ལུག་ཚེ་ཐར།

   ཁྱེད་ཀྱི་ལུས་ཟུང་རིད་ནས་རུས་པ་དག་འབུར་ཞིང་མིག་ཟུང་ལྐོག་ཏུ་ལྷུང་ཡོད་ལ། ལུས་ཀྱི་གོན་པ་རྣམས་ཧྲལ་ཧྲིལ་དུ་གྱུར་འདུག་པས་ལོ་ན་འགྲེས་པའི་རྒན་པོ་ངས་རོགས་ཅི་ཞིག་ཐུབ།  མཚོ་མོའི་མདོག་ལྟར་སྔོ་བའི་སྐྲ་ལོ་དེ་ཁྱེད་ཀྱི་དབྲལ་བར་དཀྲིས་རིས་བརྒྱབ་ཅིང་ཡལ་ག་སྐམ་པོ་དང་འདྲ་བའི་ལག་གཡས་དེ་བསྲིངས་འོང་སྟེ་རྩུབ་ཅིང་ཧྲག་པའི་འཛུབ་མོ་རྣམས་ངའི་གཉེར་རིས་ཀྱིས་བཀང་བའི་གདོང་ལ་རེག་པས་གདོང་ཡོངས་ཚ་བསྲེགས་ཀྱི་ཚོར་བ་རྣོན་པོ་ཞིག་གིས་ཁྱབ་འོང་། ངས་ཁ་ཅུང་གདངས་ཤིང་སེམས་ལ་བཟོད་དཀའ་བའི་སྡུག་བསྔལ་ཞིག་སྐྱེས།  ཁྱོད་ཅིའི་ཕྱིར་འདི་ལྟའར་གྱུར་སོང་བ་རེད། ངས་ཡིད་སྐྱོ་བའི་ངང་དེ་ལྟར་དྲིས། མུན་ཁུང་དང་འདྲ་བའི་ཁྱེད་ཀྱི་མིག་ཟུང་ལས་ཁྲག་གི་མཆི་མ་ཁ་ཤས་བརྡོལ་འོང་ཞིང་། ཁྱེད་ཀྱི་སྐད་ངག་འདར་བཞིན་ང་དམྱལ་བ་ལྷུང་སོང་བས་བཟོད་བླགས་མེད་པའི་མནར་གཅོད་དྲག་པོ་མྱོང་བཞིན་ཡོད་ཅེས་ལན་འདེབས་བཞིན་བོད་ལའི་ཕུ་རུང་ཕུད་ནས་ཚིལ་ལེན་གྱི་འདབས་ཁ་ཡར་བརྫེསཔ་ན།        ཨ།  དཀོན་མཆོག་གསུམ་གྱིས་མཁྱེན།  ཁྱེད་ཀྱི་བྲང་གི་ནུ་མ་ཟུང་དེ་སུ་ཞིག་གིས་དྲས་སོང་། ཤ་ཁྲག་གི་དབྱེ་མཚམས་མི་གསལ་བའི་རྨ་ཁ་རུ་འབུ་སྲིན་ཕྲ་མོ་འགའ་ལང་ལོང་དུ་འགུལ་བཞིན་འདུག།  དམར་ཆིལ་ཆིལ་གྱི་ཁྲག་ཐིག་རེ་རེར་མར་འགྲིལ་ནས་འོང་ཞིང་ངའི་སྣ་ལམ་དུ་རུལ་དྲི་བཟོད་དཀའ་བ་ཞིག་ཐུལ་འོང་། ངའི་སེམས་ཁམས་དེ་གློ་བུར་ཡར་ལ་བཀྱགས་ཤིང་སྐྱོ་གདུང་གི་མིག་ཆུ་འགའ་ས་རུ་ཐོར། ཁྱེད་ཀྱིས་འཇིག་རྟེན་མི་ཡུལ་ནས་གསོལ་བ་ཡང་ཡང་བཏབ་སྟེ་ངས་བསག་པའི་ལས་ཀྱི་སྡིག་སྒྲིབ་ཐམས་ཅད་འདག་པར་བྱས་རྗེས་ང་མྱུར་དུ་སྐྱེ་བ་གཞན་དུ་འཕོ་རུ་འཇུག་དགོས་ཞེས་ཁྱེད་ཀྱིས་དེ་ལྟར་བཤད་བྱུང་། ངས་ཁྱོད་ཀྱི་འཁྱགས་པ་རྡོར་ལྟར་གྱུར་བའི་ལག་པར་དམ་དུ་འཇུས་ནས་ངའི་བྲང་ཁར་བརླན་ཞིང་དྲག་ཏུ་ལྡིང་བཞིན་པའི་སྙིང་ཁམས་འདིས་ཁྱེད་ཀྱི་ལག་ཟུང་བསྲོ་ཐུབ་ན་བསམ།  བྱ་ཕོ་གྲགས་ལ་ཉེ་བས།  ད་ང་འགྲོ་རན་སོང་།  ཞེས་ཁྱེད་ཀྱི་གདོང་ཡོངས་ཞེད་སྣང་གིས་ཁེངས་ནས་དེ་ལྟར་ལབ་བྱུང་།  འདི་ནི་གྲོང་ཁྱེར་ཡིན་པས་ཚང་མས་ཁྱིམ་བྱ་གསོ་ཀིན་མེད། དེའི་ཕྱིར་ཁྱེད་ཀྱིས་བྱ་སྐད་ཐོས་མི་སྲིད་ཅེས་ལན་བཏབ་མ་ཐག། ཁྱེད་ཀྱི་ལག་པ་དེ་ངའི་ལག་མཐིལ་ནས་འཁྱགས་རོམ་བཞིན་ཞི་ཞིང་གཟུགས་གཞི་ཡོངས་རྫོགས་དུ་སྤྲིན་ཕུང་བོ་ཞིག་གི་ཁྲོད་ནས་མི་སྣང་བར་གྱུར།
 བཟང་མོ།  ངས་སྐད་ཤུགས་ཆེན་པོས་ཁྱེད་ལ་བོས།
 འབོད་སྒྲ་དེས་ང་རྨི་ལམ་ཁྲོད་ནས་སད་དུ་བཅུག་ཅིང་ལུས་ཡོངས་སུ་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར། མིག་ཕྱེ་བ་ན་མཚན་མོའི་སྨག་རིམ་སྟུག་པོ་ཞིག་གིས་ང་ཡོངས་སུ་གཡོགས་འདུག་པས་ཅི་ཡང་མཐོང་མི་ཐུབ། སྙིང་དེ་རྔ་རྡུང་བ་ལྟར་ཏིག་སྒྲ་གྲག་ཀིན་འདུག།  ང་ཡར་ལངས་ནས་གློག་སྒྲོན་དེ་ཐག་སེ་བཀར་བ་ན། ཆ་སྒམ་དང་བརྙན་འཕྲིན། གློག་རྫ་དང་ཤིང་དཀར་སོགས་གློག་སྒྲོན་འོག་ནས་གསོན་ཤུགས་རྒྱས་ཤིང་། དེ་ཚོས་རྣམ་རིག་གྲིམ་གྲིམ་གྱིས་ང་ལ་ཅེར་འདུག། ཁྱོད་མཐོང་རྒྱུ་མེད་ལ།  ང་ལ་བསྐྱུར་བ་ནི་འཇིགས་སྣང་གི་རྨི་ལམ་ཁོ་ན་རེད།  མིན།  དེ་ནི་རྨི་ལྟས་ཡིན་ངེས་ཏེ།  ཁྱེད་ཀྱིས་ང་ལ་བསམ་གཟས་ནས་རྨིས་སུ་བཅུག་པའི་རྨི་ལྟས་ཡིན་སྲིད།  ད་ཅིའི་རྣམ་པ་དེ་དངོས་སུ་བྱུང་བའི་དོན་དག་ཞིག་དང་མཚུངས་བར་ངའི་དབུགས་ཀྱང་གཏོང་ལེན་དཀའ་བ་གྱུར།  བྲེལ་འཚུབ་ལངས་རྗེས་ངའི་ཕོ་བ་ན་བའི་ཟུག་གཟེར་བསྲོན་དཀའ་བས་ལག་པས་ཕོ་ཁ་མར་མནན་རྗེས་དལ་བུར་དབུགས་རིང་ཞིག་བླངས། ཅུང་མ་འགོར་བར་ན་ཟུག་རིམ་ཀྱིས་འཇགས་ཤིང་ང་སླར་ཡང་རྨི་ལམ་དེའི་ཁམས་སུ་ཁྲིད་སོང་།  
   ཁྱེད་འདས་ནས་ལོ་ངོ་ཉི་ཤུ་འགོར་སོང་། ལོ་ངོ་ཉི་ཤུའི་རིང་ཁྱེད་སྐྱེ་བ་སྤར་མ་ཐུབ་པར་ལུས་འདུག།  འདི་་་་དངོས་ནས་ངའི་བློ་ཡུལ་དུ་ཤར་མ་མྱོང་བ་ཞིག་རེད། ཁྱེད་འཇིག་རྟེན་དཀར་ངོགས་དང་གྱེས་རྗེས།  ང་སྔར་བཞིན་ཉི་མ་རེ་རེར་སྐོར་བ་འགྲོ་བ་དང་དུས་ཆེན་སྐབས་སུ་མཆོད་མཇལ་བྱེད་པ། སྔར་བཞིན་ཡར་དཀོན་མཆོག་ལ་མཆོད་པ་དང་མར་སྤྲང་བོ་ལ་སྦྱིན་པ་བཏང་ནས་ཡོང་།   འདི་ལྟར་གྱུར་ཚེ་ངས་ད་དུང་སྒྲུབ་ནོ་མ་འདང་བ་ཨེ་རེད།  ཁྱེད་ཀྱིས་ད་ལྟའི་བར་དུ་སྡུག་མྱོང་བས་ངའི་ཡིད་སེམས་སྐྱོ་གདུང་གིས་མནར་བར་གྱུར།  ད་ནངས་སྔ་མོར་ངས་གཙུག་ལག་ཁང་ནས་ཁྱེད་ལ་ཚ་བསུར་བཏང་ཞིང་།  དེ་ནས་ཉེ་འཁོར་གྱི་ལྷ་ཁང་ཆེ་ཆུང་ཀུན་ལ་སོང་ནས་མཆོད་མེའི་མཆོད་ཁ་གསོས་ནས་ཁྱེད་རང་མྱུར་དུ་ལུས་རྟེན་ཐོབ་པའི་སྐྱབས་མཇུག་བྱས།  ང་རྩ་བ་ནས་གཉིད་མི་ཁུགས་པས་དྲ་མའི་གཡོལ་བ་ཕྱེ་ནས་ཕྱི་རུ་བལྟས་པ་ན།  ཕྱི་རོལ་ཐམས་ཅད་ནག་ཐོམ་མེར་འདུག  དྲ་མའི་ཤེལ་ངོས་སུ་གཉེར་རིས་ཀྱིས་ཁེངས་པའི་སྐམ་རིད་ཀྱི་ངོ་གདོང་ཤིག་མངོན་ཡོང་ལ།  དེ་ནི་ཅི་འདྲའི་རྒས་འཁོགས་དང་མི་སྡུག་པ་ཞིག་རེད་ཨང་།  