གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གོར་མོའི་དབྱིབས་ཅན་གྱི་ཞིག་རོ།

2011-09-22 21:56:00 བྷོར་ཧི་སི། ཀློག་གྲངས། མཆན ཡོད།

                         ཕལ་ཆེར་ཁོས་ཁྱོད་རང་རྨི་ལམ་རྨིས་པ་མ་ཡིན་པར་སྣང་།
                                                           —༼མེ་ལོང་ནང་དུ༽①ལེའུ་དྲུག་པ།
  སུས་ཀྱང་ཁོ་རང་མཚན་མོ་དེ་དག་ལས་དུས་ནམ་ཞིག་གཙང་འགྲམ་སུ་བཅར་བ་དང་། སྨྱུག་གཟིངས་དེ་ཁྱད་མཚར་བའི་འདབ་རྫབ་ཁྲོད་དུ་བསྣུབས་པ་མཐོང་ཡུལ་དུ་མ་སྣང་། ཡིན་ནའང་ཉིན་འགའི་རྗེས་སུ། སྨྲ་བ་ཉུང་བའི་མི་དེ་ལྷོ་ཕྱོགས་ནས་ཡོང་བ་དང་། ཁོའིི་མེས་པོིའི་རྒྱལ་ཁབ་ནི་གཙང་པོའི་སྟོད་བརྒྱུད་ཀྱི་བགྲང་ལས་འདས་པའི་ཚོ་བ་ཁག་ལས་གཅིག་སྟེ་རི་ངོས་གཟར་བོ་དེའི་ཡང་སྟེང་དུ་ཡོད་པ་མི་ཤེས་མཁན་སུ་ཡང་མེད།  ཡུལ་དེའི་གནའ་བོའི་པར་སིག་སྐད་ལ་གྷི་རིག་སྐད་ཀྱིས་ཤན་བསླད་ཐེབས་མེད་ལ། རིམས་ནད་ཀྱང་ཡུལ་དེར་མཆེད་མི་འདུག  གདོང་པ་སྐྱ་མདོག་གི་མི་འདིས་འདམ་བག་ལ་མཆུ་ཡིས་སྦྱོར་བཞིན་གཡང་གཟར་དུ་འགོས་ཤིང་། རྩ་འཇག་གིས་ལུས་ཡོངས་ལ་ཟུག་རྔུ་བསླངས་པའི་ན་ཟུག་ལའང་སྣང་དོགས་སྤུ་ཙམ་ཡང་མི་བྱེད་པར་༼ཡང་ན་ཚོར་བ་མེད་ཀྱང་སྲིད༽མགོ་བོ་ཐར་ཐོར་དང་། ཁྲག་དམར་འཛར་འཛར་སྒོས་གོར་མོ་དབྱིབས་ཅན་གྱི་གནས་ཤིག་ཏུ་ལྷགས། ཡུལ་དེའི་ཐང་དཀྱིལ་དུ་ཀྲོང་ངེར་འགྱིང་བ་ནི་རྡོ་ལས་བྱས་པའི་རྟའམ་སེང་གེའི་འདྲ་གཟུགས་ཤིག་རེད། སྔོན་གྱི་དུས་ན་ཁ་དོག་དམར་སེར་དུ་ཡོད་ཀྱང་། སླད་མར་མེ་སྒྲའི་འཇིགས་པ་ཐེངས་ཤིག་གིས་འཇབ་རྒོལ་ཐེབས་པས་ཐལ་མདོག་ཏུ་མངོན། གོར་མོའི་དབྱིབས་ཅན་གྱི་གནས་དེ་ནི་འདབ་རྫབ་དང་ཚང་ཚིང་གི་ནགས་ཀློང་གིས་མནོལ་དུ་བཅུག་ཅིང་གནའ་བོའི་མེ་ཕྱགས་ཀྱིས་བསྲེག་ཧྲགས་ཐེབས་པའི་ལྷ་ཁང་གི་རྗེས་ཤུལ་ཡིན་ལ། ད་ནི་ས་དེར་གནས་པའི་ལྷ་ཚོགས་ལའང་དད་པ་བྱེད་མཁན་མི་གདའ། ཡུལ་གཞན་ནས་བརྟོལ་བའི་འཁྱམས་པོ་འདི་གནས་དེར་ཉལ་ཞིང་། མཐོ་རུ་ནུར་བའི་ཉི་མའི་འོད་སྣང་གིས་ཁོའི་དྲན་པ་སླར་གསོས།  ཁོར་དངངས་སྐྲག་དང་མཚར་སྣང་ཅི་ཡང་མེད་པར་ག་ལེར་རུབ་ཀྱིན་པའི་རང་ལུས་ཀྱི་རྨ་ཁར་ལྟ་བཞིན་ཐལ་མདོག་གི་མདངས་སུ་འཛིན་པའི་མིག་ཟུང་དལ་བུར་བཙུམས་ནས་གཉིད་དུ་ཡུར།  དེ་ནི་ལུས་པོས་མ་ལྕོགས་པ་སོགས་གང་ཡང་མིན་པར་ཁོའི་སེམས་ཀྱི་འདོད་འདུན་རང་རེད་འདུག    མི་འདིས་ལྷ་ཁང་རྙིང་བ་དེ་རང་ལ་ཆེས་མཁོ་གལ་བདོག་པའི་གནས་ཉིད་ཡིན་པ་རྟོགས་ལ། ད་དུང་ཚང་ཚིང་གི་ནགས་ཀློང་འདིས་གཙང་བོའི་འདབས་སྨད་དུ་གནས་པའི་ལྷ་ཁང་ཞིག་རོ་དེ་ལྔ་ལམ་དུ་བརྫངས་མེད་པ་དང་། ཡུལ་དེའི་ལྷ་ཚོགས་ཀྱང་སྔ་མ་ནང་བཞིན་དུར་འཇུག་བྱས་པའང་རྟོགས། གླགས་འདིར་ཁོས་རང་གི་ཕྲག་ཏུ་སྔས་པའི་འོས་འགན་གཅིག་པོ་ནི་རྨི་ལམ་རྨིས་རྒྱུ་དེ་ཡིན་པའང་རྟོགས་འདུག   ནམ་གུང་སླེབས་པ་ན། རྣ་བར་གཟན་པའི་བྱ་སྐད་ཅིག་གིས་ཁོ་རྨི་ལམ་གྱི་ཞིང་ནས་ཕྱིར་འཐེན་བྱས་སོང་། ས་ལ་ཕབ་པའི་རྐང་རྗེས་དང་། ཤིང་ཏོག་གི་འབྲུ་གུ  