གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཧོང་གི་སྐད་ནས་བསྒྱུར་བའི་བརྩམས་སྒྲུང་། གསེར་མདོག་གི་ཡུལ་ལྗོངས།

2012-06-12 13:59:00 རྡ་རྫ་ཡུས.འོ་ས་མུ། ཀློག་གྲངས། མཆན ཡོད།

  བྱིས་དུས་སུ་ང་རང་དེ་འདྲའི་མི་ཡ་རབས་ཀུན་མཐུན་ཞིག་མིན་ཏེ་ནམ་རྒྱུན་ཁྱིམ་གཡོག་མར་བརྙས་བཅོས་བྱས་མྱོང་ལ།   ང་རང་ཀླ་ཀློའི་རིགས་ལ་མི་དགའ་བའི་སྟབས་ཀྱིས་གླེན་ལྐུགས་ཚ་བོའི་ཁྱིམ་གཡོག་མར་ལྷག་དུ་བརྙས་བཅོས་བྱས་པ་ཡིན།  ཨོ་ཁེ་ཞེས་པའི་ངེད་ཚང་གི་ཁྱིམ་གཡོག་མ་དེ་ནི་མི་གླེན་པ་གླེན་ནག་ཅིག་རེད།  སིལ་ཏོག་ཀུ་ཤུའི་ཤུན་པགས་ཕྱི་རུ་བཅུག་ནའང་ཐེངས་གཅིག་གཉིས་ཙམ་མིན་པར་ཕྱོགས་གཞན་ཞིག་ལ་བསམ་བློ་འཁོར་ནས་འདུག་པས་སྐབས་ཐོག་དེར་ངས་ནི་ཝེ་ཞེས་སྐད་མགོ་ཅུང་རྩུབ་མོའི་ངང་ནས་ལས་ཀ་ལས་སུ་བཅུག་ན་མ་གཏོགས།  ག་དུས་ཡིན་ཡང་ཁོ་མོའི་ལག་གཡས་པར་གྲི་ཆུང་དང་ལག་གཡོན་པར་ཀུ་ཤུ་བཟུང་ནས་ཕྱོགས་གཞན་ཞིག་ལ་ཧེད་དེ་འདུག  ངའི་སེམས་ལ་བསམ་བློ་བཏང་ནས་ཚར་རྒྱུ་ཞིག་མེད་དམ་སྙམ་བྱུང་།  ཐབ་ཚང་དུའང་ལས་ཀ་ཅི་ཡང་མི་ལས་པར་དལ་ལྷོད་ངང་འདུག་པའི་ཚུགས་ཀ་དེ་ནི་ནམ་རྒྱུན་ངའི་མིག་ལམ་དུ་མངོན་ཡོང་པས།   བྱིས་བློ་ལའང་མ་རན་པར་ང་རང་སེམས་གཏིང་ནས་ཁོང་ཁྲོ་ལངས་ཏེ།ཝ་ཡེ།.....ཨོ་ཁེ།  ཉིན་གཅིག་གི་དུས་ཚོད་ཐུང་དྲགས་པ་མི་ཤེས་སམ་ཞེས་ད་ལྟ་ཡིད་ལ་དྲན་ཡོང་ནའང་སེམས་པ་འཁྱག་ཤུར་ཤུར་འགྱུར་སྲིད་པའི་ཚིག་རྩུབ་སྣ་ཚོགས་མི་ཆེན་གྱི་བཟོ་ལྟ་བསྟན་ནས་བཤད་པའི་ཁར།   ད་དུང་དེས་ཀྱང་མ་ཚིམ་པ་ལྟར་དུ་རེབ་ཐེངས་ཞིག་ལ་ཨོ་ཁེ་ལགས་ངའི་མདུན་སར་བོས་ཡོང་ཏེ་ང་རང་གི་རི་མོའི་དཔེ་དེབ་ལས་སྐྱ་མི་དང་།  དར་ཆ་འཕྱར་བ།  