འདི་ནི་ད་སྐབས་ཀྱི་ང་ཡིན་པ་རེད།  ང་འཆི་བ་དང་ཇི་འདྲའི་ཐག་ཇེ་ཉེ་རུ་གྱུར་འདུག།  དགོང་མོར་ཉལ་ཐེངས་རེར་ངས་ཕྱི་ཉིན་རང་ཉིད་སད་ནས་ཡར་ལངས་རྒྱུ་ཡོད་མེད་ཀྱང་རྟོགས་དཀའ་འདུག  སྤྱིར་བཏང་གི་མི་ཚེ་འདིར་ང་ལ་འཁྲེང་ས་ཞེན་ཡུལ་ཅི་ཡང་མེད་ལ།  ནམ་ཉི་མ་དེར་གློ་བུར་དུ་འཆི་བར་སྒུག་རྒྱུ་ལས་འོས་མེད།  ངས་མགོ་བོ་ཡར་བཀྱགས་ནས་གྱང་ངོས་སུ་བཀལ་བའི་དུས་ཚོད་ལ་བལྟས་པ་ན། ཐོ་རེངསཀྱི་ཆུ་ཚོད་ལྔ་ཙམ་ལས་སླེབས་མེད་པས་ད་དུང་ནམ་ལངས་རྒྱུར་ཆུ་ཚོད་གཉིས་ཙམ་ཡོད་པ་རེད།  ང་མལ་ལས་ལངས་ཏེ་ཁ་ལག་གཙང་མ་བཀྲུས་རྗེས་ཆུ་སྦུག་ལས་ཆུ་འགོ་མར་བླངས་ནས་མཆོད་ཁང་དུ་མཆོད་པ་བཤམས་ཤིང་སྤོས་སྒྲོན་ནས་ལག་ཟུང་ཐལ་མོ་སྦྱོར་བཞིན་དཀོན་མཆོག་གསུམ་གྱི་བྱམས་དང་སྙིང་རྗེའི་ཐུགས་བསྐྱེད་ཟབ་མོས་ཁྱེད་ཀྱི་རྣམ་ཤེས་དག་པའི་ཞིང་དུ་འཕོ་བར་ཤོག་ཅེས་གསོལ་བ་བཏབ།
   ངས་མཆོད་མེ་དང་ཁ་བཏགས། ཆང་དཀར་སོགས་ཁུག་མ་ཞིག་ཏུ་བཅུག་སྟེ་སྒོར་བུད། ང་ལམ་སྒྲོན་གྱི་འོད་སྣང་ཁྲོད་གླིང་སྐོར་དུ་ཕྱིན་པ་ཡིན་ལ། ལམ་གང་བོར་ལོ་ན་བགྲེས་པའི་དད་ལྡན་རྒན་རྒོན་ཚོས་ལག་མི་དལ་ཕྲེང་བ་བགྲངས།  ཁ་མི་དལ་མ་ཎི་འདོན་བཞིན་གོམ་སྟབས་ཡང་མོས་ངའི་གམ་ནས་མྱུར་སྟབས་ཀྱིས་བཞུད་འགྲོ།  ཉིན་མོའི་ཟང་ཟིང་གི་འཛེར་སྒྲ་དེ་ད་ལྟ་ཡོངས་སུ་འཇགས་འདུག་ལ། རླངས་འཁོར་རེ་གཉིས་བྱ་འཕུར་བ་ལྟར་བཞུད་འགྲོ་བ་ལས་གཞན་གསོལ་འདེབས་ཀྱི་སྒྲ་དབྱངས་ལྷང་ལྷང་རེར་ཡུལ་འདིའི་མཁའ་དབྱིངས་སུ་ཁྱབ་འདུག  འེ།  སྐབས་འདི་ཤེད་ལ་མཚོན་ན་མི་དང་ལྷའི་བར་ཐག་ཆེས་ཉེ་བའི་དུས་ཤིག་ཡིན་ལ།  མིའི་སེམས་དེ་ཟོལ་མེད་རྣམ་དག་ཏུ་གྱུར་བས་གསོལ་འདེབས་ཀྱི་ཚིག་འབྲུ་རེ་རེ་ཡང་དད་པ་དག་སྣང་ནས་བྱུང་བ་ཞིག་རེད།  ཁྱེད་ཀྱིས་ལྟོས་དང་མདུན་ཕྱོགས་ཀན་ན་དབུ་སྐྲ་དུང་ལྟར་དཀར་བའི་ཨ་མ་བགྲེས་མོ་ཞིག་གིས་གོམ་པ་རེའི་མཚམས་ནས་མགོ་བོ་མར་སྒུར་ནས་བརྐྱང་ཕྱག་འཚལ་བཞིན་མཆིས། ཡང་ཅིག་ལྟོས་དང་མ་ཎིའི་འཁོར་ལོ་བསྐོར་བཞིན་པའི་རྒན་པོ་དེའི་གཞུག་ན་ཧྭ་པ་ཆུང་ཆུང་ཞིག་གིས་རྩེད་འཇོ་རོལ་བཞིན་འདུག  ལམ་གང་བོར་ཁོའི་རྐེད་ཀྱི་དྲིལ་ཆུང་དེའི་སིལ་སྒྲ་སང་སིང་དུ་མཆེད་ཡོང་། ཉམས་དགའ་བའི་རྣམ་པ་འདི་དག་གིས་ངའི་སེམས་ཁམས་ལྷིང་འཇགས་སུ་བཏང་ཞིང་། ང་ལ་རེ་བའི་འོད་སྣང་ཞིག་མཐོང་དུ་བཅུག    བཟང་མོ།  ཁྱེད་ཀྱིས་ཉོན་དང་། ལམ་གང་བོར་ངས་སློབ་དཔོན་པད་མ་འབྱུང་གནས་ལ་གསོལ་བ་བཏབ་ཏེ་ཁྱེད་རང་མྱུར་་དུ་ཚེ་འཕོ་བའི་ལམ་སྣ་འདྲེན་པའི་སྨོན་ལམ་བཏབ་པ་ཡིན།  དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།  དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས། བར་ཆད་ཀུན་སེལ་བདུད་འདུལ་དྲག་པོའི་རྩལ།  གསོལ་བ་འདེབས་སོ་ཇི་བཞིན་དངོས་གྲུབ་སྩོལ། ཨོ་བཛྲ་གུ་རུ་པད་མ་སིངྷོ་ཧོ།  
  ཁྱེད་ཀྱིས་ལྟོས་དང་།  གནམ་སྔོན་སྐྱ་གསལ་ལེར་གྱུར་ཅིང་བརྗིད་ཅིང་ཆགས་པའི་པོ་ཏ་ལ་དེ་ངའི་མིག་ལམ་དུ་ཀྲོང་ངེར་འགྱིངས་འདུག           རི་འདབས་ཀྱི་རྩེ་སྐོར་ལམ་དུ་སྐོར་བ་འགྲོ་མཁན་འཐག་འདྲེན་པ་བཞིན་རྒྱུ་ཞིང་། གསོལ་འདེབས་ཀྱི་སྒྲ་དབྱངས་དང་སྔོ་ལྷོག་ལྷོག་གི་བསང་དུ་མཁའ་ལ་མཆེད་ཀྱིན་འདུག       གྱང་ཟུར་ན་དྲང་ཐད་དུ་ལངས་པའི་མ་ཎིའི་གསེར་འཁོར་ཆེན་མོ་དེ་མི་ཚོས་བསྐོར་བའི་སྒྲ་ཤུར་ཤུར་དུ་གྲག་གིན་འདུག ང་རང་ཐང་ཆད་པས་ལུང་བང་ཐན་གྱི་རྡོ་ཐེམ་ཤིག་ཏུ་ངལ་གསོས་ཤིང་།  མི་ཚོའི་བྲེལ་ཟིང་གི་གཟུགས་བརྙན་དང་དད་པའི་རྣམ་འགྱུར་ལ་བལྟས་ནས་བསྡད།  འདི་ནས་ཙོག་རྗེས་ངས་ཁྱེད་རང་དྲན་བྱུང་ལ། འཇིག་རྟེན་འདིར་གསོན་ཡོད་པ་ནི་ཇི་འདྲའི་བདེ་སྐྱིད་ཅིག་རེད་ཨང་སྙམ་བྱུང་། གོ་སྐབས་ཡོད་ཚེ་ངས་རང་ཉིད་དང་ཁྱེད་ཀྱི་ཆེད་དུ་ལས་ཀྱིས་བསག་པའི་སྡིག་སྒྲིབ་ཐམས་ཅད་འདག་ཐབས་བྱེད་ངེས་ལ།  གལ་སྲིད་གློ་བུར་དུ་འཆི་བའི་དུས་ལ་སླེབས་ཀྱང་།  ང་མི་སྐྲག་སྟེ།       ཡུན་ཐུང་གི་མི་ཚེ་འདིའི་ནང་ངས་འཆི་བར་གདོང་གཏོད་ཕོད་པའི་སེམས་ཁམས་གཤིན་སྦྱངས་བྱས་ཡོད་།  འཆི་བས་ང་ལ་སྐྱོ་གདུང་དང་འཇིགས་སྐྲག་སྐྱེས་སུ་འཇུག་མི་སྲིད། དེ་ནི་ཚེ་སྲོག་གི་བཞུར་རྒྱུན་ཅིག་མཇུག་རྫོགས་པ་ཙམ་ལས་མཐར་ཐུག་དེ་མ་ཡིན་ལ། རྣམ་ཤེས་དེ་ད་དུང་མུ་མཐུད་དུ་འཁོར་བ་ནས་སྐྱེ་བ་ཡང་ཡང་བླངས་ཏེ།  མཐར་སྒྲིབ་གཉིས་ཀྱི་མུན་པ་སེལ་ཞིང་འཚང་རྒྱལ་བ་རེད། སླར་ཡང་ངའི་སྣང་བ་དགའ་ཡལ་ལེར་གྱུར།  ཆུ་བྱའི་དཀྲོགས་སྐད་དེས་ངའི་བསམ་གཞིག་གི་གོམ་རིམ་འཁྲུག་པར་བྱས།
