གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ནི་གཤིས་ཀ་མཁྲེགས་པོ་ཅན་གྱི་བྱིས་པ་ཞིག་ཡིན།༡

2012-05-16 17:37:00 གོ་ཁྲིན། ཀློག་གྲངས། མཆན ཡོད།


ཡང་ན།
ང་ནི་ཨ་མས་རྒྱ་ཡན་ཏུ་བཏང་བའི་ལང་ཤོར་ཞིག
ངའི་རང་གཤིས་གྱོང་པོ།
ངའི་རེ་བར།
 དུས་ཚོད་སྐད་ཆ་རེ་རེ་ནི།
ཚོན་མདོག་རྣམ་པར་བཀྲ་བའི་སྒྲོན་འོད་དང་འདྲ་བར་ལྟ་ན་སྡུག།
ངའི་རེ་བར།
ཡ་ཆུང་དུ་གཅེས་པའི་ཤོག་དཀར་གྱི་སྟེང་།
ཁོབ་ཤིག་ཤིག་གི་རང་དབང་ཞེས་པའི་ཡིག་འབྲུ་དེ་གཉིས་འབྲི་ཐུབ་ན་བསམ།
ནམ་ཡང་མཆི་མ་མི་གཏོར་བའི་མིག་ཟུང་དེ་པར་ཐུབ་ན་འདོད།
མཁའ་དབྱིངས་ཤིག
མཁའ་དབྱིངས་དེ་ལ་དབང་བའི་བྱ་སྤུ་དང་སྡོང་ལོ།
ད་དུང་།  སྐྱ་མདོག་གི་མཚན་མོ་དེ་དང་ཀུ་ཤུ་དམར་བོ།
ངས་ནི་དྭངས་གཙང་དང་ལྷིང་འཇགས་ཀྱི་ཞོགས་པ་ཞིག་ཉུལ་ན་འདོད།
ཀུན་གྱི་མིག་ངོར་སྣང་ཞིང་འཛུམ་ཞལ་དང་འདྲ་བའི་ཟིལ་བ་དེ་ལྡག་ན་འདོད།
ན་གཞོན་ཕོ་མོ་ཟུང་གི་སྡུག་བསྔལ་བྲལ་བའི་བརྩེ་དུང་ཁྲོད་འཛུལ་ན་འདོད།
མོས་ནི་སྤྲིན་ནག་མཐོང་མ་མྱོང་།
མོའི་མིག་ཟུང་ནི་སྟོང་སིང་སིང་གི་ནམ་མཁའ་དང་འདྲ་བར་།
དུས་ནམ་ཡང་ཁོ་བོར་ཅེར་ནས་ཡོད།
ནམ་ཡང་ཅེར་ནས་ཡོད།
ཧོབ་སྟེ་ཁ་ཕྱིར་སྒྱུར་མི་སྲིད།
ངས་ནི་རྒྱང་རིང་གི་ཡུལ་ལྗོངས་ཤིག་མཐོང་ན་འདོད།
དྭངས་གསལ་གྱི་སྙོམས་ཐིག་དང་ཆུ་རླབས་ཤིག་འབྲི་ན་འདོད།
སྤྲོ་དགས་རབ་ཏུ་བཞུར་བའི་མཚེའུ་ཞིག་འཐུང་ན་འདོད།
ངས་ནི་ད་དུང་དེའུ་འབུར་ཞིག་འབྲི་ན་འདོད།
དེའི་སྟེང་དུ་རྩ་བ་སུག་ཅིང་རྩེ་མོ་སྨིན་པའི་བལ་ཏོག་ཅིག་ཐོགས་ཤིང་།
དེ་གཉིས་ཆུ་དང་འོ་མ་བཞིན་འདྲེས་སུ་བཅུག་སྟེ།
དགའ་མགུ་ཡི་རང་སྤྱོད་སའི་བུམ་ནང་དུ་ལྷུང་ལྷུང་ཏུ་བབབ་པས་དགའ།
ཡ་ཆུང་དུ་ལྡང་བའི་སེམས་འདུན་རེ་རེ་དང་།
ལྷིང་འཇགས་ཀྱི་དཔྱིད་ཀ་འདིའི་སྐྲག་འདར་མཐའ་དག
མེ་ཏོག་ཆུང་ཆུང་ཞིག་གི་སྐྱེས་སྐར་ཡིན་ན་ཅི་མ་རུང།
 