མེ་མདའ་འཛིན་པའི་དམག་མི་བརྒྱ་ཡར་མར་ཞིག་སྐྱ་འཐབ་པར་ཡོད་པ་ཚང་མ་རང་རང་གི་ལུས་ཀྱི་ཆ་ལུགས་ལྟར་ཁེ་གྲིས་གཏུབ་ཏུ་བཅུག་ནས།  ཉི་ཤར་ནས་ཉི་ནུབ་བར་གླེན་ལྐུགས་ཚ་བོའི་ཨོ་ཁེ་ལ་ཉིན་གུང་གི་ཟ་མའང་ཟ་རུ་མ་བཅུག་མོད།   མཇུག་མཐར་མི་སུམ་ཅུ་ལྷག་ཙམ་དྲས་ཚར་བ་དེའང་དམག་དཔོན་གྱི་གདོང་གི་སྨྲ་ར་ཕྱེད་ཙམ་བཞར་དུ་བཅུག་པ་དང་།   མེ་མདའ་བཟུང་བའི་དམག་མི་དག་གི་ལག་པ་ནི་ཆེ་ཞིང་འཇིགས་སུ་རུང་པའི་དོམ་གྱི་ལག་པ་ལྟར་གཅིག་རེ་གཅིག་རེ་བྱས་ཏེ་བཙན་ཤེད་ཀྱིས་གཏུབ་ཏུ་བཅུག་ནས་སྐད་ལོག་བརྒྱབ་པ་ཡིན།   སྐབས་དེ་ནི་ཚ་བ་ཧ་ཅང་ཆེ་པའི་དབྱར་གཞུང་ཞིག་ཡིན་ལ།   ཨོ་ཁེ་ནི་ལུས་ནས་རྔུལ་ཆུ་འབྱུང་སླ་བའི་མི་ཞིག་ཡིན་པས།  གཏུབ་ཚར་བའི་དམག་མི་ཚང་མ་ཨོ་ཁེ་ཡི་ལག་ནང་གི་རྔུལ་ཆུས་བངས་པར་བྱས་སོང་།  ང་རང་དེ་ལ་ཚུགས་པ་གཏིང་ནས་ཟས་ཏེ་ཁོ་མོར་རྡོག་ཐོ་ནམ་ལངས་བ་འདྲ་བ་ཞིག་གཞུས་པ་ཡིན།  དོན་དངོས་སུ་རྡོག་ཐོ་དེ་ཁོ་མོའི་ཕྲག་པར་གཞུས་བསམ་མོད།   མ་བསམ་ས་ནས་འགྲམ་པ་གཡོན་པར་ཕོག་སོང་པས་ཆོམ་སྒྲ་དང་བཅས་ཐང་ལ་འགྱེལ་ནས་ངུད་མོ་བྱས་སོང་།  ཐ་ན་དྲིན་ཆེན་གྱི་ཕ་མས་ཀྱང་རྐང་པས་གཞུས་མ་མྱོང་པ་ལ།  འདི་ཚེ་གང་པོར་བརྗེད་མི་སྲིད་ཅེས་ངུ་དངངས་བྱེད་ཞོར་ཧ་ཅང་མི་བཟོད་པའི་རྣམ་འགྱུར་གྱིས་བརྗོད་སོང་པས་དེ་ལ་ང་རང་སུན་སྣང་ཡན་གར་བ་ཞིག་སྐྱེས་སོང་།  དེ་ལས་གཞན་དུ་ཡང་ངས་ཨོ་ཁེ་ལ་འདི་ནི་ཕལ་ཆེར་ལས་དབང་གི་བཀོད་སྒྲིག་ཨེ་ཡིན་ནམ་སྙམ་པའི་བརྙས་བཅོས་གང་མང་བྱས་མྱོང་ལ།   ད་ལྟ་ཡིན་ནའང་དེ་ལྟར་ཡིན་ངེས་མོད།  ང་རང་ངོ་མི་ཤེས་པའི་མི་ཞིག་ཡིན་ན་ནི་དོན་དེ་ལ་གཏན་ནས་བཟོད་སྒོམ་བྱེད་མི་སྲིད་པ་ནི་ཐག་གིས་ཆོད།