   ཕོ་བྲང་པོ་ཏ་ལ་ནི་སྔ་མོ་ནས་ཞོགས་པའི་མཚམས་སྤྲིན་གྱི་གོས་ལྭ་སེར་བོས་ཡོངས་སུ་གཡོགས་འདུག  དུས་ཚོད་ཡུན་རིང་ཞིག་ལོན་འདུག་པས་ང་གཙུག་ལག་ཁང་དུ་མཆོད་མཇལ་དང་ཚ་བསུར་གཏོང་བར་སོང་། གཙུག་ལག་ཁང་གི་གྲྭ་བ་དེས་མྱུ་གུར་གསེར་ཚོན་ནང་བསྒྲེ་ཙམ་བྱས་རྗེས་ཁྱེད་ཀྱི་མིང་དེ་ཤོག་བུ་མདོག་དམར་བོ་ནར་རིང་ཞིག་གི་ཐོག་ཏུ་བྲིས་ཤིང་།  ཇོ་བོ་ཤྰཀྱ་མུ་ནེའི་སྐུ་བརྙན་མདུན་གྱི་མཆོད་ཀོང་དུ་བསྲེགས།  དལ་བུར་འཕགས་པའི་དུ་སྤྲིན་ཁྲོད་དུ་ངས་ཁྱེད་ཀྱི་ངལ་དུབ་དང་ཉམ་ཐག་པའི་ངོ་གདོང་དེ་མཐོང་བྱུང་། ངའི་བྲང་ཁ་སྐད་ཅིག་ཉིད་ལ་སྲ་དི་བེ་སོང་ཞིང་དབུགས་ཀྱང་གཏོང་དཀའ་བར་གྱུར།   ཚ་བསུར་བཏང་ཚར་སོང་།  ཁྱེད་ཀྱིས་ཇོ་བོའི་མདུན་ནས་དད་པ་རྩེ་གཅིག་གིས་གསོལ་བ་ཐོབ། གྲྭ་བས་དེ་ལྟར་གསུངས་བྱུང་།  ངས་བྲང་ཁ་ལག་པས་སྐྱོར་བཞིན་མཆོད་མེ་གྲྭ་བའི་ལག་ཏུ་བཞག་སྟེ་ལྕགས་ལེབ་དཀར་བོས་བཏུམས་པའི་སྐས་ཐེམ་ལ་འགོས་ནས་ཇོ་བོར་ཁ་བཏགས་འཐེན་པ་དང་ཇོ་བོའི་ཞབས་གཡས་པར་ཐོད་པ་གཏུགས་ཏེ་ཁྱེད་ལ་སྨོན་ལམ་བཏབས།  
   ང་སླར་ཡང་མཐའ་འཁོར་གྱི་ལྷ་ཁང་ཆེ་ཆུང་ཀུན་ལ་སོང་ནས་ཆོས་སྐྱོང་སྲུང་མ་རྣམས་ལ་ཆང་དང་ཤོག་དངུལ་ཕུལ། ཡོད་ཚད་མཇལ་ཚར་དུས་ཉིན་གོང་དུ་ཐུག་ལ་ཉེ་བས་ངས་ད་གཟོད་རང་ཉིད་ཁ་སྐོམ་ཞིང་ཕོ་བ་ཡང་ལྟོགས་ཡོད་པ་ཚོར་བས་མངར་ཇ་གསོལ་ཁང་ཞིག་ཏུ་འཛུལ།  འདི་རུ་ཡུལ་གཞན་ནས་ཕེབས་པའི་ཡུལ་སྐོར་བ་ཤིན་ཏུ་མང་ལ། ཁོ་ཚོས་ལྷོད་ཆ་ལྡན་ཤིང་ཁུག་མ་མང་བའི་གོན་པ་དེ་རིགས་གྱོན་པ་རེད། ཁོ་ཚོའི་ཁྲོད་ཀྱི་བུ་མོ་ཞིག་ངའི་གམ་དུ་བཅར་ཏེ་ང་དང་ཁོ་མོ་གཉིས་ཀས་མཉམ་པར་ཞིག་རྒྱག་རྒྱུའི་རེ་བ་བཏོན་བྱུང་བས།  ང་འཛུམ་བཞིན་དང་ལེན་བྱས། ངས་ཕྱེ་ཐུག་དང་མངར་ཇ་འཐུང་ཚར་མོད་ཡུལ་སྐོར་བ་དེ་ཚོས་ད་དུང་དགའ་སྤྲོའི་གླེང་མོལ་བྱེད་བཞིན་བསྡད་འདུག་པས།  ང་དལ་བུར་སྒོར་བུད།  
  མངར་ཇ་གསོལ་ཁང་ནས་སྒོར་ཐོན་ཏེ་སྲང་ལམ་དོག་མོར་ཞིག་བརྒྱུད་པ་ན་ཕ་ཡུལ་ཀན་སུའུ་ནས་ཡིན་པའི་སྐྱེ་བ་ཞིག་དང་འཕྲད།  ཁོས་སྨྲ་ར་རིང་བོ་བསྐྱུར་ཅིང་མགོར་ཞ་མོ་མདོག་དཀར་བོ་ཟླུམ་དབྱིབས་ཅན་ཞིག་གྱོན་འདུག་ལ།  ལག་ཏུ་མ་མོ་བཞི་ཁྲིད་འདུག་ཚུལ་ལ་བལྟས་ན་ཁོ་ནི་ཤ་འཚོང་རྒྱག་མཁན་ཞིག་ཡིན་པ་ཤེས་ཐུབ། ཀན་སུའུ་བ་དེ་ངའི་གམ་ནས་འགྲོ་སྐབས་མ་མོ་གཅིག་གིས་རྐང་བ་གཉིས་མདུན་དུ་གཏད་དེ་ཅི་བྱས་ཀྱང་མི་འགྲོ་ལ།  མ་མོ་དེའི་གདོང་ང་ལ་འཁོར་བཞིན་ཡང་ཡང་འབའ་ཅིང་།  འབའ་སྐད་ལས་ཉམ་ཐག་པའི་རྣམ་པས་ཁེངས་འདུག  ངས་ཡང་བསྐྱར་མ་མོ་དེའི་གདོང་ལ་བལྟས་རྗེས།  ངེད་གཉིས་སྔར་ནས་གོམས་འདྲིས་སུ་སོང་བ་ཇི་བཞིན་ལུས་ཧྲིལ་བོར་བརྩེ་མདངས་ཟབ་མོ་ཞིག་གིས་ཡོངས་སུ་བཏུམས་སོང་།  ཀན་སུའུ་བ་དེས་མདུན་ཕྱོགས་ནས་ཤེད་ཀྱིས་འཐེན་པས། མིག་ཟུང་དུ་མཆི་མ་འགྲིལ་བཞིན་པའི་མ་མོ་དེ་དྲུད་ནས་སོང་།  ཅི་ཡིན་འདི་ཡིན་མེད་པའི་ཧོལ་རྒྱུགས་ཀྱི་བསམ་བློ་ཞིག་ངའི་སེམས་ཁོངས་ནས་རྦ་རླབས་བཞིན་འཕྱུར་བས་བསམ་བཞིན་དུ་ཝེ་ཞེས་བོས་པ་ན།  ཀན་སུའུ་བ་དེས་སྐྲག་སྣང་གིས་ཕྱི་འཁོར་ནས་ང་ལ་བལྟས་འདུག  མ་མོ་འདི་དག་བཤའ་རྒྱུ་ཡིན་ནམ། ཞེས་ང་ཁོའི་མདུན་དུ་སོང་ནས་དེ་ལྟར་དྲིས།  འདིར་གནད་དོན་ཡོད་པ་ཨེ་རེད། ཀན་སུའུ་བ་དེས་ཐེ་ཚོམ་ངང་དེ་ལྟར་དྲིས་བྱུང་།  ངས་དེ་མ་ཐག་ཕྲེང་བ་སྐེད་ལ་བསྐོན་བཞིན་ལུས་པོ་མར་སྒུར་ཏེ་ད་སོ་མ་འབའ་བཞིན་པའི་མ་མོ་དེའི་མགོ་བོར་བྱིལ་བྱིལ་བྱས། ཁོའི་ལུས་པོ་འདར་སིག་སིག་བྱེད་ཅིང་མིག་ཟུང་སྐྱོ་གདུང་དང་འཇིགས་སྐྲག་གིས་ཡོངས་སུ་ཁེངས་འདུག་ལ།  ནག་རིལ་རིལ་གྱི་རིལ་མ་རྣམས་བསམ་དབང་དྲན་དབང་མེད་པར་ས་རུ་འཐོར་ཀྱིན་འདུག  མ་མོའི་འཇིགས་སྐྲག་དེས་ངའི་ཡིད་སེམས་རབ་ཏུ་སྒུལ་བས་སྙིང་རྗེའི་བརྩེ་བ་དྲོན་མོ་ཞིག་རང་དབང་མེད་པར་སེམས་གཏིང་ནས་འཕྱུར། བཟང་མོས་བསག་པའི་ལས་ཀྱི་སྡིག་སྒྲིབ་འདག་ཆེད་ངས་ད་ལྟ་བཤའ་རྩིས་བྱེད་བཞིན་པའི་མ་མོ་འདི་ཉོ་རྒྱུའི་སེམས་ཐག་བཅད།  རིན་གོང་སྒོར་དུ་རེད།  ངས་དེ་ལྟར་དྲིས་པ་ན།  ཅི་ཞིག།  ངའི་འདྲི་ཚིག་དེས་ཀན་སུའུ་བ་སོམ་ཉིའི་རྒྱ་རུ་ཚུད་དུ་བཅུག། མ་མོ་འདིའི་རིན་གོང་སྒོར་དུ་རེད།  ངས་ཡང་བསྐྱར་དེ་ལྟར་དྲིས།  བཙོང་རྒྱུ་མིན།  ངས་ཉོ་ཁོ་ཐག་ཡིན།  ངས་མ་མོ་འདི་ཚེ་ཐར་གཏོང་རྒྱུ་ཞེས་ངས་དེ་ལྟར་བཤད་པ་ན།  ཀན་སུའུ་བ་དེས་དང་ཐོག་ཡ་མཚར་བའི་ཉམས་ཀྱིས་ང་ལ་བལྟས་འདུག་ལ། དེའི་རྗེས་བསམ་གཞིགས་རིང་མོ་ཞིག་གི་ཁྲོད་དུ་ལྷུང་།  འོད་མདངས་ལམ་ལམ་མཚེར་བའི་ཉི་གཞོན་དེ་ཁོའི་གདོང་ལ་འཕྲོས་པས་གདོང་ཡོངས་དམར་ལམ་ལམ་དུ་གྱུར་འདུག  ཁོས་བཤད་རྒྱུར།  ངས་ཁྱེད་ཀྱི་བསམ་ཚུལ་ལ་བརྩི་བཀུར་བྱ།  ཁེ་སྦོགས་མ་བླངས་ཀྱང་ཆོག།   སྒོར་སུམ་བརྒྱ་སུམ་ཅུ་སྟེར་རྒྱུ་བྱོས་ཟེར།  ཁོའི་བསམ་ཚུལ་ལ་འགྱུར་ལྡོག་བྱུང་བས་ངའི་ཡིད་སེམས་དགའ་བློང་བློང་དུ་གྱུར་ཅིང་།  མགྱོགས་མྱུར་ངང་གློ་ཁུག་ནས་སྒོར་མོ་བླངས་ཏེ་ཁོ་བོར་བྱིན་པ་ཡིན།  ཀན་སུའུ་བ་དེས་སྒོར་མོ་གློ་ཁུག་ཏུ་བཅུག་རྗེས་མ་མོའི་འདོགས་ཐག་ངའི་ལག་ཏུ་གཏད་བྱུང་།  ཁོས་མ་མོ་གཞན་དག་ཁྲིད་ནས་སོང་།  