རྫ་བུམ་ཆུང་ཆུང་ཞིག་བཅས་མཐོང་བས་ཡུལ་འདིར་གནས་པའི་མི་དག་ཁོའི་རྨི་ལམ་གྱི་ཞིང་དུ་ལྐོག་ལྟ་དང་། ཁོའི་སྒྱུ་འཕྲུལ་ལ་དངངས་པའམ་མགོན་སྐྱབས་བགྱི་བར་རེ་འབོད་བྱེད་བཞིན་པའང་ཤེས།  འདི་དག་མཐོང་ནས་ཁོའི་ལུས་ཡོངས་ཞེད་སྣང་གི་སྨུག་པས་སྐད་ཅིག་བསྒྲིབས་སོང་ལ། རྟབ་རྟབ་པོར་རལ་ཞིག་ཁ་ཤོ་རུ་གྱུར་བའི་འགབ་དོང་ཞིག་ཏུ་ཡིབས་ནས། རང་ལུས་ཡོངས་རྫོགས་མིང་མི་ཐོགས་པའི་ལོ་འདབ་གང་མང་གིས་འགེབས་སྲུང་བྱེད་ཅི་ཐུབ་བྱས།
    ཁོ་བོའི་དམིགས་ཡུལ་གང་དེ་གསང་བ་ལྐོག་གྱུར་གྱི་གནས་ཤིག་ཡིན་རུང་། གནས་འདིར་གཤེགས་པས་དེ་ཉིད་ཁྱོན་ནས་ཡོངས་འགྲུབ་བྱེད་མི་སྲིད་པ་ཞིག་ཀྱང་མ་རེད། ཁོས་མི་ཞིག་རྨི་ལམ་དུ་རྨིས་དགོས། རྨི་ལམ་དུ་དེ་དང་འཕྲད་རྗེས། དེ་དང་འབྲེལ་བའི་གཏམ་རྒྱུད་དང་བརྒྱུད་རིམ་ཡོད་དོ་ཅོག་དངོས་ཡོད་འཇིག་རྟེན་དུ་ཁྲིད་ཡོང་རྒྱུ་དེ་ཡིན། སྒྱུ་འཕྲུལ་གྱི་བསམ་བྱ་འདིས་ཁོའི་སེམས་ཀྱི་བར་སྟོང་གང་མང་ཞིག་ཟད་གྲོན་དུ་བཏང་། གལ་ཏེ་མི་ཞིག་གིས་ཁྱོད་ཀྱི་མིང་ལ་ཅི་ཟེར་དང་། ཡང་ན་ཁྱོད་ཀྱིས་རང་ཉིད་ཀྱི་འདས་སོང་གི་འཚོ་བའི་སྐོར་ནས་ཁ་བརྡ་ཞིག་བྱོས་ཟེར་བ་ཡིན་ན། ཁོ་བོར་ཁ་ཐག་ཆོད་པའི་ལན་གསལ་བོ་ཞིག་འདེབས་རྒྱུ་ཡོད་མེད་ཀྱང་ཧ་ཅང་ཐེ་ཚོམ་དུ་རུང་བའི་གནས་ཤིག་ཏུ་འཁུམས། ཞིག་རལ་དུ་གྱུར་བའི་ལྷ་ཁང་རྙིང་བ་འདི་ནི་ཁོར་ཧ་ཅང་འཚམ་སྟེ། རྒྱུ་མཚན་གནས་འདི་ནི་མིག་གིས་མཐོང་ལམ་དུ་སྣང་ཞིང་ཆེས་ཆུང་བའི་འཇིག་རྟེན་ཞིག་ཡིན་པས། མཐའ་འཁོར་གྱི་བུད་ཤིང་འཐུ་མཁན་དག་ལ་མཚོན་ནའང་། ཆེས་མ་མཐར་དགོས་པའི་འཚོ་བའི་མཁོ་དངོས་དག་མི་འདིར་མཁོ་སྤྲོད་བགྱི་པར་འགན་དབང་ཕྲག་ཏུ་འཁུར་ཡོད་པས། ཁོ་ཚོས་སྦྱིན་པའི་བཟའ་འབྲས་དང་ཤིང་ཏོག་ལ་བརྟེན་ནས། ཁོས་རང་ཉིད་ཀྱི་ལས་འགན་འབའ་ཞིག་ཡོངས་འགྲུབ་བྱ་རྒྱུ་སྟེ། གཉིད་ཁུག་པ་དང་རྨི་ལམ་དུ་འཇུག་པའི་ལུས་རྟེན་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཡིན།
    དང་ཐོག་ཁོས་རྨིས་པའི་རྨི་ལམ་དག་ནི་སྣེ་མང་རྙོག་འཛིང་རེད་ལ། ཡིན་ནའང་རིམ་གྱིས་རྨིས་ཀྱིན་པའི་རྨི་ལམ་དག་རྩོད་སྒྲུབ་དང་མཐུན་པར་སྣང་།  ཡུལ་ལུང་གཞན་ནས་གཤེགས་པའི་མི་འདིས་རྨི་ལམ་ཁྲོད་རང་ཉིད་ནི་གོར་མོ་དབྱིབས་ཅན་གྱི་བང་རིམ་ལྡན་པའི་ཟློས་གར་གླིང་ཞིག་ཏུ་ཡོད་པ་དང་། ཡུལ་འདི་མེས་བསྲེག་གཏོར་བཏང་པའི་ལྷ་ཁང་ཞིག་དང་འདྲ་ལ། སྤྲིན་ཚོགས་ཀྱི་འདུ་འགོད་ལང་ལོང་དུ་འཁྲིགས་པ་དང་ཅི་ནས་མཚུངས་པའི་སློབ་མའི་ཚོགས་ནི་འཇམ་ཅག་གེར་གླིང་འདིའི་བམ་རིམ་ཡོངས་སུ་ཁེབས་འདུག   ཆེས་ཐག་རིང་བའི་ངོ་གདོང་དེ་དག་དུས་རབས་འགའི་ལོ་དང་ཟླ་བས་བར་ཐག་གི་ཆོད་ཅིང་གཅིག་རྗེས་གཅིག་གིས་མཐུད་ནས་གནམ་མཐའ་དང་འདྲེས་མོད་ཀྱང་། རྣམ་པ་དང་ངོ་གདོང་ནི་ལག་མཐིལ་དུ་སྐྱུ་རུ་ར་བླངས་པ་ཇི་བཞིན་དབྱེ་འབྱེད་གསལ་བོ་བྱེད་ཐུབ། ད་ནི་སློབ་ཁྲིད་ཀྱི་འགོ་བརྩམས་སོང་སྟེ་ཁོས་བུ་སློབ་རྣམས་ལ་ཞིབ་འགྲེལ་རིག་པ་དང་། འཇིག་རྟེན་རིག་པ། སྒྱུ་མ་མཁན་གྱི་འཕྲུལ་སོགས་ཁྲིད་ཅིང། རིགས་མི་འདྲ་བའི་ངོ་གདོང་དེ་དག་གིས་གཟབ་ནན་དང་བརྩེ་ཞེན་གྱིས་སློབ་ཁྲིད་གང་དེར་ཉན་བཞིན་བདོག  ཁོ་བ་ཚོའི་གདོང་ལ་སྦྱངས་བྱ་གང་ཞིག་འཕྲལ་མར་རྟོགས་འདོད་ཀྱི་འདུན་པ་ཤུགས་ཆེར་མངོན་ལ། ཕལ་ཆེར་དེ་དག་གིས་ཉམས་དཔྱད་ཀྱི་གལ་ཆེན་རང་བཞིན་རྟོགས་ཡོད་པ་འདྲ།