   ལོ་འགའི་སྔོན་ལ་ང་རང་ཡུལ་ནས་ཐོན་ཏེ་ཞག་མ་གཅིག་གི་གནས་ཚང་ཙམ་ཡང་མ་རྙེད་པའི་ཁར།  གཏད་སོ་ཅི་ཡང་མེད་པར་ཕྱོགས་ངེས་མེད་དུ་འཁྱམ་ནས་ག་ས་གང་དུ་སློང་མོ་བྱས་ཤིང་།    འགྲོ་ཐུབ་འདུག་ཐུབ་ཀྱི་ཉིན་མཚན་བསྐྱལ་ནས་རྩོམ་ཡིག་ཐན་ཐུན་རེ་བྲིས་ཏེ།  རང་མགོ་འཁྱོངས་སོང་སྙམ་པའི་དུས་ལ་ནད་གཞི་ལྕི་མོ་དེ་བྱུང་བ་རེད།   མི་གང་མང་ཞིག་གི་ལྷག་བསམ་འོག་དབྱར་ཁའི་དུས་ཚིགས་ཤིག་ལ།   ཆིས་བྷ་རྫོང་ཧྥུ་ན་བྷ་ཞིས་གྲོང་ཚོའི་(千葉県船橋町འཇར་པན་ཤར་ཕྱོགས་ཀྱི་གྲོང་བརྡལ་ཞིག)རྒྱ་མཚོ་དང་ཁ་ཐག་ཧ་ཅང་ཉེ་པའི་ས་ནས་ཁང་ཆུང་ཞིག་གཡར་ཏེ་ཁེར་རྐྱང་གི་འཚོ་བ་རོལ་བཞིན་ལུས་ཕུང་གསོ་ཐུབ་པ་ཙམ་བྱུང་མོད།  དགོང་མོ་རེ་རེར་ཉལ་གོས་ནང་རྔུལ་ཆུ་དང་ལྷན་དུ་མཚན་བསྐྱལ་དགོས་འདུག   དེ་ཡིན་ནའང་བྱ་བའི་ཕྱོགས་ལ་(རྩོམ་པ་པོ་ཁོང་གི་ལས་ཀ་ནི་བརྩམས་སྒྲུང་འབྲི་བ།)ཤུགས་མ་རྒྱབ་ན་གཏན་ནས་མི་ཆོག་པས།   ཉིན་གང་བོར་ཟས་སུ་འོ་མ་ཕོར་བ་གང་ཙམ་བརྟེན་ནས་ཡོང་བར་ད་དུང་སྤྲོ་སྐྱིད་ཀྱི་ཚོར་བའི་ཕྱུག་ལ།   འཁྱམ་རྭའི་གྲུ་ཟུར་དུ་ལྕང་མའི་མེ་ཏོག་བཞད་ཡོད་པ་དེ་ནི་ཆེམ་ཆེམ་འབར་བཞིན་པའི་མེ་ཕུང་ཞིག་ལ་འཁྲུལ་ནས་མགོ་བོ་གཟེར་ཞིང་ལུས་ཧྲིལ་བོ་ངལ་དུབ་ཀྱིས་ཡོངས་སུ་མནར་ཡོང་།
    སྐབས་དེ་ཙམ་ཞིག་ལ།  ཁྱིམ་ཐོར་ཞིབ་བཤེར་བྱེད་པའི་བདེ་སྲུང་བ་ལོ་བཞི་བཅུར་ཉེ་བ།   ལུས་རིད་ཅིང་གཟུགས་ཐུང་བ་ཞིག་སྒོ་ཁར་ལངས་ཏེ་རྩིས་ཐོ་ལས་ངའི་མིང་དང་།   དེ་ནས་ཁ་སྤུས་ཁེབས་པའི་ངའི་གདོང་ལ་ཞིབ་ལྟ་ཞིག་བྱས་རྗེས།
     ཨ་.....ཁྱོད་..........ཁྱོད་སྐུ་སྲས་ལགས་མ་ཡིན་ནམ།ཞེས་ཕ་ཡུལ་ཕྱོགས་གྱི་ཡུལ་སྐད་ཀྱི་ཆ་ཤུགས་ཆེ་པའི་སྐད་ཀྱིས་དྲིས་པས།  ངས་ནི་ཡིན་ཡ།  ཞེས་སྤོབས་པ་ཞིག་བསྐྱེད་ནས་ལན་བཏབ་ཅིང་།    དེ་ན་ཁྱོད་སུ་ཡིན།    བདེ་སྲུང་བའི་སྐམ་ཞིང་རིད་པའི་གདོང་ལ་དགའ་སྐྱོ་འདྲེས་མའི་ཉམས་ཞིག་མངོན་ནས་ཨིན།.....