  མ་མོ་འདི་ང་དང་ལས་འབྲེལ་ཡོད་པས་ངས་ཁོ་ཚེ་ཐར་བཏང་བ་དེའང་སྐྱེ་བ་ཐོག་མའི་ཐོག་མ་ཞིག་ནས་ཁོས་བསག་པའི་རྣམ་དཀར་གྱི་དགེ་བ་དེ་སྐྱེ་བ་ད་ཐེངས་འདིར་སྨིན་སོང་བས་རེད། ངས་རང་དབང་མེད་པར་མ་མོ་དང་ཁྱེད་གཉིས་གཞི་གཅིག་ཏུ་འཁྲུལ་སོང་།  ཁྱེད་ཀྱིས་ངའི་སྐད་ཆར་སྣང་དོགས་བྱེད་ཀྱིན་མེད་པར་མ་མོ་གཞན་པ་ཚོའི་རྒྱབ་གཟུགས་ལ་ཅེར་ནས་ཡང་ཡང་འབའ་ཀྱིན་འདུག   ཀན་སུའུ་བ་དེས་ཕྱིར་བལྟས་ཙམ་ཡང་མི་སློག་པར་མ་མོ་གཞན་དག་དང་མཉམ་དུ་སྲང་ལམ་ཆུང་ཆུང་དེའི་སྣེ་རུ་རིམ་གྱིས་མི་མཐོང་བར་གྱུར་། ངས་ད་ལྟ་མྱུར་དུ་ཚེ་སྲོག་གཅོད་རྩིས་ཡོད་པའི་མ་མོ་དེ་དག་ལ་འཕངས་སེམས་སྐྱེས་ཤིང་།  སྐེད་ནས་ཕྲེང་བ་བླངས་ཏེ་མ་མོ་དེ་གསུམ་པོས་བར་དོ་ནས་འཇིགས་སྐྲག་མྱོང་མི་དགོས་པའི་སྨོན་ལམ་བཏབ།   གསེར་མདོག་གི་ཉི་འོད་རེ་རེར་ཁྱེད་དང་ངའི་ལུས་སྟེང་དུ་འཕྲོས་ནའང་།  ཉི་འོད་འདིས་ང་ཚོའི་སེམས་ཀྱི་ཟབ་སར་གནས་པའི་སྐྱོ་སྣང་གི་ན་བུན་དེ་ཕར་མཐར་བསྐྲོད་མ་ཐུབ།  ངའི་སྒོར་མོ་འདིས་ཁྱོད་ཁོ་ན་ལས་སྐྱོབ་མི་ཐུབ། འུ་གཉིས་ཀས་ད་དུང་འཚོ་བ་སྐྱེལ་རྒྱུར་འདང་རེ་རྒྱག་དགོས། ངས་དེ་ལྟར་བཤད་པ་ན།  ཁྱེད་ཀྱིས་མགོ་བོར་ཡར་བཀྱགས་པས་ངས་ཁྱེད་ཀྱི་མིག་མཐའ་ཡོངས་རྗོགས་མིག་ཆུ་དྭངས་མོ་ཞིག་གིས་ཁེངས་འདུག་པ་མཐོང་།  ང་བསྐྱར་དུ་མར་ཙོག་ནས་ཁྱེད་ཀྱི་འཇམ་སིལ་སིལ་གྱི་སྤུ་ཉག་རེ་རེར་བྱིལ་བྱིལ་བྱསཤིང་། བལ་སྤུའི་སྟེང་དུ་རྩྭ་ཕུག་དང་ས་འདམ་ཁ་ཤས་འབྱར་འདུག  ངོ་མས་ཡ་མཚན་རེད།  ངའི་ཀླད་པའི་ནང་བཟང་མོ་དང་ཁྱེད་གཉིས་ངོ་བོ་གཞི་གཅིག་ཏུ་འཁྲུལ་འདུག  ཁྱེད་ཀྱི་ལུས་སྟེང་ནས་བཟང་མོའི་རྔུལ་ཆུ་དང་དྲི་ཞིམ་འདྲེས་མའི་དྲི་མ་དེ་སྣོམ་ཐུབ་ལ།   ཡུན་རིང་ལོན་པའི་དྲི་མ་འདིས་ངའི་དབང་བོའི་ཚོར་ཤེས་ཀྱི་སྒོ་མོ་དྲག་ཏུ་རྡུང་བས་ང་རང་ཁྱེད་ལ་སྔར་ལས་ལྡབ་འགྱུར་གྱིས་གཅེས་པར་གྱུར། ངས་རང་གི་གདོང་བ་ཁྱོའི་ལུས་ཀྱི་སྤུ་གསེང་དུ་གླན་ཏེ་དགའ་མགུའི་མིག་ཆུ་འགའ་ས་རུ་ཟགས།  དབེན་འཇགས་ཀྱི་སྲང་ཆུང་དེ་རུ་ངེད་གཉིས་ཀྱིས་ཕན་ཚུན་སྐྱོར་ནས་འོང་ཞིང་།
  ངས་ཁྱེད་རང་ཁང་བ་བཞི་སྐོར་མའི་ནང་དུ་ཁྲིད་ཡོང་དུས་ཁྱིམ་མཚེས་ཚོས་མཚར་སྣང་གིས་ང་ལ་བལྟ་ཞིང་བྱིས་པ་ཚོ་ཡང་དགའ་སྤྲོའི་ངང་རྒྱུག་ཡོང་ནས་ངའི་མཐའ་ལ་རུབ་བྱུང་།  ཨ་མྱེས།  འདི་ཁྱེད་ཀྱི་མ་མོ་ཨེ་རེད།  ངའི་རེད་།  འདིས་ཅི་ཞིག་ཟ་བམ།  རྩྭ་དང་སྔོ་ཚལ་ཟ་ཀིན་ཡོད་་་་་་   ཅེས་ངས་དེ་ལྟར་ལན་བཏབ།
   ཕྱི་དྲོར་ངས་ཁྱེད་ཀྱི་ཆེད་དུ་སྒེའུ་ཁུང་འགྲམ་དེ་གཙང་མ་ཕྱགས་ཤིང་ཕྱི་ནས་བཏུས་འོང་བའི་གཡུགས་མ་ཕོད་པའི་གད་སྙིགས་ཚང་མར་སྒོར་གཡུགསཏེ་ཁྱེད་ལ་མལ་ས་བཅོས།  ཁྱེད་ཀྱི་མཚར་སྣང་གི་མིག་ཟུང་གིས་ང་ལ་ཅེར་འདུག་ལ། གློག་མདོག་གི་སྣ་ཁུང་དེ་སྐབས་རེ་འགུལ་ཙམ་བྱེད།  ཁྱེད་ཀྱི་ལུག་ཚང་ངས་བསྐྱིལ་ཟིན། དེ་རིང་ནས་བཟུང་ཁྱེད་ཀྱི་ཚེ་མཇུག་འདི་ནས་སྐྱེལ་དགོས།  ངས་དེ་ལྟར་བཤད་ཚར་བ་ན།  ཁྱེད་ཀྱིས་ངའི་སྐད་ཆ་ཉན་རྗེས་སྔར་བཞིན་ང་ལ་མིག་གིས་ཅེར་འདུག  ངས་བསམ་ན་ཁྱེད་ཀྱིས་ངའི་སྐད་ཆ་གོ་མེད་པ་འདྲ།  མཆོང་རྒྱུག་སྤེལ་བཞིན་པའི་དུས་ཚོད་ཀྱི་མདའ་ཁབ་དེས་ཉི་མ་ནུབ་རིའི་ཕང་བར་བསྐྱལ་འདུག།  ངས་ཐོག་མར་ཁྱེད་ལ་བཟའ་རྒྱུ་ཁ་ཤས་ཉོ་རུ་འགྲོ་དགོས།  པར་སྐོར་ནས་དབྱི་སི་ལན་གྱི་ལྷ་ཁང་བར་དུ་འཐེན་པའི་སྲང་ལམ་ཆུང་ཆུང་དེ་རུ་དགོང་མོར་ཐང་ལ་སྔོ་ཚལ་བཀྲམས་པའི་སི་ཁྲོན་གྱི་ཚོང་བ་ཤིན་ཏུ་མང་།  སྔོ་ཚལ་འཚོང་ས་ཤིག་ནས་ངས་ཚོད་དཀར་རྒྱ་མ་བཅུ་ཉོས་ཤིང་། ད་དུང་རུལ་ནས་ཐང་ལ་དོར་བའི་ཚོད་མའི་ལོ་མ་རྣམས་བཏུས་རྗེས་ཕྱིར་ཁྱིམ་དུ་འཁྱེར་ཡོང་ནས་གཙབས་ཏེ་ཁྱོད་ལ་བྱིན་པ་ཡིན།  ཁྱེད་ནི་དེ་འདྲའི་བག་ཡངས་སུ་འདུག་ལ།  མགོ་བོ་མར་སྒུར་ཏེ་ཁམ་ཆུང་རེ་རེར་བྱས་ནས་ཟ། སྐབས་རེར་འོད་མདངས་མཚེར་བའི་མིག་ཟུང་གིས་ང་ལ་ཅེར་རེར་བལྟ་བར་བྱེད།  ཁྱེད་ཀྱི་མིག་མདངས་ལས་བག་ཡངས་ཀྱི་ཉམས་ཤིག་མངོན་ཡོད་ནའང་།  སྐབས་རེར་ཐེ་ཚོམ་དང་འཇིགས་སྐྲག་གི་སྣང་བ་རེར་ཤར་ཀྱིན་མཆིས།  ངས་ཁྱེད་ལ་བལྟས་རྗེས་ཡིད་སེམས་རབ་ཏུ་སྤྲོ་བའི་ངང་གད་མོ་ལྷང་ལྷང་དུ་བགད།   ང་རང་ཁྱེད་ཀྱི་དཀར་སང་སང་གི་སྤུ་མདོག་དང་ཚོར་བ་རྣོ་བའི་མིག་ཟུང་ལ་ཤིན་ཏུ་དགའ།  མ་མོ་ཁྱོད་འདི་ད།  ཁྱེད་ཀྱི་ཆེད་དུ་ངས་དེ་རིང་ཕྱི་དྲོའི་ཆང་ཐེངས་གཅིག་འཐུང་རྒྱུ་དེའང་གཏན་ནས་བརྗེད་སོང་།  ཨ་ཤུ།  ཕྱི་དྲོའི་དུས་ཚོད་དེའང་མིག་རྡེབ་དབང་ཙམ་ལ་ཡལ་སོང་།  སྔར་ཡིན་ཚེ་འཁྱོལ་དཀའ་བའི་དུས་ཚོད་རིང་མོ་འདི་ངས་ཇི་ལྟར་ཕར་སྐྱེལ་དགོས་པ་མི་ཤེས་པ་གྱུར་ཡོད་ངེས།  