      མི་འདིས་ཆ་རྐྱེན་འདྲ་བ་དང་། གདོང་གི་བྱད་དབྱིབས་མཐུན་པའི་གདུལ་བྱ་དག་ལས་ཁྲིད་སྟོན་གྱི་དཔེ་རུ་མི་གཅིག་དམིགས་སུ་བདམས་ཏེ་ཁོ་རང་དངོས་ཡོད་འཇིག་རྟེན་གྱི་བཞུགས་ཁྲི་སྟེང་དུ་བཞག   དེ་ནས་བཟུང་རྨི་ལམ་རྨིས་པའི་དུས་ཡིན་ནའང་འདྲ་གཉིད་མི་ཁུག་པའི་དུས་ཡིན་ཡང་རུང་།  མི་འདིས་རང་དང་ཉེ་བར་བཅར་བའི་གྲིབ་གཟུགས་དག་གིས་ལན་བསློགས་པར་ཉམས་ཞིབ་བྱས་ནས་གཡོ་ཟོལ་ཅན་ཞིག་གི་སྒྱུ་མའི་དྲ་རྙི་དང་ཡོལ་བར་འབད་ཅི་ཐུབ་བྱས། ཁོའི་སེམས་སུ་དོགས་སློང་གི་ན་བུན་ཁྲོད་རྣམ་དཔྱོད་ཀྱི་ཡལ་འདབ་ཅིག་ག་ལེར་རྒྱས་བཞིན་འདུག་སྟེ།   རང་ཉིད་ཀྱི་རྣམ་ཀུན་འཚོལ་སྙེག་བྱ་རྒྱུ་ནི་འཇིག་རྟེན་འདིའི་རྣམ་ཤེས་ལ་འཁོར་ལོའི་དབང་གིས་བསྒྱུར་བའི་མཐུན་གྲོགས་ཤིག་བཙལ་རྒྱུ་དེ་ཡིན།
      ཉིན་དགུ་བའམ་བཅུ་བ་སླེབས་པའི་མཚན་མོ་དེར་ཁོས་གློ་བུར་དུ་དོན་འདི་འདྲ་ཞིག་སེམས་བྱུང་སྟེ། གཞན་དབང་སྒོས་སློབ་ཁྲིད་ལ་ཉན་པའི་བུ་སློབ་དེ་དག་ལ་རེ་ལྟོས་བཅོལ་བ་ལས། ལན་རེར་རྟགས་དང་རྒྱུ་མཚན་གང་རུང་རིགས་པའི་སྐུ་ལམ་དུ་བརྒྱུས་ནས་ཕྱི་རྒོལ་དང་གནས་ལུགས་འབའ་ཞིག་ལ་དུང་མཁན་ཚོར་རེ་བཅོལ་བགྱི་ན་འོས་པར་སྙམ་སྟེ།  རྒྱུ་མཚན་ནི་སྔ་མ་དག་ནི་སྙིང་ཉེ་བ་དང་བརྩེ་ཞེན་ཡོད་མཁན་ཏག་ཏག་ཡིན་ནའང་། དེ་དག་རྟོགས་པ་ཡར་འཕར་ཏེ་ནམ་ཞིག་སྒེར་གཤིས་མངའ་བའི་མི་བུ་རང་མཚན་པ་རུ་འགྱུར་ཁག་པོ་དང་། དེ་ལས་ལྡོག་སྟེ་རྗེས་མ་དག་ནི་སྔ་མ་ལས་ལྷན་སྐྱེས་ཀྱི་སྒེར་གཤིས་རང་སྟེང་དུ་འབུར་ཚིགས་སུ་འཐོན་འདུག་སྙམ།    ཕྱི་དྲོ་ཞིག་ལ་༼ད་ནི་སྐྱ་རེངས་གསལ་ལ་ཉེ་དུས་དུས་ཚོད་གཉིས་ལ་སད་པ་མ་གཏོགས་ཕྱི་དྲོར་ཡང་རྨི་ལམ་རྨིས༽ ཁོས་བརྗིད་རྔམས་ཀྱི་འགྱིང་བའི་སློབ་གྲྭ་འདིའི་སློབ་ཁྲིད་བྱེད་མཚམས་འཇོག་ཏུ་བཅུག་སྟེ་ཤུལ་དུ་སློབ་མ་གཅིག་མ་གཏོགས་སྡོད་དུ་མ་བཅུག  ཁོའི་གམ་གྱིས་བྱིས་པ་འདི་ནི་སྨྲ་བ་ཉུང་ཞིིང་། གདོང་ལ་ཡིད་མུག་པའི་རྣམ་འགྱུར་གྱི་ཡོངས་སུ་ཁེངས་པ། སྐབས་རེར་འུ་ཚིགས་ཀྱི་རང་གཤིས་ཤིན་ཏུ་གྱོང་། སྐམ་རིད་ཅན་གྱི་ན་གཞོན་འདིའི་བྱད་གཟུགས་དང་རྣམ་འགྱུར་ཡོད་ཚད་ནི་ཁོ་རྨི་ལམ་དུ་རྨིས་མཁན་དང་དཔར་རྐོང་གཅིག་ནས་འཐོན་པ་འདྲ། སློབ་གྲགས་ཚོ་གློ་བུར་ངང་གཏན་བྲལ་བྱུང་བ་དེས་གཞོན་ནུ་དེར་དོགས་པ་དང་དངངས་སྐྲག་བསླངས་མ་སོང་ལ། ཐེངས་འགར་ཁོ་གཅིག་པུར་སློབ་ཁྲིད་བྱས་རྗེས། སློབ་བུ་དེའི་འཕེལ་རྒྱས་ཀྱི་མྱུར་ཚད་དེས་དགེ་རྒན་ལའང་སྔར་མེད་ཀྱི་མཚར་སྣང་ཆེ་ཆེར་སྦྱིན།  ཡིན་ནའང་སྟབས་མ་ལེགས་པར་བཀྲ་མི་ཤིས་པའི་དོན་དག་ཅིག་འདི་ལྟར་བྱུང་སོང་། ཉིན་ཞིག་ལ།   