ངོ་མ་དེ་ལྟར་ཡིན་ཐལ།     ད་ནི་ཁྱེད་ཀྱིས་བརྗེད་སོང་ནའང་ཐེངས་མོད།    ང་རང་ལོ་ངོ་ཉི་ཤུ་ཙམ་གྱི་སྔོན་ལ་ K རུ་ཤིང་རྟ་འཁོར་ལོའི་ཚོང་ཁང་ཞིག་གཉེར་ནས་བསྡད་མྱོང་།    K ཞེས་པ་དེ་ནི་ང་རང་སྐྱེས་སའི་སྡེ་བའི་མིང་ཡིན།     ཞེས་བཤད་པས།
  ཁྱོད་ཀྱིས་མཐོང་བ་ལྟར་......ང་ཡང་ད་ལྟ་དབུལ་བོ་ཡིན།     ཞེས་ང་རང་དགོད་ཙམ་ཡང་མ་བྱས་པར་ལན་བཏབས་པ་ཡིན།
  སྐྱོན་མི་འདུག......བདེ་སྲུང་བ་ད་དུང་སྤྲོ་བའི་ངང་དགོད་ཞོར་དུ་སྒྲུང་གཏམ་འབྲི་བཞིན་ཡོད་ན།    དེ་ནི་དོན་དངོས་ཀྱི་རྒྱལ་ཁ་ཞིག་རེད།   ཅེས་བཤད་སོང་བས་ང་རང་དེ་ལ་དགོད་ཁུལ་ཙམ་བྱས་ནས་བསྡད་པ་ཡིན།
  ད་.......བདེ་སྲུང་བས་སྐད་མགོ་ཅུང་དམའ་རུ་ཕྱིན་ནས་ཨོ་ཁེ་ཡིས་ནམ་རྒྱུན་ཁྱོད་རང་ཁོ་ན་གླེང་གིན་འདུག
  ཨོ་ཁེ།  ཞེས་པ་དེ་གློ་བུར་དུ་དྲན་འཛིན་གྱི་ཡོལ་བའི་ངོས་སུ་ཅི་ཡང་ཤར་མ་བྱུང་བས།  ངའི་ཁ་ནས་ཨོ་ཁེ་ཞེས་དབང་མེད་དུ་ཐལ་བྱུང་།    ཨོ་ཁེ་ཡ།    བརྗེད་སོང་ངམ།   དེ་སྔོན་གཞིས་ཀ་རུ་ཁྱིམ་གཡོག་མ་བྱས་མྱོང་།
  ཨ....དེ་ལྟར་བཤད་མ་ཐག་རིམ་གྱིས་ཡིད་ལ་འཁོར་བྱུང་པས།   ང་རང་སྒོ་འགྲམ་གྱི་ཐེམ་ཆ་ལ་པུས་བཙུགས་ནས་མགོ་བོ་དུད་པར་གྱུར་སོང་།   མི་ལོ་ཉི་ཤུའི་ཡར་སྔོན་ལ་ཁྱིམ་གཡོག་མ་ཉམས་ཆུང་ཞིག་ལ་བརྙས་བཅོས་བྱས་པའི་བྱ་ངན་དག་གཅིག་རེ་གཅིག་རེ་བྱས་ཏེ་དྲན་པའི་མེ་ལོང་ངོས་སུ་དལ་གྱིས་ཤར་བྱུང་བས།    སེམས་ལ་བཟོད་མི་ཐུབ་པའི་ནོངས་འགྱོད་ཀྱི་ན་ཟུག་ཅིག་གིས་ཡོངས་སུ་མནར་སོང་།
  བདེ་མོ་ཡིན་ནམ།
  གློ་བུར་དུ་མགོ་བོ་ཡར་དགྱེ་ནས་རྒྱུན་ལྡན་མ་ཡིན་པའི་དྲི་བ་ཞིག་ངག་ནས་ཐལ་བྱུང་བས།  ངའི་ངོ་གདོང་ལ་ཉེས་ཅན་ཞིག་ཞུ་གཏུགས་བྱས་ཏེ་གཉའ་སྒུར་སྒུར་བྱེད་པའི་ངུ་དགོད་འཆོར་བའི་ཚུགས་ཀ་ཞིག་མངོན་ཡོད་པ་ད་ལྟའང་ད་དུང་སེམས་ལ་ཡང་ཡང་དྲན་ཡོང་།