   དགོང་མོར་དེར་ང་གཉིད་ཧ་ཅང་མ་བདེ་བས་ཞག་གང་བོར་སེམས་སུ་ཁྱེད་རང་དྲན་འོང་ཞིང་།  མཚན་གང་བོར་་ཐེངས་གསུམ་སད་བྱུང་བས་སད་ཐེངས་རེར་སྒོར་བུད་དེ་ཁྱེད་ལ་བལྟ་རུ་སོང་བ་ཡིན།   ཐེངས་རེར་ཁྱེད་རང་གཉིད་པ་ཧ་ཅང་བདེ་ཞིང་། མལ་ཚང་དུ་ཁྱེད་ཀྱིས་མགོ་བོ་ཆུང་ཆུང་དེ་བྲང་གཞུང་དུ་བསྙེས་ནས་ལུས་ཀུམ་ཀུམ་གྱི་ཉལ་སྟངས་དེ་ཇི་འདྲའི་སྙིང་རྗེ་བོ་ཞིག་རེད།  བཟང་མོའི་ཉལ་སྟངས་དེ་ཕལ་ཆེར་ཁྱེད་དང་གཅིག་མཚུངས་སུ་སྣང་བས། ཁྱེད་གཉིས་ཇི་འདྲའི་མཚུངས་ཨང་།   ང་ཁྱེད་ཀྱི་མགྲམ་ཏུ་ཙོག་བཞིན་དུས་ཡུན་རིང་བོར་ཁྱེད་ལ་ཅེར་ཅིང་སེམས་ཁོངས་ཧྲིལ་བོར་སྤྲོ་སྣང་གིས་ཁེངས།  གཉིད་ལས་སད་པ་ན་ཁང་བ་བཞི་སྐོར་མའི་ནང་མི་རྣམས་ཕར་འགྲོ་ཚུར་འགྲོ་བྱེད་ཅིང་།  སློབ་གྲྭ་འགྲོ་བའི་བྱིས་པ་ཚོའི་དགོད་སྒྲ་ཡང་ཐོས་བྱུང་།  ང་གཉིད་ལས་སད་རྒྱུར་འགོར་དྲགས་པས་མགྱོགས་མྱུར་ངང་མལ་ལས་ལངས།  
  ངས་ཐག་མདུད་གྲོལ་ནས་ཁྱོད་ཁྲིད་དེ་གླིང་སྐོར་དུ་འགྲོ་རྩིས་བྱས་པ་ན།  འབའ་་་་ འབའ་་་་་ཞེས་ཁྱེད་ཀྱི་འབའ་སྐད་འཐེན་བཞིན་རྐང་ལག་བཞི་བོར་སྲ་བརྟན་སེ་རྡོ་ལེབ་ངོས་སུ་གཏད་དེ་ལུས་ཕྱིར་མནུར་བྱུང་།  ར་བའི་དཀྱིལ་དུ་འཐུང་ཆུ་ལེན་བཞིན་པའི་ཁྱིམ་མཚེས་ཚོས་ཚུལ་འདི་མཐོང་བས་ང་ལ་རོགས་བྱས་ཏེ་ཁྱེད་ཀྱི་ཕྱི་ནས་ཡར་དེད་བྱུང་།  ཁྱེད་ལ་ཐབས་ཟད་སོང་བས་ངའི་གཞུག་མི་འདེད་ག་མེད་ལ་ཐུག།  ངེད་གཉིས་སྲང་ལམ་ཆུང་ཆུང་དེ་བརྒྱུད་ནས་སོང་བ་ན་ལྷ་སའི་དཔྱིད་ཆུའི་ཁར་སླེབས།  སྔོ་ལྡེམ་མེར་འཁྱིལ་བའི་གཙང་བོ་དེ་ལམ་གང་བོར་ངེད་གཉིས་དང་འགྲོགས་ནས་འོང་ཤིང་།  བསིལ་འཇམ་གྱི་རླུང་བུ་དལ་བུར་ལྡང་བས་ངའི་དུང་ལྟར་དཀར་བའི་དབུ་སྐྲ་ལྷབ་ལྷུབ་དུ་གཡོས་བྱུང་།  ལྕགས་པོ་རིའི་རྩེ་མོར་འགོས་དུས་ཁྱེད་ཀྱིས་ཡང་བསྐྱར་གཅེས་ལངས་བྱས་ནས་རི་ལམ་གཟར་མོ་དེ་ཅི་བྱས་ཀྱང་མི་འགོ་བས།  སྐོར་བ་འགྲོ་མཁན་སྐོར་ཞིག་གིས་ཁྱེད་ཀྱི་གཞུག་ནས་ཕུད་འདེད་བྱས་ཤིང་།  ངས་མདུན་ཕྱོགས་ནས་ཤེད་ཀྱིས་འཐེན།  འདི་ལྟར་རེ་ཞིག་འགོར་རྗེས་ངའི་ལུས་ཧྲིལ་བོར་རྔུལ་ཆུས་བརླན་ཞིང་སྟོབས་ཤུགས་ཡོད་ཚད་ཟད་ནས་ཐང་ཆད་པར་གྱུར།  ང་རང་ངལ་དུབ་ཀྱིས་ཁེངས་པས་ཁོང་ཁྲོ་ལངས་བཞིན།  ཁྱེད་ཀྱིས་སླར་ཡང་འདི་ལྟར་བྱེད་ཚེ་ངས་ཁྱོད་ཀན་སུའུ་རྒྱ་མི་དེའི་ལག་ཏུ་སྤྲོད་རྒྱུ་ཞེས་སྐད་གསེང་མཐོན་པོས་དེ་ལྟར་ལབ་པ་ན།  ཁྱེད་ཀྱི་མིག་ཟུང་ལས་དངངས་སྐྲག་ཅུང་སྐྱེས་ཤིང་མགོ་བོར་མར་སྒུར་ནས་ང་ལ་བལྟ་མི་ཕོད་པ་གྱུར།  མ་འཚབ།  ཁྱེད་ཀྱིས་ཁོ་ཐེངས་དང་བོར་སྐོར་བ་ཁྲིད་པ་ཡིན་པས་ཕལ་ཆེར་ཅུང་སྐྲག་ཡོད་ཚོད་རེད།  ཁོ་བོར་ངལ་གསོ་རུ་བཅུག་དང་།  ངས་ཁྱེད་ལ་རོགས་བྱེད།  ཁོའི་ལུས་འདར་ནོ་བལྟོས་ར།  ཁོ་སྐྲག་འདུག།  རི་མགོའི་ལམ་ཕྲན་དོག་མོ་དེ་རུ་མི་བརྒྱད་དགུ་ཙམ་རུབ་ནས་ཡོང་སྟེ་ཁོ་ཚོས་ལབ་གླེང་བྱེད་འགོ་བརྩམས།  རླུང་རྟའི་དར་ལྕོག་རྣམས་བསིལ་འཇམ་གྱི་རླུང་བུའི་ཁྲོད་དལ་བུར་གཡོ་ཞིང་ཤུར་སྒྲ་སྒྲོག་ཀིན་འདུག།  མ་ཎིའི་རྡེའུ་འབུམ་བརྐོ་མཁན་དེས་ལམ་འགྲམ་ནས་དཀྱིལ་ཀྲུང་དུ་བསྡད་རྗེས་རྡོ་ལེབ་རེ་རེའི་སྟེང་ཡམ་ཡོམ་ཆམ་ཆོམ་གྱི་སྒྲ་སྣ་ཚོགས་སྒྲོག་བཞིན་མ་ཎིའི་གཟུངས་སྔགས་བརྐོ་བཞིན་འདུག   ཨ་མ་བགྲེས་མོ་ཞིག་གིས་རྒྱབ་ཁུག་ནས་རྩམ་པ་མཆིང་བུ་ཞིག་བླངས་ནས་ཁྱེད་ཀྱི་ཁར་གཏོད་དུས་ཁྱེད་ཀྱི་སྣ་བུག་འགུལ་ཙམ་བྱེད་བཞིན་རྩམ་པར་ལྕེ་ལྡག་བྱས། སྙིང་རྗེ་བའི་མ་མོ།  ཁྱེད་ཚེ་ཐར་བཏང་བ་ཡིན་པས་སྐྲག་མི་དགོས།  སུས་ཀྱང་ཁྱེད་ལ་གནོད་སྐྱེལ་མི་སྲིད་ཟེར་ཞིང་མ་མོ་དེའི་མགོ་ལ་བྱིལ་བྱིལ་བྱས་རྗེས་ལག་ཡང་མོས་སྒལ་གཞུང་དུ་རྡེབ་ཙམ་བྱས་པ་ན།  ཁྱེད་ཀྱིས་དེ་མ་ཐག་སེམས་དོན་གོ་བ་ཇི་བཞིན་རི་རྩེ་དེ་རུ་ཤར་མར་འགོས་པས་ངས་མྱུར་མོར་ཐག་སྣེར་བཟུང་ནས་སྔུན་ལ་རྒྱུག་པ་ཡིན།  ངེད་གཉིས་ཀྱི་གཞུག་ཏུ་མི་རྣམས་ཀྱིས་ཁ་བཏོན་འདོན་བཞིན་པའི་སྒྲ་དིར་དིར་དུ་མཆེད་འོང་།   
   ཅུང་མ་འགོར་བར་ང་ཚོ་ཚང་ཆེན་ཇ་ཁང་དུ་འབྱོར།  ངས་ཁྱོད་སྒོ་ཁར་བཏགས་རྗེས་ཞབས་ཕྱི་བ་དེར་ཁྱེད་ལ་སྔོ་ཚོད་ཀྱི་ལོ་མ་ཁ་ཤས་སྟེར་དུ་བཅུག།  ཁོ་མོས་གཡོས་ཁང་ནས་སྔོ་ཚལ་གྱི་ལོ་མ་འཁྱེར་ཡོང་ནས་ཁྱེད་ལ་བྱིན།  ཞབས་ཕྱི་བ་གཅིག་རྒྱུག་ཡོང་ནས་ཚེ་ཐར་གཏོང་རྒྱུ་ཡིན་ནམ་ཞེས་དྲིས་བྱུང་། ངས་ཚེ་ཐར་ཞིག་ཡིན་ཞེས་ལན་བཏབ།  དེ་ན་ཁྱེད་ཀྱིས་འདི་ལ་རྣར་འབུག་པའམ་ཡང་ན་རྒྱབ་ལ་ཚོན་བྱུགས་འོས་ཞེས་ཞབས་ཕྱི་བས་དེ་ལྟར་བཤད་བྱུང་།  དེ་དག་ངས་ཤེས་ཡོད།  འོན་ཀྱང་ངས་འདི་ད་སོ་མ་ཉོས་པ་ཡིན།  དེ་ལྟར་བཤད་ན་ངས་རྣར་འབུག་མི་ཤེས་ཞེས་པར། ནངས་ཁར་ཁྱེད་ཀྱི་ཁྲིད་ལ་ཤོག་དང་། ངས་ཁྱེད་ལ་རྣར་འབུག་རོགས་བྱེད་ཅེས་ཇ་འཐུང་བཞིན་པའི་རྒན་པོ་ཞིག་གིས་སྐད་ཆའི་ཚིག་མཚམས་བཅད་ནས་དེ་ལྟར་ལབ་བྱུང་།  ཁོའི་ལུས་ལ་ཕྲུག་ལྭ་གྱོན་ཅིང་སྨྲ་ར་དཀར་བོར་བྲང་གཞུང་དུ་འཕྱངས་འདུག།  དེ་ཧ་ཅང་བཟང་། ངས་ཁྱེད་ལ་དཀའ་དྲིན་ཞུ་ཞེས་ངས་ཁོ་བོར་དྲིན་གཟོའི་ཚིག་འགའ་བཤད་པ་ན།  ཁོས་མ་མོར་རྣ་འབུག་པའི་ལག་རྩལ་དེ་ཁོ་བོར་བྱང་ཡོད་རབས་དང་མ་མོར་ན་ཟུག་གི་ཚོར་བ་ཅུང་ཙམ་ཡང་སྐྱེ་མི་སྲིད་རབས་གླེང་བྱུང་།  ཁོ་བོའི་ཡིད་ཆེས་དེས་ངའི་སེམས་ཅུང་བདེ་ལ་འབབ་ཏུ་བཅུག།  