མི་དེ་རྨི་ལམ་ནས་གློ་བུར་སད་རྗེས། རང་ཉིད་ནི་འཇམ་འབོལ་གྱི་བྱེས་མའི་ཐང་ཆེན་ནས་འཐོན་ཏེ། མིག་མདུན་དུ་ལྷགས་པའི་སྲོད་དུས་ཀྱི་མཚམས་སྤྲིན་ལ་ལྟ་བཞིན། དེ་ནི་འཆར་ཀའི་མཚམས་སྤྲིན་དང་དབྱེ་འབྱེད་བྱེད་མ་ཐུབ་པས། ཁོས་རང་ཉིད་ཀྱིས་རྨི་ལམ་རྨིས་ཀྱིན་པ་གཞི་ནས་ཚོར། དུས་དེ་ནས་བཟུང་ཉིན་མཚན་གང་བོར་གཉིད་ཁུག་ཏུ་མི་ཡོང་བའི་ཚོར་བ་སྟུག་པོ་དེས་ཁོ་བོའི་གཉའ་ནས་མནན། སྐབས་དེར་ཁོས་རང་ཉིད་ཚང་ཚིང་གི་ནགས་ཀློང་དུ་གོམ་བགྲོད་ཐེངས་ཤིག་བྱ་བའི་སེམས་ཐག་བཅད་ལ། འདི་ལྟར་བགྱི་ཚེ་རང་ཉིད་ཅུང་ཐང་ཆད་པར་ཡོང་སྙམ་མོད་ཀྱང་། ཡིན་ནའང་རྫུབས་གསེབ་ནས་ཁོས་རྨི་ལམ་ཐན་ཐུན་ཞིག་རྨིས་ལ། རང་ཉིད་ལ་ཐོབ་པ་ནི་འཕྲལ་མར་ཡལ་བའི་རབ་རིབ་ཀྱི་གྲི་གཟུགས་ཤིག་གི་རྗེས་ཤུལ་ཙམ་ལས་གཞན་ཅི་ཡང་མི་འདུག  སྐབས་འདིར་ཁོས་ཡང་བསྐྱར་སློབ་ཁྲིད་བྱེད་སྙམ་ལ། ངག་ནས་སྐད་ཆ་ཚིག་འགའ་མ་ཕྱུང་སྔོན་ལ། སློབ་གྲྭ་ནི་གཟུགས་འགྱུར་ཏེ་ཅི་ཡང་མིག་ལམ་དུ་སྣང་མ་སོང་། གཉིད་ཁུགས་རྒྱུ་མི་ཡོང་བའི་དུས་གླགས་འདིས་ཁོར་ཁོང་ཁྲོ་བསླངས་ཤིང་།  ཁོང་ཁྲོ་དེས་རྒས་མདོག་མངོན་པའི་མིག་ཟུང་ཡང་མིག་ཆུས་འབར་དུ་བཅུག
     བློས་གཞལ་བར་བྱ་བ་གང་ཡིན་རུང་། སྣེ་མང་རྙོག་འཛིང་ཅན་གྱི་རྨི་ལམ་རྨིས་རྒྱུ་འདི་སྟག་ཤ་ར་ཞིག་ལ་མཚོན་ན། ཆེས་བསྒྱུར་ཁག་པོའི་ལས་ཞིག་ཡིན་པ་ཁོ་བོས་གཞི་ནས་རྟོགས་ཡོད་དེ། རྒྱུ་མཚན་ནི་དོན་གང་དེ་བྱེ་མས་ཐ་གུ་བརྒྱུས་པ་དང་གཟུགས་འདས་རླུང་གིས་སྒོར་མོ་དཔར་བ་དག་ལས་ཀྱང་ཧ་ཅང་དཀའ།  ལས་དང་པོ་བར་མཚོན་ན་ཕམ་ཁ་ནི་གཡོལ་དུ་མེད་པས།  ཁོས་སེམས་ཐག་རྦད་ཆོད་སྒོས་དེ་སྔ་གཡོ་ཟོལ་ཞིག་གིས་ཁོ་རང་ལོག་ལམ་དུ་ཁྲིད་པའི་འཕྲུལ་རྟོགས་དེ་བརྗེད་དུ་བཅུག་ནས།  ཡང་བསྐྱར་ཧུར་ཐག་སྒོས་ལས་ཀ་གསར་བ་ཞིག་བསྒྲུབ་པར་སྟ་གོན་བྱས། ལས་འདི་དངོས་སུ་འགོ་མ་བརྩམ་ཡར་སྔོན་དུ། སྔར་གྱི་འཕྲུལ་སྣང་གིས་བཟས་པའི་ཁྱད་ནུས་དག་བསྐྱར་གསོན་བྱེད་སླད་ཁོ་རང་ཟླ་ངོ་གཅིག་ལ་ངལ་གསོས། རྨི་ལམ་དང་འབྲེལ་བའི་འཕྲུལ་སྣང་དག་སེམས་པའི་ཕྱི་རུ་དོར་བས།   ད་ནི་བློ་བདེ་མོའི་ངང་གཉིད་སྐྱིད་པོ་ཞིག་ཁུག་པའི་དུས་སྐབས་ནི་འཕྲལ་མར་སླེབས་འོངས། ངལ་གསོའི་ཉིན་འདི་དག་ལ་ཁོས་རྨི་ལམ་རྨིས་པ་ཤིན་ཏུ་ཉུང་ཞིང་རྨི་ལམ་གྱི་ཞིང་དུ་འཁྱམས་ཉུལ་བྱེད་པའང་མེད་པར་གྱུར། ལས་ཀ་གསར་བ་ཞིག་དང་ཡང་བསྐྱར་འཇུ་སླད།  རང་གི་ངལ་གསོའི་དུས་ཚོད་མྱུར་མོར་རྫོགས་པར་རེ་ལྟོས་ཆེ་ཆེར་བྱས། གུང་གསེང་གི་ཉིན་མོ་རྫོགས་རྗེས། ཁོས་ཕྱི་དྲོས་དུས་ཚོད་བེད་སྤྱད་ནས་ཆུ་རུ་གཟུགས་ཕུང་འཁྲུད་པ་དང་། དེ་ནས་དགུང་གི་ལྷ་ཚོགས་ལ་མཆོད་འབུལ་བྱས། གཉིད་མ་ཁུག་ཡར་སྔོན་དུའང་། རང་གི་སྐྱབས་གནས་ཀྱི་ལྷ་ཚོགས་གང་དེའི་མིང་ནས་གསལ་བོར་ཐེངས་ཤིག་བཟློས་རྗེས་གཉིད་དུ་ཡུར་འགྲོ   ཕལ་ཆེར་ཁོས་འཕྲལ་མར་རྨི་ལམ་འདྲ་རྨིས་སོང་སྟེ། སྙིང་གསོན་པོ་ཞིག་གིས་འཕར་ལྡིང་དང་བསྡོངས་ནས་རྨི་ལམ་རེ་རེའི་ལྗོངས་སུ་སྙེག་འགྲོ