  ཨིན།...ཧི་ཧི....ད་ལྟ་ཐབས་ཆགས་ཐབས་ཆགས་ཞིག་བྱས་ནས་བསྡད་ཡོད།   ཞེས་སྣང་བ་སྐྱིད་ཅིང་སེམས་ཁུར་ཙམ་ཡང་མེད་པར་བཤད་བྱུང་།   བདེ་སྲུང་པས་ལག་རས་ཀྱིས་དཔྲལ་བའི་རྔུལ་ཆུ་ཕྱིས་ཞོར་འདི་ལྟར་བྱས་ན་ཅི་འདྲ་རེད།   ཐེངས་རྗེས་མར་ཨོ་ཁེ་ཁྲིད་ནས་ཁྱེད་ལ་དལ་ལྷོད་ངང་བཀའ་དྲིན་གྱི་ཚིག་འགའ་ཞུས་ན...........སྐད་ཆ་དེ་གོ་མ་ཐག་ང་རང་ཧད་སེ་བཏང་སོང་།
  མིན། ... མིན།   ད་....དེ་ལ ....  ཞེས་ངས་ཨུ་ཚུགས་མཐར་བསྐྱལ་བྱས་ཏེ་བཤད་མི་ཐུབ་པའི་ངོ་ཚ་ཞིག་གིས་ཁ་ཕར་འཁོར་ནས་བསྡད་པ་ཡིན།
ཡིན་ནའང་།  བདེ་སྲུང་བ་ནི་ངོ་མའི་མི་སྐྱིད་པོ་ཞིག་རེད།    བྱིས་པ་ཨང་།  འདིའི་རླངས་འཁོར་ས་ཚུགས་འདི་རུ་བྱ་བ་གཉེར་གིན་ཡོད་པ་དེ་བུ་ཆེ་བ་ཡིན།  དེ་ནས་བུ་ཆུང་བ།   ད་དུང་བུ་མོ་ཞིག   ཡང་བུ་མོ་ཞིག   ཐ་ཆུང་ནི་ལོ་བརྒྱད་ཡིན་ལ་ད་ལོ་སློབ་ཆུང་ལ་བསྐྱལ་ཡོད་པས།   ད་སེམས་བདེ་ནས་བསྡད་ཡོད།   ཨོ་ཁེས་ཀྱང་རྒྱུན་དུ་སྡུག་ཐོངས་ཐུབ།  ད་ཅི་ལྟར་བཤད་དགོས་སམ།  འདིའི་....གཞིས་ཀའི་བདག་པོ་དག་ལས་གུས་ལུགས་བསླབ་ནས་ཡོང་པའི་མི་འདི་ཚོ.....ངོ་མས་གཞན་དང་མི་འདྲ་བ་ཞིག་རེད།      ངོ་མདངས་ཅུང་དམར་བོར་གྱུར་ནས་མུ་མཐུད་དུ་ངོ་མས་བཀའ་དྲིན་ཆེ།    ཨོ་ཁེ་ཡིས་ཁྱོད་ཀྱི་སྐོར་དག་དག་གླེང་ནས་འདུག    ཐེངས་འདིའི་ངལ་གསོ་ལ་མཉམ་དུ་ཐེངས་གཅིག་ཡོང་ཐག་ཆོད་ཡིན།    གློ་བུར་དུ་གཟབ་ནན་གྱིས་ད་....དེ་ན་དེ་ལྟར་བྱ།    ང་འགྲོ་རྒྱུ་ཡིན།     སྐུ་ལུས་ལ་བདག་སྐྱོང་བྱོས།  ཞེས་བཤད་ནས་བུད་སོང་།