ཁྱེད་ཀྱི་ཁུག་མ་ང་ལ་བྱིན་དང་། ངས་ཁྱེད་ལ་སྔོ་ཚལ་གྱི་ལོ་མ་ཁ་ཤས་སྟེར་ཟེར། ཞབས་ཕྱི་བས་ངའི་རྒྱབ་ཁུག་འཁུར་ནས་སོང་།  ངས་སྔོ་ཚལ་གྱི་ལོ་མ་རས་ཁུག་གང་སེ་ཡོད་པ་རྣམས་རྒྱབ་ལ་ཁུར་རྗེས་ཁྱོད་ཁྲིད་དེ་ར་མོ་ཆེའི་གཙུག་ལག་ཁང་གི་སྒོ་ཁར་བརྒྱུད་ནས་སོང་། སྲང་ལམ་གཡས་གཡོན་གྱི་ཚོང་ཁང་ཆེ་ཆུང་ཚང་མས་སྒོ་ཕྱེས་ནས་ཚོང་གཉེར་བྱེད་འགོ་བརྩམས་ལ།  རོལ་དབྱངས་ཀྱི་མཛེར་སྒྲས་བར་སྣང་ཁྱབ་ཅིང་། སྐབས་འགར་གོང་བདེའི་ཚོང་འབོད་བྱེད་པའི་སྒྲ་དེའང་གསལ་བོར་ཐོས་ཐུབ།།  ངས་གློ་བུར་དུ་ཁྱེད་རང་ར་མོ་ཆེའིགཙུག་ལག་ཁང་དུ་ཁྲིད་དེ་ཇོ་བོ་མི་བསྐྱོད་རྡོ་རྗེའི་ཞབས་ལ་ཐོད་པ་གཏུགས་ནས་ཚེ་ཕྱི་མར་ལམ་བཟང་བོ་ཞིག་རྙེད་རྒྱུར་འབད་པ་བྱ་དགོས་སྙམ།  ང་ཚོ་བསང་དུ་སྔོན་མོར་མཁའ་རུ་དཀྲིས་པའི་ཁྲོད་ནས་ཕར་སོང་བས་ར་མོ་ཆེའི་གཙུག་ལག་ཁང་གི་སྒོར་ཐོན་ཞིང་ཁྱེད་ཀྱིས་ཡ་མཚར་བའི་མིག་ཟུང་གིས་ང་ལ་ཅེར་རེ་བལྟས་འདུག།  གྲྭ་བ་ཞིག་གིས་ང་ཚོའི་མདུན་བཀག་ནས་ལྷ་ཁང་དུ་འགྲོ་རུ་མ་བཅུག  ཁྱེད་ཁྲིད་དེ་སོང་ན་ལྷ་ཁང་རྩིང་བཙོག་བཟོ་ངེས་རེད་ཟེར། ངས་ཁོ་བོར་ཞུ་བ་བྱས་ཏེ།  ཁྱེད་ཁ་སང་སོ་མ་ཁྲོམ་ནས་ཉོས་ཡོང་ཚུལ་དང་ཚེ་ཐར་གཏོང་རྒྱུ་ཡིན་པ་སོགས་ཁོ་ལ་བཤད།  མཇུག་མཐར་ཁོས་ཁྱེད་ནང་དུ་བཏང་བྱུང་།  ངས་ཁྱེད་ལ་མཆོད་མཇལ་ཡག་པོ་བྱས་ནས་བློ་སེམས་རྩེ་གཅིག་གིས་གསོལ་བ་ཐོབ་ཞེས་དྲན་སྐུལ་བ་ན།  ཁྱེད་ཀྱིས་གོ་སོང་བ་ལྟར་ངའི་རྗེས་དེད་ནས་འོང་།  ཁྱེད་ཀྱི་མིག་ཟུང་དེ་བྱམས་བརྩེས་ཁེངས་པའིལྷ་སྐུ་དང་ཁྲོ་གཉེར་བསྡུས་པའི་ཆོས་སྐྱོང་སྲུང་མའི་སྟེང་བསྐོར་བ་ན། འཇིགས་དངངས་འདྲེས་མའི་དད་པ་ཞིག་ཕྱི་རུ་མངོན་ཡོང་ལ།  ལུས་བོ་ཅུང་སྒུར་སྒུར་བྱས་ཏེ་གོམ་སྟབས་ཡང་མོར་ལེན་པར་བྱེད།  ངས་ཁྱེད་ཀྱི་མིག་མདངས་ཁྲོད་ནས་ཁྱེད་རང་འདུ་ཤེས་ཡོད་པའི་མ་མོ་ཞིག་ཡིན་པ་རྟོགས་ལ།  ཁྱེད་ཀྱིས་ངའི་གཞུག་དེད་ནས་དགེ་བ་མང་བོ་འགྲུབ་ངེས་ཤིང་། དགེ་བའི་ལས་ཕྲ་མོ་ཙམ་ནས་དགེ་བ་ཕུན་སུམ་ཚོགས་པ་སྤྱད་ནས་མཐར་རྣམ་དཀར་གྱི་ལས་འབྲས་བཟང་བོ་སྨིན་ཐུབ་པ་ང་ལ་ཡིད་ཆེས་ཡོད།  
  ངེད་གཉིས་ར་མོ་ཆེའི་གཙུག་ལག་ཁང་གི་ར་ནང་དུ་དྲོད་སོབ་སོབ་ཀྱི་ཉི་མ་ལྡེ་ནས་ངལ་གསོས་པ་ཡིན།  བསང་དུད་དང་མཆོད་མར་གྱི་དྲི་བསུང་གང་སར་མཆེད་ཅིང་སྐབས་འགར་རྔ་སྒྲ་དལ་བུར་གྲགས་འོང་བ་དེས་ང་ཚོའི་སེམས་ཁམས་དེ་ཟང་ཟིང་གི་འུར་སྒྲ་དང་རིང་དུ་བཀྱེད་ནས་ཡིད་སེམས་ལྷང་ལ་འབབ་ཐུབ་པ་བྱུང་།  ངས་ཁོ་བོར་ཁྱེད་ཚོ་ལུག་རྣམས་ཡ་རབས་དག་དག་ཡིན།  ཁྱེད་ཀྱིས་ཤེས་སམ།  སྲོང་བཙན་སྒམ་པོས་ཇོ་ཁང་གསར་བཞེངས་བྱེད་སྐབས་ར་ལ་ས་བཀལ་ནས་མཚོ་བསུབ་པ་ཡིན་པས་བྱས་རྗེས་བླ་ན་མེད་པ་བཞག།  ད་སྐབས་ཇོ་ཁང་དུ་ར་ཞིག་ལ་མཇལ་སའང་ཡོད་ཅེས་བཤད་པ་ན། ཁྱེད་ཀྱིས་ངའི་སྐད་ཆར་ཉན་རྗེས་མ་ནེ་ངའི་བླ་ཐོག་ཏུ་བཞག་ནས་འདུག  ངས་ཁྱེད་ཀྱི་མ་ནེ་འཕྲུག་ཙམ་བྱས་པ་ན་ཁྱེད་དགའ་ནས་མིག་ཟུང་བཙུམ་བྱུང་།  ངས་ཁྱེད་ཀྱི་ལུས་ཕུང་མི་གཙང་བ་དང་ལུག་སྤུ་རྣམས་ནག་པོར་གྱུར་འདུག་པ་ཤེས་ཡོད་པས།  ཁྱིམ་དུ་ཐོན་རྗེས་ངས་ཁྱེད་ལ་མཁྲུས་བྱས།    ཆུ་སྦུག་འོག་ཏུ་ཁྱེད་རང་གཡུང་མོར་བྱས་ནས་འདུག་ཅིང་དངུལ་མདོག་གི་ཆུ་རྒྱུན་དེ་ཁྱེད་ཀྱི་སྒལ་གཞུང་ནས་ཆུ་ཐིག་རེ་རེ་བཞིན་འགྲིལ་ཏེ་ཆུ་དོང་ནས་མར་བསག་འགྲོ།  ང་རྐང་རྗེན་དུ་བུད་དེ་ཁྱེད་ལ་འདག་རྫས་བསྐུས་ཤིང་ལག་མཛུ་བཅུ་བོར་ཁྱེད་ཀྱི་ཚ་རུ་འཁྱིལ་བའི་མཇམ་མཉེན་གྱི་སྤུ་གསེང་དུ་བསྲིངས་ཏེ་རྐེད་པ་ནས་ཕོ་བའི་བར་ཡར་མར་བྲད་པས།  ཁྱེད་ཀྱི་བདེ་སྣང་དེ་ངའི་མཛུ་གུས་ཀྱང་མྱོང་ཐུབ་ཀྱིན་འདུག  ངས་ཡང་བསྐྱར་ཆུ་སྦུག་གི་གཅུས་སྒོ་ཕྱེ་བས་དཀར་ཆིལ་ཆིལ་གྱི་ཆུ་རྒྱུན་དེ་ཁྱེད་ཀྱི་སྤུ་གསེང་དུ་བཞུར་མ་ཐག་ཆུ་མདོག་རྙོག་རྫོབ་ཏུ་གྱུར། ངས་ཡང་བསྐྱར་འདག་རྫས་བསྐུས་ནས་བསྐྱར་དུ་བཀྲུས་པ་ན།  ཁྱེད་ཉིད་གནམ་ནས་ལྷུང་བའི་འདབ་དྲུག་གི་ཁ་བ་བཞིན་དཀར་སེང་སེང་དུ་གྱུར་བས་ངའི་མིག་ལ་ན་ཟུག་སྟེར་བར་བྱེད།  ཨ་ཤུ།  ལོ་ངོ་བཅུའི་ཡར་སྔོན་དུ་བཟང་མོ་འཇིག་རྟེན་ན་ཡོད་དུས།  ངས་ནམ་ཡང་འདི་ལྟར་བཟང་མོའི་མགོའི་སྐྲ་བཀྲུ་རོགས་བྱས་ཤིང་།  བཟང་མོའི་དཀར་ཞིང་གཙང་བའི་མགུལ་བ་དེའང་ཉི་འོད་ཁྲོད་འདི་ལྟར་མིག་ལ་མཚེར་སྣང་སྟེར་བ་ཞིག་རེད།  དེ་ལྟབུའི་སྤྲོ་སྐྱིད་ཀྱི་ལོ་ཟླ་དེ་ངའི་ཞེ་བསམ་པའི་དྲན་ཡུལ་ནས་ཡལ་ཏེ་དུས་ཡུན་རིང་བོ་རིང་བོ་ཞིག་འགོར་སོང་།  སྐབས་འདིར་ང་ལ་མཚོན་ན་དེ་ལྟ་བུའི་སྤྲོ་སྐྱིད་ཀྱི་འཚོ་བ་བསྐྱར་དུ་རྙེད་ཐུབ་སོང་བ་དང་མཚུངས།  ངེད་གཉིས་རང་ཁྱིམ་གྱི་སྒེའུ་ཁུང་འོག་ནས་བསྡད་དེ་སོ་མས་ཁྱེད་ཀྱི་ལུག་བལ་རྣམས་ལེགས་པར་ཤད།  ཁྱེད་ཀྱི་ལུས་ཕུང་ང་ལ་བཅར་ཏེ་མགོ་བོ་ངའི་བྲང་གཞུང་དུ་འབྲད་ཙམ་བྱེད།  འཁྱོག་ཅིང་གུག་པའི་ར་ཅོ་གཉིས་པོས་ངའི་སྐམ་རིད་ཀྱི་བྲང་ཁར་ན་ཟུག་བསླང་བས།  ངས་མྱུར་དུ་ཁྱེད་ལ་མཚམས་འཇོག་ཏུ་བཅུག  ང་ཕྱིར་ཁྱིམ་དུ་སོང་ནས་མར་ཅུང་འཁྱེར་ཡོང་སྟེ་ཁྱེད་ཀྱི་ར་ཅོའི་སྟེང་བྱུགས་པས་རྭ་རིས་རྣམས་གསལ་ལེར་མངོན་བྱུང་།  ཁྱེད་འོང་བ་དེས་ང་ལ་ཉིན་རྒྱུན་སྒྲུབ་མི་ཚར་བའི་ལས་ཀ་སྒྲུབ་རྒྱུ་ཡོད་པ་མ་ཟད་སེམས་བརྟེན་ས་དང་ཞེ་འཁྲེང་ས་རེར་ཡོད་པར་གྱུར་ཅིང་བཟང་མོའི་དྲན་པ་ཐ་་ཐོར་རེ་ངའི་དྲན་འཛིན་ངོགས་སུ་གསོན་པོར་གནས་ཐུབ་པར་བྱས།   ད་ལྟ་ང་སྔར་བཞིན་ཆང་ཁང་དུ་བཟི་ནས་ར་རོ་རུ་གྱུར་མི་འོས་པར་ཁྱེད་སེམས་ལ་དྲན་དགོས་ཤིང་།  ཁྱེད་ལ་གཟན་རྩྭ་སྟེར་རྒྱུ་དྲན་དགོས།  