        རྨི་ལམ་དུ་ལག་པའི་ཁུ་ཚུར་དང་ཆེ་ཆུང་ཆ་འདྲ་བ། དྲོད་ཀྱིས་བསྐྱིལ་ཞིང་དབེན་འཇགས་སུ་གནས་པ། ཁྲག་གི་འཕར་ཚད་ད་དུང་འགག་མེད་པའི་སེ་འབྲུ་རྡོག་པོ་ཞིག་མིའི་ཕུང་བོར་སྦས་ཤིང་། དེར་བྱད་བཞིན་མེད་ལ། ཕོ་མོའི་དབྱེ་བའང་མི་འདུག  
      བསྟུད་མར་མཚན་ཞག་བཅུ་བཞིའི་རིང་ལ། ཁོས་སེམས་ཆུང་སྒོས་ཐུགས་བརྩེ་བས་རྨི་ལམ་དུ་སྒོམ་ཞིང་། དེ་ནི་ཉིན་རེ་ནས་ཉིན་རེར་དྭངས་གསལ་དུ་གྱུར་ཞིང་། ཁོས་ལག་པས་རེག་མ་ཕོད་པར་མིག་གིས་འཚོས་ཤིང་ལན་རེར་མིག་མདངས་གིས་གསལ་འདེབས་བྱས། ཁོས་ད་དུང་གྲུ་དང་ཟུར་མི་འདྲ་བ་ནས་དེ་ལ་ལྟ་རྟོག་དང་གསོ་སྐྱོང་བྱས་ལ། ཆེས་མཐའ་མཇུག་གི་དགོང་མ་བཅུ་བཞི་བ་དེར། རང་གི་མཛུབ་མོས་དལ་བ་དལ་བུས་དེའི་འཕར་ལྡིང་གི་གོམ་ཚད་གཅིག་ཏུ་ངེས་པའི་ཁྲག་རྩར་རེག་ཅིང་། དེར་མཐུད་ནས་ཡང་ཆེས་ནང་རོལ་ནས་ཕྱི་རོལ་དུ་སྙིང་ཁམས་ཡོངས་ལ་ལག་པས་རེག  ཁོས་བརྟག་དཔྱད་ཀྱི་རེ་འབྲས་དེས་རང་ཡིད་ཚིམས་པར་བཟོས་ལ། དེ་ནས་བཟུང་ཁོས་བསམ་གཟས་ནས་རང་གི་རྨི་ལམ་རྨིས་མཚམས་ཤིག་བསྐྱུར་སོང་།  སླད་མར་སྙིང་གསོན་པོ་དེ་བསྐྱར་དུ་ལག་ལ་ཐོགས་ནས། རྒྱུ་སྐར་འགབ་མ་དེའི་མིང་ནས་བོས་པ་དང་། དེ་ནས་བཟུང་ཁོས་དབང་བོ་གཞན་ཞིག་གི་སྦུབས་ལམ་ནས་རྨི་ལམ་དང་མཇལ་བའི་སྟ་གོན་བྱས། ལོ་ངོ་གཅིག་མ་འགོར་བའི་རྗེས་སུ། ཁོས་དེ་ཡི་ཀེང་རུས་དང་མིག་སྐྱི་སོགས་མཐོང་མོད། བགྲང་ཡས་བའི་སྐྲའི་ཉག་མ་རེ་རེ་ནི་རྨི་ལམ་ཁྲོད་ཧ་ཅང་མཐོང་ཁག་པོ་འདུག  ཆེས་མཐའ་མཇུག་གི་ཉིན་མོ་དེ་ནས་བཟུང་། ཁོ་བོར་ཆེས་ཆ་ཚང་གི་མི་ཞིག་ཐོབ་སོང་སྟེ། དེ་ནི་ཡར་བཞེངས་ཚུགས་མི་ཐུབ་ཅིང་།  སྐད་ཆ་བཤད་མི་ཤེས་པ། མིག་ཟུང་དམ་དུ་སྒྲིམ་པོའི་གཞོན་ནུ་ཞིག་རེད་ལ། མཚན་མོ་ནས་མཚན་མོའི་ཕྲེང་ཐག་རེ་རེ་བགྲང་ཞོར། ཁོས་ཁོ་བོ་ནི་གཉིད་ཀྱི་རྒྱ་མཚོར་ལྷུང་བ་རྨིས།
        ནོ་སིས་ཐུ་ཆོས་ལུགས་ཀྱི་བྱུང་རབས་བརྗོད་པར།  འཇིག་རྟེན་བྱེད་པོས་འདམ་གྱིས་ཡར་བཞེངས་མི་ཐུབ་པའི་ཡ་ཏིང་བརྫིས་ལ། སྒྱུ་མ་མཁན་འདིས་ཀྱང་མཚན་ཞག་མང་པོ་ཞིག་བརྒྱུད་ནས་རྨི་ལམ་ཞིང་དུ་སླེབས་པའི་ཡ་ཏིང་དེ་ཡང་། སྔོན་གྱི་རང་ཙོག་མི་ཐུབ་པའི་འདམ་གྱིས་བཞེངས་པའི་ཡ་ཏིང་བཞིན་གླེན་རྟགས་ཚ་བ། རེག་བྱ་རྩུབ་པ། ཆེས་གདོད་མའི་་རྣམ་པ་ཅན་ཞིག་རེད་ཨང་། ཕྱི་དྲོ་ཞིག་ལ་ཅུང་མིན་ན་ཁོས་རང་གི་བརྩམས་ཆོས་མེད་བརླག་ཏུ་བཏང་། ཡིན་ཡང་རྗེས་ནས་ཁོ་རང་ འཕྲལ་མར་འགྱོད་སེམས་ སྐྱེས་སོང་།༼ དེ་དང་བསྡུར་ན་བཅག་ནས་ཆག་ཟིན་པ་དེ་ལེགས་པར་འདོད༽ཁོས་ས་དང་ཆུ་མོར་གནས་པའི་ལྷ་ཚོགས་ལ་སྐྱབས་འཇུག་ཞུ་རྗེས། མགོ་བོ་སེང་གེའམ་རྟ་མཆོག་གང་རུང་ཡིན་པའི་འདྲ་གཟུགས་དེར་ཐོ་གཏུགས་ནས་། སུས་ཀྱང་རྟོགས་སུ་མེད་པའི་རང་སེམས་ཀྱི་མུན་པ་དེ་ཉིད་སེལ་བར་རྒྱབ་རོགས་དགོས་པའི་རེ་བ་བཅོལ།  