 
ངས་ད་དུང་མ་འོངས་པ་འབྲི་ན་འདོད།
ངས་ནི་མོ་མཐོང་མ་མྱོང་།   མཐོང་ཡང་མི་སྲིད་མོད།
འོན་ཏེ།   ངས་བསམ་པར།   མོ་ནི་རྗེ་བཙུན་སྒྲོལ་མ་དང་སེང་ལྕམ་འབྲུག་འདྲ་བར་ལྟ་བུའི་མཆོག་མི་ཤེས་པ་ཞིག་ཡིན་ངེས་ཏེ།
 
ངས་ནི་ཁོ་མོའི་སྟོན་དུས་ཀྱི་བསིལ་ལྭ་དེ་འབྲི་ན་འདོད།
མེ་ལྕེ་རབ་ཏུ་འབར་བའི་ཞག་སྒྲོན་དང་ཇ་ལོ།
མོ་ལ་དགའ་ཞིང་དུང་རྐྱེན།
རྨེག་མེད་དུ་གྱུར་བའི་ཚེ་སྲོག་ཆུང་ངུ་དག་ལ་བྱིལ་བྱིལ་བྱེད་ན་འདོད།
ངས་ནི་བཀྲ་ཤིས་པའི་གཉེན་སྟོན་གྱི་རྟེན་འབྲེལ་ཞིག་རིག་ན་འདོད།
སྐྱ་རེངས་དང་མཉམ་དུ་སད་པའི་དུས་ཆེན་དེ་དག་སྙུག་རྩེ་ནས་འབྲི་བཞེངས་བྱེད་ན་འདོད།
དེའི་སྟེང་དུ་ཤ་ཐུལ་གྱི་རི་བརྩིགས་ཤིང་ཇ་ཆང་གི་མཚོ་བསྐྱིལ་བ་དང་།
བྱང་སྣེའི་བྱིས་སྒྲུང་གི་བར་བཅུག་རི་མོ་ལྟ་བུའི་གསོན་ཉམས་ཤིག་ཐོབ་ན་འདོད།
 
ང་ནི་བྱིས་པ་ཨུ་ཚུགས་ཅན་ཞིག་ཡིན།
ངས་ནི་བཀྲ་མི་ཤིས་པ་ཐམས་ཅད་གཙང་ཕྱིས་བརྒྱག་ན་འདོད།
ངས་ནི་ཁོད་ཡངས་པའི་ས་ཆེན་གྱི་སྟེང་དུ།
དཀར་ཁུང་བྱེ་བ་ཁྲི་ཕྲག་ཅིག་བཀོད་པར་མོས།
མུན་ནག་ལ་གོམས་པའི་མིག་ཟུང་ཡོད་ཚད།
འོད་སྣང་གིས་ཚུར་འགུག་བྱེད་ནུས་ན་སྙམ།
ངས་ནི་རླུང་བུ་ཞིག་འབྲི་འདོད་དེ།
དེ་རུ་ཨ་སྔོན་དབྱིངས་རིམ་ལ་བསྙེག་ཆོག་པའི་རི་ཆེན་ཞིག་བརྩིགས་པར་སྤྲོ།
དེ་རུ་ད་དུང་ཤར་ཕྱོགས་མི་རིགས་ཀྱི་རེ་འདུན་མཐོན་པོ་དེ་བསླངས་ན་འདོད།
མ་ཟད།   རྒྱ་མཚོ་ཆེན་པོ་ཞིག་བྲི་ཆོག་སྟེ།
མུ་མཐའ་བྲལ་བའི་སྤྲོ་དགའི་རོལ་དབྱངས་ཤིག་ཀྱང་གཏོང་རིགས།
 