     དེ་ནས་རིམ་གྱིས་ཉིན་གསུམ་འདས་སོང་།   ང་རང་བྱ་བར་བལྟས་ནའང་སྒོར་མོའི་ཕྱོགས་ལ་ཧ་ཅང་སུན་པས་ཁྱིམ་ཁོ་ནར་འཛུལ་ནས་འདུག་མ་འདོད་པར་སྨྱུག་མའི་དབྱུག་པ་ཞིག་ལག་རྟེན་བྱས་ཏེ་མཚོ་ཁར་འཆམ་འཆམ་ལ་འགྲོ་བསམ་ནས་འུར་སྒྲ་དང་བཅས་ཕྱི་སྒོ་ཕྱེས་པ་ན།    ཕྱི་རོལ་ན་དབྱར་ལྭ་སྲབ་བུ་གྱོན་པའི་ཕ་མ་གཉིས་དང་ནུབ་ལྭ་དམར་པོ་གྱོན་པའི་བུ་མོ་ཆུང་ཆུང་ཞིག་བཅས་མི་གསུམ་རི་མོ་བྲིས་པ་ནང་བཞིན་མཛེས་ཤིང་ལྟ་ན་སྡུག་པའི་ངང་སྒྲིག་ནས་ལངས་འདུག   དེ་ནི་ཨོ་ཁེ་ལགས་ཀྱི་བཟའ་མི་གང་བོ་རེད།   དུས་དེར་ངའི་ཁ་ནས་རང་ཉིད་ཀྱིས་ཀྱང་འདང་མི་དཔོག་པའི་འཇིགས་སུ་རུང་པའི་ཨུ་ཤུ་རིང་པོ་ཞིག་དབང་མེད་དུ་ཤོར་སོང་།
  ཕེབས་བྱུང་ངམ། ...དེ་རིང་...ང་ལ་...དོན་དག་ཅིག་ཡོད་པས་ངེས་པར་དུ་ཕྱི་ལ་འགྲོ་དགོས།   ཡིད་སྐྱོ་བ་ཞིག་ལ་...ང་ཚོ་ཐེངས་རྗེས་མར་ཐུག་རྒྱུ་བྱ།
  ཨོ་ཁེ་ནི།   སྐྱེས་གཟུགས་དར་ལ་བབས་པའི་བག་མ་ཞིག་ཏུ་གྱུར་འདུག་ལ།   ལོ་བརྒྱད་ཅན་གྱི་བུ་མོ་ཆུང་ཆུང་དེའི་བཞིན་རས་ནི་ཁྱིམ་གཡོག་བྱེད་དུས་ཀྱི་ཨོ་ཁེ་དང་ཤིན་དུ་འདྲ་བར་རབ་རིབ་ཀྱི་མིག་ཟུང་གིས་ང་ལ་ཅེར་འདུག  ངའི་སེམས་པ་སྡུག་པོ་བྱུང་ནས་ཨོ་ཁེ་ལགས་ཀྱིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པའི་སྒང་ལ་མཚོ་འགྲམ་ལ་བྲོས་པ་ཡིན།  ལག་གི་སྨྱུག་མ་དེས་མཚོ་འགྲམ་གྱི་རྩྭ་ལྡུམ་དག་གཡས་གཡོན་དུ་སློག་བཞིན་ཕྱིར་མིག་ཐེངས་གཅིག་ཀྱང་མ་བལྟས་པར་གོམས་པ་གང་རེ་གང་རེ་ཤུགས་ཀྱིས་སྤོ་བཞིན།   ཞོར་དུ་གྲོང་བརྡལ་གྱི་ཕྱོགས་སུ་དྲང་མོར་སོང་པ་ཡིན།   ངས་གྲོང་བརྡལ་དུ་ཅི་ཞིག་བྱེད་དམ།  དོན་སྙིང་ཅི་ཡང་མེད་པར་ལམ་འགྲམ་གྱི་བྱ་འགུལ་ཁང་གི་སྒོ་བྱང་དང་རས་འཚོང་ཁང་གི་སྒེའུ་ཁུང་དག་ལ་མིག་ཟུང་གཡེང་བཞིན།   རྐན་སྒྲ་བཏོགས་ནས་སོང་པ་ན།  སེམས་ཀྱི་ཟུར་ཞིག་ནས་ཕམ་སོང་།  ཕམ་སོང་།  ཞེས་པའི་སྒྲ་དམའ་མོ་ཞིག་རྣ་ལམ་དུ་ཡང་ཡང་འཁོར་ཡོང་།  དེ་ལྟ་བུ་ཞིག་ཡིན་མི་སྲིད་སྙམ་ནས་བཙན་གྱིས་ལུས་པོ་འཁྱར་འཁྱོར་ངང་སྐར་མ་སུམ་ཅུ་ཙམ་ལ་སོང་སོང་མཐར་གཞི་ནས་ཕྱིར་ཡུལ་ལ་ལོག་པའི་ལམ་དུ་ཞུགས་པ་ཡིན།