ཉིན་དེིའི་སྲོལ་ཀ་རུ། འབུར་རིས་ཅན་གྱི་འདྲ་གཟུགས་དེ་དག་ཁོའི་རྨི་ལམ་དུ་འཁོར་བྱུང་། རྨི་ལམ་དུ་དེ་དག་ནི་གསོན་ཤུགས་ཀྱིས་བརྟས་ཤིང་ལྡེམ་འགུལ་བྱེད་ཀྱིན་པ་མ་ཟད། སེང་གེ་མ་ཡིན་ལ་རྟ་མཆོག་ཡང་མ་ཡིན་པའི་ཡ་མ་བརླའི་རྡོག་གཟུགས་ཤིག་སྟེ། སྟོབས་ཀྱིས་དྲེགས་པའི་སྲོག་ཆགས་འདི་གཉིས་ཀྱི་མཐུན་སྦྱོར་ལས་གྲུབ། དེ་དང་དུས་མཉམ་དུ་དེ་ནི་ད་དུང་བ་གླང་གཅིག་དང་། རྒྱ་སེ་མེ་ཏོག་རྐང་གཅིག  ཆར་ཞོད་འབབ་ཐེངས་ཤིག་ཀྱང་རེད་འདུག   བྱད་གཟུགས་སྣ་མང་དུ་མཐོང་བའི་ལྷ་དེས་ལུང་བསྟན་ཕབ་ཏེ། མེ་ནི་རང་གི་འཇིག་རྟེན་འདིའི་མཚན་ཡིན་ཟེར།  ཁོས་སྔོན་ཆད་སྒྱུ་མ་མཁན་གྱི་ལྷ་ཁང་འདིར་མཆོད་སྦྱིན་དང་དད་གུས་བྱས་མྱོང་ལ། དེང་གི་དུས་འདིར་སྒྱུ་འཕྲུལ་ནང་བཞིན་ཁོའི་ཚོར་རྟོག་ཡོད་ཚད་དངོས་ཡོད་དུ་ཕབ་དགོས་ཟེར་ན། མེ་དང་རྨི་ལམ་རྨིས་མཁན་གཉིས་མ་གཏོགས། རྣམ་ཤེས་གཞན་དག་གི་སྣང་ངོར་དེ་ནི་ཤ་དར་ཁྲག་དར་གྱི་མི་ཞིག་ལས་ཅི། མེ་རུ་འབོད་པའི་འདྲ་གཟུགས་འདིས་བཀའ་ཕབ་རྒྱུར། བརྒྱ་ལ་ཁོས་བུ་སློབ་དེས་མཛད་སྒོ་ཡོད་ཚད་བློ་ངོར་བྱང་ཆུབ་རྗེས། ཁོ་རང་གཙང་བོའི་སྨད་བརྒྱུད་ཀྱི་ལྡིབ་བཤིགས་ཐེབས་པའི་ལྷ་ཁང་དེར་བསྐྱལ་འགྲོ། གནས་དེར་ཀྲོང་ངེར་འགྱིང་བའི་གཏོར་གཟུགས་མཆོད་རྟེན་ཡོད་ལ། དབེན་འཇགས་ཀྱི་ཞིག་རོའི་ཁྲོད་དུ་ དེ་ལ་བསྟོད་པའི་ཆོས་གླུ་ལེན་ཕྱིར་གནས་དེར་བརྫངས་ལ།  རྨི་ལམ་རྨིས་མཁན་དེའི་རྨི་ལམ་ཁྲོད་དུ་ཡང་། རྨི་བཞིན་པའི་མི་དེ་སད་དུ་བཅུག  
      སྒྱུ་མ་མཁན་དེའི་བཀའ་རྒྱ་ལྟར་སྒྲུབ་པ་སྟེ། ཁོས་དུས་ཚོད་ངེས་ཅན་ཞིག༼་ངོ་གཉིས་རིང་༽བཀོལ་ནས་གཞོན་ནུ་དེར་འཇིག་རྟེན་འདིའི་གསང་བ་དང་མེ་ལ་དད་པའི་ཤེས་བྱའི་སྐོར་ནས་མང་དུ་ཁྲིད། ཡིན་ནའང་ཁོའི་སེམས་སུ་ཡོད་ཚད་དང་ཁ་བྲལ་བས་འཕྲལ་མར་སྡུག་གིས་ཁེངས། མི་དེས་སློབ་གསོའི་དགོས་མཁོར་དམིགས་ཏེ་བསམ་གཟས་ནས་ཉིན་རེར་རྨི་ལམ་རྨིས་པའི་དུས་ཚོད་ཇེ་རིང་དུ་བཏང་བ་ཞིང་། ཁོས་ད་དུང་རང་གི་ཡན་ལག་སྟེ་ཡག་ཐག་ཆོད་ཅིག་མིན་པའི་དཔུང་བ་གཡས་པ་དེ་བསྐྱར་དུ་བཞེངས་བཟོ་བྱས། སྐབས་ལན་རེར། ཡོད་ཚད་སྔོན་ཆད་བརྒྱུད་མྱོང་བ་ལྟ་བུའི་བག་ཆགས་ཤིག་གིས་ཁོར་བློ་བདེ་བོ་བྱུང་དུ་བཅུག་མ་སོང་པར་་་་་་་   སྤྱིར་བཤད་ན་ཁོས་ཉི་མ་བསྐྱལ་སྟངས་སྟབས་བདེ་སྟེ། གལ་སྲིད་མིག་གཉིས་བཙུམ་རྗེས་འཕྲད་འདོད་པ་གང་ཞིག་དང་མཇལ་ཡོང་སྟེ། ད་ནི་ང་ཡང་ངའི་གཅེས་ཕྲུག་ཚོ་དང་ལྷན་དུ་བསྡད་ཡོད། ཡང་ན་སྐབས་རེར་འདི་ལྟར་བསམ་སྟེ། ངའི་གཅེས་ཕྲུག་གིས་ང་ལ་སྒུག་ནས་ཡོད། གལ་སྲིད་ང་མ་སོང་ཚེ་ཁོའི་འཚོ་གནས་ལ་དཀའ་ཁག་ཐེབས་སྲིད།
     རིམ་གྱིས་ཁོས་གཞོན་ནུ་དེ་དངོས་ཡོད་དང་འཕྲོད་དུ་བཅུག་སོང་། ཐེངས་ཤིག་ཁོས་བཀའ་ཕབ་ནས་རྒྱང་རིང་གི་རི་རྩེར་དར་ཆ་ཞིག་འཛུགས་དགོས་ཞེས་པ་དང་། ཉིན་གཉིས་པར་རི་གང་དེའི་རྩེ་མོར་དངོས་གནས་དར་ཆ་ཞིག་ལྷབ་ལྷུབ་ཏུ་གཡོ་བཞིན་གདའ།   