་འཛོལ་གྱི་འཇིགས་སྣང་མོད་ཀྱང
ཁྱེད་ཀྱི་སྐྲ་དཀར་དང་མ་ཡུམ་གྱི་ཕྱིར་མིག་དྲན་ཚེ
ངས་ཕྱིར་མི་ལྡོག་པའི་ཨམ་གཙིགས་ཡང་ཡང་བསྡམས
གལ་ཏེ  ཁོ་མོའི་སྤོབས་སེམས་ལ་བར་ཆད་བྱུང་ཚེ
ཁུ་སིམ་པའི་མ་ཡུམ་གྱིས་ངའི་གཅེས་མིང་ནས་ཐེངས་རེ་མི་འབོད་དམ

ཞེན་ཆགས་དང་བསླུ་བྲིད་ཀྱི་བར་ནས
ངས་རང་ཉིད་ཀྱི་གོམ་ཁ་བརྟན་པོར་སྤོ་དུས
མ་ཡུམ་གྱི་ཕྱག་བར་ནས་ཞུད་སོང་བའི
སྙིང་ལ་གཅེས་པའི་མེ་ལོང་ཆ་གཅིག་དྲན་སྲིད་ཨང
ཁོར་བའི་བགྲོད་རིམ་ཞིག་ལ་བསྒུགས་ནས་ཡུན་རིང་འགོར་མོད
ཁྱེད་ཀྱི་བུ་ལོས་ང་ལ་རྒྱབ་རྟེན་ལྟ་བུའི་སེམས་གསོ་བྱས་པས
བསྙེག་དགོས་པའི་ཁ་ཕྱོགས་དེ་བོར་མ་སོང

གནས་ངེས་མེད་ཀྱི་འགྲུལ་བཞུད་ལ་གོམས་རྗེས
ཨ་མའི་བྱམས་སེམས་མོད་པས་སོང་ས་སྡོད་ས་དག་ཏུ
ངའི་ཚེ་སྲོག་ལ་དྲོད་སྐྱིད་ཀྱི་དབྱར་གཞུང་ལྡན་པས
འདི་ནི་ཁོ་མོའི་འཚོ་བ་མ་ཡིན་ནམ
ད་ལོའི་དཔྱིད་ཀའི་རླུང་བུ་དེས
ངེད་ཚང་གི་སྒེའུ་ཡོལ་དལ་གྱིས་ཕྱེས་ཚེ
ངས་དག་ཞིང་གི་མེ་ཏོག་ཚོའི་མཛེས་སྡུག་ཚོར་ལ
ལྷ་དང་ལྷ་མོས་ཁྱེད་ཉིད་རྒྱང་རིང་ལ་ཁྲིད་པ་མཐོང་ཚེ
དྭངས་གཙང་གི་མཆི་མ་ལས་སླར་འཕྲད་ཀྱི་སྨོན་པ་ཐོར

ཁྱེད་རང་སྒྲོན་མེ་ལྟར་ཟིམ་པའི་སྐད་ཅིག་མར
ཅི་ཞིག་བཤད་འདོད་པའི་མིག་ཟུང་ལས
ངའི་ཆེད་དུ་བཞུར་བའི་མཆི་མ་དེ་དག
ངའི་མི་ཚེ་འདིར་ལྷག་པའི་བྱམས་སེམས་ཏེ
ནམ་ཡང་ཁྱོར་བར་ཉར་བའི་རིན་ཐང་ཡིན་པས
གལ་ཏེ་ཁོ་མོར་སངས་རྒྱས་དང་མཇལ་བའི་ལས་སྨོན་དག་ཚེ
ལྷད་མེད་པའི་མིག་ཆུའི་ཐིགས་པ་དེ་དག
ཁོང་ལ་ཆ་ཚང་བར་འབུལ་བའི་ཞེ་འདུན་དྲག

              (མེ་རིས་བསྒྱུར)
 
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།