  མཚོ་འགྲམ་ལ་ཐོན་པ་ན།   ངའི་གོམས་པ་སྤོ་མཚམས་དབང་མེད་དུ་འཇོག་དགོས་བྱུང་།  ལྟོས་དང་།  མདུན་ཕྱོགས་ན་འཆར་ཡན་གྱི་ཕྱུག་ཅིང་ཞི་བདེའི་ཡུལ་ལྗོངས་ཞིག་མངོན་འདུག་པ་དེ་ནི་ཨོ་ཁེའི་བཟའ་མི་གསུམ་རེད།  ཁོང་ཚོས་ཧ་ཅང་བག་ཡངས་ཀྱིས་མཚོ་ནང་ལ་རྡོ་བ་འཕེན་བཞིན་སྤྲོ་སྐྱིད་ཀྱི་དགོད་སྒྲ་ནི་འདི་ནས་ཀྱང་ཐོས་ཐུབ།  བདེ་སྲུང་པས་རྡོ་བ་ཞིག་ཤུགས་ཀྱིས་འཕེན་བཞིན།
  ངོ་མ་རིག་རྒོད་ཀྱི་མི་བུ་ཞིག་མ་ཡིན་ནམ། མི་གན་ད་ལྟ་རླབས་ཆེན་གྱི་མི་ཞིག་ཏུ་འགྱུར་སྲིད་དམ།
  ཨོ་ཁེ་ལགས་ཀྱིས་ཡིད་ཆེས་ཀྱི་སྐད་གསང་མཐོན་པོའི་ངང་དེ་ཡིན་ནའང་།   དེ་ཡིན་ནའང་།   མི་བུ་གན་ནི་ཆུང་དུས་ནས་བཟུང་ཡ་རབས་སེམས་བཟང་ཞིག་ཡིན།  ལག་འོག་གི་མི་དག་ལ་བྱམས་པའི་སེམས་ཀྱིས་གཟིགས་མྱོང་།
  གཏམ་དེ་ཐོས་མ་ཐག་ང་རང་སེམས་གཏིང་ནས་ངུ་དགོས་བྱུང་ལ།   ཚོར་བ་སྐྱུར་པོ་ཞིག་མིག་ཆུ་དང་བསྡོངས་ནས་སེམས་པའི་གསེབ་ནས་ཡོངས་སུ་བརྡོལ་ཏེ་ས་རུ་བཞུར་སོང་།  ཕམ་ཐལ།  འདི་ནི་ཆེས་མཆོག་ཏུ་གྱུར་པའི་དོན་ཞིག་རེད་ཨང་།  གལ་སྲིད་དེ་ལྟ་མ་ཡིན་ཚེ་ང་རང་དོན་དངོས་སུ་མདུན་བསྐྱོད་བྱེད་ཐབས་དབེན་ལ།  ཁོང་ཚོའི་ཕུལ་བྱུང་གི་རྒྱལ་ཁས་ངའི་སང་ཉིན་གྱི་འགྲུལ་བཞུད་ལའང་ད་དུང་འོད་སྣང་སྦྱིན་སོང་།

                    ༼བྱ་གཞུང་ལྷ་རྒྱལ་འབུམ་གྱིས་ཉི་ཧོང་གི་སྐད་ནས་བསྒྱུར༽
                                                           2012.5.21
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།