   ཁ་སྐོམ་ནས་འདུག་མི་བཟོད་པས་ངས་ར་ཟེའུ་བཟུང་ཏེ་ནས་ཆང་ཉོ་རུ་སོང་། ཕྱིར་ཁྱིམ་དུ་ཐོན་རྗེས་ཤིང་གིས་བཟོས་པའི་ཨོང་བཀྱག་དམའ་མོར་བསྡད་དེ་སྒལ་གཞུང་ཉི་ནུབ་ཀྱི་འོད་ཟེར་ལ་གཏད་ནས་ཆང་འཐུང་ཞོར་ཁྱེད་ལ་བལྟས་ནས་བསྡད།  ཁྱེད་རང་མདུན་དུ་ལངས་ཏེ་བཟང་མོ་ལྟབུའི་ཁེངས་སྐྱུང་ཞི་དུལ་གྱི་མིག་ཟུང་གིས་ང་ལ་བལྟས་འདུག། མིག་མདངས་འདིས་ངའི་སེམས་ངོགས་སུ་བརྐོས་པའི་སྐྱ་ཐང་ཐང་གི་ལོ་ཟླའི་རི་མོ་དག་གཙང་མར་བཀོག་ཅིང་ཡིད་སེམས་ལྷོད་ལ་འབབ་དུ་བཅུག།  ད་དུང་ཆང་འདི་མགྲིན་པའི་འགག་འཕྲང་བརྒྱུད་སྐབས་ཅིའི་ཕྱིར་ཞིམ་མངར་གྱི་བྲོ་བ་ལྡན་སོང་བ་ཡིན་ནམ། དེ་སྔར་ཆང་འཐུང་སྐབས་ཞིམ་མངར་གྱི་བྲོ་བ་འདི་ཅིའི་ཕྱིར་མ་ཚོར་བ་ཡིན།  འདི་ནི་ནང་སེམས་ཁམས་ཀྱི་འགྱུར་ལྡོག་ལ་རགས་ལས་སོང་བ་ཨེ་རེད།  ངས་ངོ་མས་བཤད་མི་ཤེས། ངས་ཁམ་བུ་གང་རེ་གང་རེ་བྱས་ནས་འཐུང་བ་ན།  ཞིམ་མངར་གྱི་བྲོ་བ་དེ་ལྕེ་རྩེ་བརྒྱུད་ནས་ཀླད་པ་ཡོངས་སུ་ཁྱབ་འགྲོ་བས་ལུས་ཕུང་ཧྲིལ་བོར་བདེ་སྤྲོའི་ཚོར་བ་ཞིག་གིས་ཡོངས་སུ་ཁྱབ་འགྲོ།    དགོང་མོར་དེ་ང་གཉིད་ཧ་ཅང་བདེ་བས་རྨི་ལམ་གཅིག་ཀྱང་རྨིས་མ་བྱུང་།
   ཕྱི་ཉིན་ཁབ་མགོར་སྣུམ་བྱུགས་ཏེ་ཁྱེད་ཀྱི་རྣ་གཉིས་པོར་རྣ་ཁུང་ཕིག་རྗེས་རས་ལྷེབ་དམར་བོ་གཉིས་སྣ་ཁུང་དུ་བཏགས།  འདི་ལྟར་བྱས་རྗེས་ཁྱེད་ལ་མི་རྣམས་ཀྱིས་སྣང་དོགས་བྱེད་སྲིད།   བཟང་མོ།  ཁྱེད་རང་མྱུར་དུ་སྐྱེ་བ་སྤར་ཆེད་ངས་ཉིན་རྒྱུན་ལུག་ཚེ་ཐར་ཁྲིད་ནས་བསྐོར་བ་སོང་བ་ཡིན་ལ། ངས་མ་མོར་འདིར་ཁྱེད་དང་དབྱེ་བ་མེད་པའི་བརྩེ་འདང་བཟུང་ཡོད།   བཟང་མོ།  ད་ལྟ་ཁྱོད་སླར་ཡང་ངའི་རྨི་ལམ་དུ་གཏན་ནས་འཁོར་མ་མྱོང་བས་ཁྱེད་ཀྱི་གནས་བབ་ག་འདྲ་ཡིན་པ་ངས་རྟོགས་མི་ཐུབ།  གོ་སྐབས་རེ་ཡོད་སྲིད་ཚེ་ཁྱེད་ཀྱིས་ང་ལ་རྨི་ལྟས་ཤིག་སྟོན་རོགས།  
  ད་ལྟ་མི་རྣམས་ཀྱིས་ང་དང་མ་མོ་དཀར་མོ་གཉིས་ཀ་ནམ་རྒྱུན་གླིང་སྐོར་བརྒྱུད་ནས་བསྐོར་བ་འགྲོ་བཞིན་པ་མཐོང་ཐུབ། ཁྱེད་ཀྱི་རྣ་ཅོག་སྟེང་གི་རས་ལྷེབ་དམར་བོ་དེ་དང་སྒལ་གཞུང་དུ་བྱུགས་པའི་ཚོན་རྩི་དམར་བོས་མི་རྣམས་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མ་བྱུང་བར་དུ་ཁྱེད་ཀྱི་ཚེ་མཇུག་དེ་དགག་མེད་ལྷུན་འགྲུབ་ངང་སྐྱེལ་རྒྱུ་ཡིན་པ་གསལ་ལེར་བསྟན་པ་རེད།
   ངས་ཁྱོད་ཁྲིད་དེ་ཟླ་བ་གཅིག་ཙམ་ལ་གླིང་སྐོར་དུ་སོང་རྗེས།  ཁྱེད་རང་སྐོར་ལམ་ཡོངས་རྫོགས་ལ་ཆ་རྒྱུས་ཡོད་པར་གྱུར།  དེ་རིང་ནས་བཟུང་ངས་ཁྱེད་ཀྱི་སྐེ་མདུད་གྲོལ་ཏེ་ངེད་གཉིས་གཅིག་རྗེས་གཅིག་གིས་འདེད་བཞིན་བསྐོར་བ་སོང་བ་ཡིན།  ངས་རས་ཁུག་ནང་དུ་གོ་རེ་སྐམ་པོ་འགའ་དང་ཇ་ཕོར་རྣམས་བཅུག་རྗེས་རྒྱབ་ཏུ་ཐོགས་ཤིང་ལག་ཏུ་ཕྲེང་བ་འདྲེན་བཞིན་སྐོར་བ་སོང་།  ང་འགྲོ་ཞོར་འདུག་ཞོར་དུ་ཁྱེད་རང་ངའི་གཞུག་དེད་དེ་ཡོང་ཀིན་ཡོད་མེད་ལ་བལྟས་ཤིང་།  གཞུང་ལམ་བརྒྱུད་ནས་འགྲོ་དུས་ངས་ཁྱེད་རླངས་འཁོར་དང་གདོང་གཏུགས་ཁེལ་འགྲོ་སྙམ་ནས་ཁྱོད་ཁྲིད་ནས་སོང་།   ལམ་བར་དུ་མི་ཆ་ཡོད་ཚོར་ཐུག་ནས་ཁོ་ཚོར་ཁ་བརྡ་བྱེད་སྐབས་ཁྱེད་རང་ངའི་མགྲམ་དུ་བཅར་ཏེ་ལུས་ཙོག་ཙོག་དུ་འདུག་པས།  ངོ་ཤེས་ཚོས་བཤད་རྒྱུར།  སྙན་གྲགས་ལགས།  ཁྱེད་ཀྱིས་དགེ་བ་བླ་ན་མེད་པ་སྒྲུབ་ཡོད་པས།  ལས་འབྲས་བཟང་བོ་འཁོར་ངེས།  མ་མོ་འདིས་མི་སེམས་ཤེས་ནོ་བལྟོས་ར།   སྙན་གྲགས་ལགས།  མ་མོ་འདིའི་སྐེད་ལ་དྲིལ་ཆུང་ཞིག་བཏགས་ཡོད་རྒྱུ་ན།  ཁྱེད་ཀྱིས་ནམ་ཡང་འདི་ལྟར་ཕྱི་བལྟས་སློག་མི་དགོས།   ཁྱེད་དང་ཐུག་བྱུང་བ་ནི་མ་མོ་འདིའི་ཚོགས་བསག་རེད།  སྐད་ཆ་འདི་དག་གོ་རྗེས་ངའི་ཡིད་སེམས་དྲོད་གྱི་ལེར་སོང་ཞིང་། ཁྱེད་དང་འཕྲད་པ་ནི་སྐྱེ་བ་སྔོན་མའི་ལས་ཀྱིས་བཀོས་པའི་ལམ་ཐུག་ཅིག་ཡིན་འདུག་སྙམ་བྱུང་ལ།  དེ་ལྟར་མིན་ཚེ་བཟང་མོས་རྨི་ལྟས་བསྟན་མ་ཐག་ངེད་གཉིས་མ་གྲོས་རང་མཐུན་ངང་འཕྲད་པའི་དོན་བཟང་འདི་འདྲ་ག་ལ་ཡོད་སྲིད།  ང་ཚངས་ཆེན་ཇ་ཁང་དུ་འཛུལ་བ་ན།  ཁྱེད་སྒོ་གསེབ་ཏུ་འཚང་འོང་ཏེ་ཅོག་ཙེའི་འོག་ཏུ་འཛུལ།  སྒོར་ཕྱིར་སོང་།  ནང་དུ་ཡོང་མི་ཆོག་ཅེས་ངས་སྐད་གསང་མཐོན་པོས་དེ་ལྟར་ལབ་པ་ན།  ཁྱེད་ཀྱིས་ལུས་བཀུམ་བཀུམ་གྱིས་ཅོག་ཙེའི་འོག་ཏུ་འཛུལ་ནས་ངའི་སྐད་ཆར་སྣང་དོགས་ཙམ་ཡང་མི་བྱེད།  འགྲུལ་བ་ཚོའི་བཞིན་ལ་འཛུམ་མདངས་རེ་ཕྱུང་བཞིན་ང་ལ་བལྟས་འདུག  