ཁོས་མུ་མཐུད་ནས་འདི་དང་རིགས་མཚུངས་ཀྱི་ཚོད་བགམ་དུ་མ་བྱས་པ་ལ་ཐེངས་རེ་ནས་ཐེངས་རེར་སྙིང་སྟོབས་ཆེ་ནས་ཆེ་རུ་འཕེལ། སྐབས་དེར་མི་འདིས་ལས་སླ་བོར་ཚོར་རྟོགས་ཐུབ་པ་ནི་ཁོས་མྱུར་མོར་ཕྲུ་གུ་བཙས་གྲབས་རེད། ཡང་གཅིག་བཤད་ན་འདི་ནི་ཡུན་རིང་རེ་སྒུག་བྱས་པའི་དུས་སྐབས་ཞིག་ཀྱང་ཡིན་ངེས། མཚན་མོ་དེར། ཁོས་རང་གི་གཅེས་ཕྲུག་ལ་འོ་ཞིག་བྱས་རྗེས། གཙངབོའི་སྨད་བརྒྱུད་ཀྱི་ལྷ་ཁང་རྙིང་བ་ཡོད་སར་མངགས། ལམ་ཐག་ནི་ཧ་ཅང་རིང་སྟེ། དེར་འདབ་རྫབ་དང་ཚང་ཚིང་གི་ནགས་ཀློང་བརྒྱུད་ནས་འགྲོ་དགོས།  དེའི་ཡར་སྔོན་དུ༼རང་ཉིད་ནི་ནམ་ཡང་འཕྲུལ་རྟོགས་ཀྱིས་བཞེངས་པའི་རྡོག་གཟུགས་ཤིག་ཡིན་པ་ཤེས་སུ་མ་བཅུག་པར། གཞན་དང་མཚུངས་པར་རང་ཉིད་ནི་མི་ཞིག་ཡིན་པར་ཡིད་ཆེས་བྱས༽ཁོས་རང་གི་གཅེས་ཕྲུག་གི་སྒྱུ་རྩལ་དང་འབྲེལ་བའི་ལོ་ཟླ་དག་བརྗེད་དུ་བཅུག
     ཁོའི་ལེགས་འགྲུབ་དང་ལྷིང་འཇགས་ལ་སུན་སྣང་གིས་འཇབ་རྒོལ་ཐེབས་སོང་། དགོང་ཁའི་ས་སྲོད་ཀྱི་དུས་སུ། ཞོགས་པའི་སྐྱ་རེངས་ཀྱི་དུས་སུ། ཁོ་འདྲ་སྐུ་དེའི་མདུན་དུ་ཁ་སྦུབས་སུ་ལོག་སྟེ་ཕལ་ཆེར་རང་གི་འཕྲུལ་རྟོགས་ཀྱིས་བཞེངས་པའི་བྱིས་པ་དེས་ཀྱང་གོར་མོ་དབྱིབས་ཀྱི་ཞིག་རོིའི་ཁྲོད་དུ་རང་དང་འདྲ་བར་ཕྱག་འཚལ་བཞིན་པ་དྲན།   དགོང་མོ་དེར།  ཁོས་རྨི་ལམ་མ་རྨིས་ཏེ་རྨིས་ཀྱང་གཞན་དང་མཚུངས་པའི་རྨི་ལམ་གཅིག་པ་རྨིས། ཁོ་རང་ཡིད་སེམས་སྐྱོ་ཤུར་ཤུར་གྱིས་འཇིག་རྟེན་འདིའི་སྐད་སྒྲ་དང་རྣམ་པ་དག་ཚོར་བྱུང་ལ། ཁོ་དང་བྲལ་བའི་བྱིས་པ་དེ་ནི་ཚོར་བ་ཐན་ཐུན་འདི་ཙམ་ལ་བརྟེན་ནས་ནར་སོན་པ་ཡིན་པས། ད་ནི་ཁོའི་ཚེ་སྲོག་གི་དམིགས་ཡུལ་དོན་སྨོན་ཡོང་ཡོད་པ་དང་། དེས་ཁོ་བོར་དགའ་སྤྲོ་ཚད་མེད་ཀྱི་ལེགས་སྐྱེས་ཆེན་པོ་ཞིག་སྦྱིན། དུས་ཡུན་རིང་བོ་འགོར་རྗེས། མཉན་པ་ཟུང་གི་སྐད་འབོད་ཀྱིས་ཁོ་རང་གཉིད་ལས་བསླངས། དུས་སྐབས་འདིར། གཏམ་རྒྱུད་འཆད་པར་སྤྲོ་བའི་མི་རེ་འགའ་ནི་ལོ་ལྟར་རྩིས་རྒྱག་པར་སྤྲོ་ལ། རེ་འགའ་ནི་ལོ་ལྔ་རེ་འཇལ་བྱེད་རྩིས་གཞི་རུ་བྱས་ནས་རྩིས་ཀྱིན་འདུག  ཁོས་མི་དེ་དག་གི་བྱད་གཟུགས་ནི་མཐོང་མ་སོང་ལ།ཐོས་པ་གང་ནི་དེ་དག་གིས་བཤད་པའི་སྐད་ཆ་ཁོ་ན་སྟེ། བྱང་ཕྱོགས་ཀྱི་ལྷ་ཁང་དུ་སྒྱུ་མ་མཁན་ཞིག་འདུག་སྟེ།  མི་དེ་མེིའི་སྟེང་ནས་བགྲོད་ཐུབ་པ་མ་ཟད་མེས་བསྲེག་ཏུ་མི་རུང་བ་ཞིག་རེད།  
      སྒྱུ་མ་མཁན་འདིས་གློ་བུར་ལྷས་གནང་བའི་སྐད་ཆ་འགའ་དྲན་འོངས་ཏེ། ཁོའི་དྲན་ཚོར་ལ་འཇིག་རྟེན་འདི་གྲུབ་བྱེད་ཀྱི་ཚེ་སྲོག་ཡོད་ཚད་ཁྲོད། མེས་འབའ་ཞིག་མ་གཏོགས་གཞན་སུས་ཀྱང་ཁོའི་བྱིས་པ་ནི་འཕྲུལ་རྟོགས་ཀྱིས་བཞེངས་པའི་རྡོག་གཟུགས་ཤིག་ཡིན་པ་མི་ཤེས་ལ། དྲན་ཚོར་འདིས་དང་པོ་ཐོག་མར་ཁོའི་ཡིད་སེམས་བློ་བདེ་བག་ཕེབས་དུ་གནས་སུ་བཅུག་ལ། ཅུང་མ་འགོར་བར་ཡང་བསྐྱར་སེམས་ཁྲལ་བསླངས་འོངས་པ་སྟེ། ཁོས་སེམས་སུ་རང་ཉིད་ཀྱི་བྱིས་པ་དེས་རང་གི་དཀྱུས་མ་མ་ཡིན་པའི་དམིགས་བསལ་གྱི་བདག་དབང་དེའི་ཕྱོགས་སུ་དོ་ཁུར་དང་། དེར་མ་ཟད་རང་ཉིད་ནི་རྟོག་གཟུགས་ཙམ་ཡིན་པ་ལས་མི་མིན་པ། གཞན་གྱི་རྨི་ལམ་གྱི་གཟུགས་བརྙན་ཙམ་ཡིན་པ་བཅས་རྟོགས་ཚེ་དེ་ནི་ཇི་འདྲའི་ཆེས་སྐྱུག་བྲོ་བའི་དོན་ཞིག་རེད་ཨང་། འཇིག་རྟེན་འདིའི་ཕ་ཡོད་དོ་ཅོག་གིས་རང་ཉིད་ནི་ཐམ་ཐོམ་དང་ཡང་ན་བདེ་སྐྱིད་ཁྲོད་བྱིས་པ་གསོ་སྐྱོང༼བཟོད་སྒོམ༽བྱེད་བཞིན་པར་སེམས་ཁྲལ་བྱེད་བཞིན་ཡོད་ལ། དེ་དག་ནང་བཞིན་སྒྱུ་མ་མཁན་ཀྱིས་ཀྱང་རང་གི་བྱིས་པ་དེའི་མདུན་ལམ་ཐད་སེམས་ཁུར་བྱེད་བཞིན་བགྱིད།   