མཇུག་མཐར།   ངས་ཀྱང་ཤོག་དཀར་དེའིཟུར་ངོས་ལ།
རང་ཉིད་གཅིག་པུ་འཇོག་འདོད་ཅིང་།
དེའི་རྗེས་དོམ་ནག་ཅིག་བྲིས་ཏེ།
ཁོ་རང་ཚོས་གཞི་ནོག་པོའི་བེ་ཏོའུ་ལེས་ཡའི་(维多利亚)དབེན་གནས་སུ་བསྡད་ནས་ཡོད།
ཁ་ཁུ་སིམ་པའི་ཡལ་ཀའི་སྟེང་ཙོག་སྟེ།
ཧོན་འཐོར་བྱུང་།
ཁོ་ལ་ཁྱིམ་གཞི་མེད།  
རྒྱང་རིང་དུ་ལུས་པའི་སེམས་པ་ནི་ཁོའི་མིན།
ཁོ་ལ་ཡོད་པ་ནི།   སྐར་ཚོགས་ལྟ་བུའི།
ཁུ་ལྡན་འབྲས་བུ་དང་འདྲ་བའི་རྨི་ལམ་དང་།
སྒོར་ལ་ཆེ་བའི་མིག་ཟུང་དེ་ལགས།
ངའི་རེ་བར།
ངས་བསམ་ན།
རྐྱེན་ཅི་ཞིག་གིས་ལན་པ་མ་ཤེས་མོད།
ང་ལ་མདོག་སྣ་ཚོགས་ཅན་གྱི་ཚོན་སྨྱུག་དེ་དབང་ཐབས་མ་བྱུང་།
དེ་བས།   ཚོན་མདོག་རྣམ་པར་བཀྲ་བའི་དུས་ཚོད་སྐར་ཆ་རེ་རེའང་ལག་སོན་མ་བྱུང་།
ང་ལ་ཡོད་པ་ནི་རང་ཉིད་གཅིག་པུ་དང་།
མཛུབ་མོ་དང་ཁྲག་གནག་གིས་སྦགས་པའི་རྨ་ཁ།
རང་ལ་དབང་བ་ནི་ཐར་ཚལ་སྦར་ཚལ་དུ་དབྲལ་བའི།
སེམས་ཁོང་གི་ཤོག་དཀར་།
ངས་ཁོ་ཚོ་ཕྱེ་ལབ་འཚོལ་དུ་བཅུག་སྟེ།
དུས་ད་ལྟ་ནས་ཁོ་ཚོ་རྩ་མེད་དུ་བཏང་།
 
ང་ནི་བྱིས་པ་ཞིག་སྟེ།
ཨ་མས་རྒྱ་ཡན་དུ་བཏང་བའི་ལང་ཤོར་ཞིག་ལ་འཕྲུལ་བའི་བྱིས་པ་ཞིག
ངའི་རང་གཤིས་གྱོང་པོ།
                                        ༢༠༡༡ལོའི་སྤྱི་ཟླ༡༢པའི་ཚེས༡༥ཉིན།
       ༡   བསྒྱུར་རྩོམ་འདི་བདག་གིས་སློབ་སྦྱོང་གི་ཁ་གསབ་ཀྱི་ཕྱིར་དུ་བསྐངས་པ་ཞིག་ཡིན་པས་ནོར་ཆ་དང་དོན་མ་ཐོན་ས་ཡོད་ན་རྣམ་པ་ལྷན་རྒྱས་ནས་དགོངས་འཁྲོལ་ཡོད་པར།
        ༢   རྩོམ་འདིའི་མ་རྩོམ་གནང་མཁན་顾城ནི་༡༩༥༦ལོའི་སྟོན་དུས་ཤིག་ལ་པེ་ཅིང་ནས་སྐྱེས།  ༡༩༦༩ལོའི་༼རིག་གནས་གསར་བརྗེ་ཆེན་པོ༽འི་སྐབས་སུ་སློབ་གྲྭ་དང་ཁ་བྲལ་ཏེ་ཧྲན་ཏུང་ཞིང་ཆེན་གྱི་བྱང་བརྒྱུད་ཀྱི་ཞིང་སྡེ་ཞིག་ཏུ་ས་ཞིང་རྨོ་བ་དང་།   ཕག་གསོ་བའི་ལས་ཀ་བྱས།  ༡༩༧༤ལོར་ཕྱིར་པེ་ཅིང་དུ་ལོག་སྟེ།  མངར་ཟས་ལས་སྣོན་བྱེད་པ་དང་ཚོན་རྩི་གཏོང་བ།    ཤིང་བཟོ་བཅས་ཀྱི་ལས་བགྱིས།  ༡༩༨༠ལོའི་རྗེས་ནས་ལས་བསྒུག་བྱེད་ཞོར་ཆེད་དོན་གསར་རྩོམ་གྱི་ལས་སུ་ཞུགས།
       ༼ལྷ་མགོན་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།