རྒྱུ་མཚན་ནི་བྱིས་པ་འདི་ནི་རང་ཉིད་ཀྱི་ཆིག་སྟོང་བརྒྱ་མེད་བཅུ་མེད་གཅིག་ཁྲོད་ཀྱི་ཆེས་གསང་བའི་མཚན་མོ་ཞིག་ལ་ཆུ་ཐིགས་བསགས་པ་དང་སྐུད་པ་ཁབ་པ་ནང་བཞིན་ཐིགས་པ་རེ་རེ་དང་ཉག་མ་རེ་རེ་སྒོས་སེམས་ཀྱིས་དྲན་ཡོང་བས་རེད།
       སེམས་ཁྲལ་དེས་གང་ལྟར་སྔ་ལྟས་འདྲ་ཐོས་ཡོད་ཀྱང་སྲིད་ལ་གློ་བུར་ངང་མེད་པར་ཆགས་སོང་། ཐོག་མར༼ལོ་ཟླ་རིང་མོ་ཞིག་གི་ཐན་སྐྱོན་བརྒྱུད༽རི་རྩེ་རུ། དུས་ཡུན་རིང་བོར་སྤྲིན་གྱི་ཚོམ་བུ་ཞིག་དལ་བུར་བསྐྱོད་ཀྱིན་མཆིས་ལ། དེ་ནི་ཧ་ཅང་ཡང་བའི་བྱིའུ་ཞིག་དང་མཚུངས། རྗེས་སུ་ཡང་དལ་བུར་ལྷོ་ཕྱོགས་གཟིག་གི་སོ་ཕྲེང་ལ་འདྲེན་པའི་རྒྱ་སེ་མེ་ཏོག་གི་མཁའ་དབྱིངས་སུ་བཞུད་སོང་།  དེར་མཐུད་ནས་སྨུག་པའི་གུར་ཁྱིམ་གྱིས་མཚན་མོ་དེའི་ཟངས་ལྕགས་ཡོད་ཚད་བཙོ་སྦྱངས་བྱས། ཆེས་མཇུག་མཐར་རི་ལ་གནས་པའི་སྲོག་ཆགས་ཐམས་ཅད་ཀྱང་སྐྲག་ནས་གང་སར་འཁྱམས་སོང་། རྒྱུ་མཚན་ནི་ལོ་ངོ་དུང་ཕྱུར་དུ་མའི་སྔོན་གྱི་འདས་དོན་ཞིག་ལོ་རྒྱུས་ཀྱི་གར་སྟེགས་སུ་བསྐྱར་འཁྲབ་བྱས་བྱུང་སྟེ། མེ་ལྷའི་ལྷ་ཁང་ཞིག་རོ་དེི་མེ་ཡིས་བསྲེགས་ཟིན། བྱ་ཚོགས་ཀྱི་གྲིབ་གཟུགས་ཡལ་བའི་ཞོགས་པ་དེར། སྒྱུ་མ་མཁན་དེས་ནང་སེམས་ལ་ཕྱོགས་པའི་མེ་ལྕེ་ཕོན་པོ་དེས་མུ་མཐུད་ནས་ཀྱང་གས་ལྡིབས་ཀྱི་ཕྱོགས་སུ་མཆེད་བཞིན་པ་མཐོང་ནས་ཆུ་རུ་འཛུལ་ནས་རེ་ཞིག་ཡིབས་འདོད་ཀྱང་། འཆི་བ་ནི་ཁོའི་ཚེ་མཇུག་གི་སྡུག་ཡས་ཡོད་ཚད་ལ་རྫོགས་ཚིག་འགོད་དུ་ཡོང་པས་ན། ཁོ་རང་མེ་ལྕེ་ཕོན་པོ་དེ་དང་ཉེ་བར་བཅར་ལ། མེ་ལྕེའི་ཕྱགས་པས་ཁོའི་ཤ་དང་སྐྱི་པགས་་ཁྱུར་མིད་མ་བཏང་བར་བརྩེ་བའི་ཕྱག་ཟུང་གིས་མཐའ་ནས་སྐྱོར། སྐབས་འདིར་ཁོས་རང་ཉིད་ཀྱང་འཕྲུལ་རྟོགས་ཀྱིས་བཞེངས་པའི་རྡོག་གཟུགས་ཤིག་དང་། གཞན་གྱི་རྨི་ལམ་གྱི་བསྐྱེད་དངོས་ཤིག་ཡིན་པར་བཟོད་གསོལ་དང་སྣང་ཆུང་། དངངས་སྐྲག་དང་ཡིད་ཆེས་སོགས་མཉམ་དུ་སྐྱེས།

※ རྩོམ་རིག་སྨྲ་བའི་ཁྱུ་མཆོག་ལྗོར་ལྗི ﹒ལུའུ་བེ་སི﹒ བྷོར་ཧི་སི (Jorge Luis Borges)(1899~1986)ནི་ཨ་ཀིན་ཐེན(Argentina)རྒྱལ་ཁབ་ཀྱི་སྙན་ངག་པ། སྒྲུང་གཏམ་པ། ལོ་ཙ་བ་ཞིག་ཡིན། གསུངས་རྩོམ་ལ་སྙན་ངག་བརྩམས་ཆོས་ཕྱོགས་བསྒྲིགས༼མདུན་གྱི་ཟླ་བ༽ དང་།  སྒྲུང་ཐུང་ཕྱོགས་བསྒྲིགས༼རྨི་ལམ་གྱི་དེབ༽ལྷུག་རྩོམ་ཕྱོགས་བསྒྲིགས༼ངས་རེ་བའི་འཇལ་བྱེད༽སོགས་མང་དུ་ཡོད།
 

[1] ༼མེ་ལོང་ནང་དུ༽ཞེས་པ་དབྱིན་ཇིའི་རྩོམ་མཁན་ཁ་ལོ་ཨར༼༡༨༣༨ —༡༨༩༨༽གྱིས་བརྩམས་པའི་བྱིས་སྒྲུང་ཞིག་ཡིན།
                                                                                       ( སེང་ཆེན་གྱིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།