ཁོས་འདུག་སའང་མི་གཅོད་པས། ཁོ་དེ་རུ་འདུག་དུ་བཅུག་ཆོག་ཅེས་ཞབས་ཕྱི་བས་དེ་ལྟར་ལབ་བྱུང་།  ངས་ཁྱོད་ཕྱིར་མ་བསྐྲད་པར་རས་ཁུག་ལས་ཇ་ཕོར་བླངས་ནས་ཅོག་ཙེའི་ཐོག་ཏུ་བཞག། ངས་སླར་ཡང་ལག་པ་ཁུག་མའི་ནང་དུ་བསྲིངས་ནས་གོ་རེ་སྐམ་པོ་དག་སྤུར་རྗེས་ཁྱེད་ལ་བྱིན། ཁྱེད་ཀྱིས་ལྕེ་བསྲིངས་བཞིན་གོ་རེ་སྐམ་པོ་དག་ཁ་ནང་དུ་དེད་རྗེས་སོ་སྒྲ་ཐྲིག་ཐྲིག་གིས་ལྡད་བྱུང་།  ངས་འོ་ཇ་རྒྱགས་ཚད་ཅིག་འཐུང་ཚར་ཡང་ཁྱེད་སྔར་བཞིན་ལྷིང་འཇགས་ངང་ཉལ་འདུག་ལ། ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་མི་ཚོའི་རྗེས་སུ་མགོ་བོ་ཀེམ་ཀེམ་དུ་གཡོ་བཞིན་འདུག  ལྷོ་ཕྱོགས་ཀན་སའི་རིགས་གསུམ་མགོན་པོའི་ལྷ་ཁང་བསྐྱར་བཞེངས་བྱེད་རྩིས་འདུག  དེ་རུ་ལས་ཀ་བ་འདང་ཀིན་མེད་པས། སུས་དེ་ལ་རོགས་བྱ་ཐུབ་ཚེ་དགེ་བ་དཔག་མེད་ཡོད་སྲིད།  དར་མ་ཞིག་གིས་མཁྲིས་ཀྱི་མརར་ཇ་གསོལ་མཁན་དེར་འདི་ལྟར་ཁ་བརྡ་བྱེད་བཞིན་མཆིས།  སྐད་ཆ་དེས་ངའི་ཡིད་ལ་སྤྲོ་བ་འཕེལ་ཏུ་བཅུག་ཅིང་། འདི་ནི་གོ་སྐབས་བཟང་ཤོས་ཤིག་རེད་སྙམ་པས་ལྷ་ཁང་ཞིག་གསོའི་ངལ་རྩོལ་ཁྲོད་ཞུགས་རྒྱུའི་སེམས་ཐག་བཅད།  ངས་ཇ་ཕོར་ལས་ཇ་རོ་རྣམས་ཕྱིར་འཕོ་རྗེས་ལག་ཕྱིས་ཀྱིས་ཇ་ཕོར་གཙང་མར་འཕྱིས་ཏེ་རས་ཁུག་ཏུ་བཅུག  ང་ཡར་ལངས་པ་ན།  ཁྱེད་རང་ས་ནས་འཕགས་ཙམ་བྱས་རྗེས་ལྡེམ་མྱུར་ངང་ཡར་ལངས་བྱུང་།  ངེད་གཉིས་ཇ་ཁང་ནས་སྒོར་བུད་དེ་འཛེར་སྒྲས་ཁེངས་པའི་སྲང་ལམ་དུ་སླེབས། ཁྱེད་ཀྱིས་ད་ལྟ་མཐའ་འཁོར་གྱི་འུར་ཟིང་ལ་དོ་སྣང་མི་བྱེད་པར་བློ་རིག་གཅིག་ཏུ་སྒྲིམ་བཞིན་ངའི་གཞུག་དེད་དེ་འོང་།  ང་ཚོ་འདུ་འཛི་ལང་ལོང་བྱེད་པའི་སྲང་ལམ་ཆུང་ཆུང་དེ་བརྒྱུད་ནས་རང་ཁྱིམ་གྱི་ཁང་བ་བཞི་སྐོར་མའི་ནང་དུ་སླེབས།
   ངས་ཁྱེད་སྒེའུ་ཁུང་འགྲམ་གྱི་འདོགས་ཐག་དེ་བཏགས་རྗེས་སྒྱེ་མོ་ལས་གཟན་རྩྭ་ཅུང་བླངས་ནས་རྩི་ཡལ་བའི་ཀ་ཏོར་དེའི་ནང་དུ་བླུགས་ཤིང་། ཀ་ཏོར་གཞན་ཅིག་ཆུ་སྦུག་ཁར་གཏད་དེ་ཁྱེད་ལ་འཐུང་ཆུ་བླངས།  ཁྱེད་ཀྱིས་ཀ་ཏོར་འདི་གཉིས་པོར་བལྟས་རྗེས་གདོང་ལ་བཀྲེས་སྐོམ་གྱི་ཉམས་འགྱུར་ཙམ་ཡང་མངོན་མེད་ནའང་།  སྔོ་རིལ་རིལ་གྱི་མིག་ཟུང་ལས་ཅུང་ཐང་ཆད་པའི་ཉམས་ཤིག་ཤར་འདུག  ཁྱེད་ཀྱིས་རྐང་ལག་བཞི་བོའི་ལྷུ་ཚིགས་དཀྱོགས་ཙམ་བྱེད་བཞིན་ཐང་དུ་ཉལ་ཤིང་རྣ་ཅོག་ཟུང་དེ་ལྷབ་ལྷབ་དུ་འགུལ་བཞིན་འདུག  ངས་དེ་མ་ཐག་ཁྱེད་རང་ཐང་ཆད་འདུག་པས། ངེས་པར་ངལ་གསོ་དགོས་སྙམ་བྱུང་།  ང་ཁྱིམ་དུ་འཛུལ་ཏེ་ལྷམ་ཕུད་ཅིང་བརླན་ཤུར་ཤུར་གྱི་ལྷམ་རྩང་དེ་སྒེའུ་ཐེམ་དུ་ཉི་མ་བཞུས་རྗེས་རང་ཉིད་མལ་ཁྲིའི་སྟེང་དཀྱིལ་ཀྲུང་བྱས་ནས་བསྡད་།  བཟང་མོའི་སྡིག་སྒྲིབ་སེལ་ཆེད་ངས་རིགས་གསུམ་མགོན་པོའི་ལྷ་ཁང་ཞིག་གསོ་བྱེད་པར་ཞལ་འདེབས་སྒོར་ག་ཚོད་བཏང་ན་འོས་སམ།  ཇི་ལྟར་བྱས་ན་ད་གཟོད་ང་རང་ལས་ཡུལ་དངོས་ལ་ཞུགས་ཐུབ་བམ།  ངས་དེ་ལྟར་བསམ་བློ་བཏང་།  བོད་པ་ཚང་མས་ཤེས་གསལ་ལྟར།  རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་མི་ལ་རས་པས་སེམས་ཅན་གཞན་གྱི་སྲོག་བཅད་པའི་སྡིག་སྒྲིབ་འདག་ཆེད་མར་བ་ལོ་ཙ་བ་སློབ་དཔོན་དུ་བསྟེན་ཅིང་།  དཀའ་སྤྱད་དྲག་པོའི་ངལ་རྩོལ་ལ་བརྟེན་ནས་ལས་ཀྱི་སྡིག་སྒྲིབ་སེལ་ཐབས་བྱས།  ཁོའི་སྒལ་གཞུང་རྣག་ནས་རལ་བར་གྱུར་ཅིང་རྐང་ལག་བཞི་བོར་རྨ་བཏོལ་བྱུང་ནའང་མ་ནེ་སོ་ཡིས་མནན་ཏེ་དཀའ་སྤྱད་མཐར་འཁྱོངས་བྱས་པས་མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད།  བཟང་མོས་ལམ་དཀར་བོ་ཞིག་རྙེད་པ་དང་ཁོས་བསག་པའི་སྡིག་སྒྲིབ་སེལ་ཐབས་ལ་ངས་སྒོར་ལྔ་བརྒྱའི་ཞལ་འདེབས་ཕུལ་ཅིང་།  ད་དུང་ཟླ་གཅིག་ལ་ངལ་རྩོལ་བྱེད་རྒྱུའི་འཆར་གཞི་འཐེན།  ངས་འདི་ལྟར་མནོ་བསམ་གཏོང་བཞིན་པའི་སྐབས་སུ་ར་སྐོར་ཡོངས་རྫོགས་ཤེས་མེད་ཚོར་མེད་ངང་མུན་ནག་གི་གཡོལ་བས་སྔ་མོར་ནས་གཡོགས་འདུག  ནངས་ཀར་སྔར་སེ་ལངས་དགོས་པས།  ད་ལྟ་ང་གཉིད་རན་ལ་ཐོན་སོང་།  
   མཚམས་ཞིག་ལ་སྒོ་རྡུང་བའི་སྒྲ་ཐོས་པས་ང་རང་གཉིད་ལས་བསླངས།  བྲེལ་འཚུབ་གྱིས་ཡར་ཙོག་ཙོག་བྱས་ཏེ་སྒོའི་ཕྱོགས་སུ་འཁོར་བཞིན།  སུ་ཡིན།  ཞེས་བོས་པས།  སྒོ་རྡུང་བའི་སྒྲ་མཚམས་ཆད། ཕྱི་རོལ་སྔར་ལས་འཇམ་ཅག་གེར་འདུག  འདི་འདྲའི་སྔ་མོ་ཞིག་ལ་སྒོ་རྡུང་མཁན་དེ་སུ་ཡིན་ནམ།  ཁྱིམ་མཚེས་ཤིག་ལ་ན་ཚ་འདྲ་བྱུང་བ་མིན་ནམ།  ཝེ།  སུ་ཡིན།  ངས་དེ་ལྟར་འབོད་བཞིན་གློག་བཀར་བ་ན། སྒོ་རྡུང་བའི་ཏིང་སྒྲ་དེ་ཡང་བསྐྱར་གྲགས་བྱུང་ལ།  སྒྲ་དེ་སྔར་བས་དྲག་ཅིང་འཚུབ་ཆ་ལངས་འདུག་པ་ཞིག་རེད།  ངས་རྐང་སྣམ་བརླ་ཐོག་ཏུ་འཐེན་རྗེས་བྲེལ་མྱུར་ངང་སྒོ་ཕྱེ་རུ་སོང་།  ཡོལ་བ་ཡར་བཀྱགས་ཏེ་གློག་འོད་ཁྲོད་ནས་ཕར་བལྟས་པ་ན་མི་གཅིག་ཀྱང་རིག་རྒྱུ་མི་འདུག།   མགོ་བོར་ཅུང་མར་སྒུར་བ་ན་ནག་ཡོར་ཡོར་གྱི་སྒོ་སྐྱོར་དེའི་ཟུར་ནས་ཁྱེད་ཀྱིས་མགོ་བོ་ཆུང་ཆུང་དེ་ཡར་འགྱོགས་བཞིན་འབའ་བྱུང་།  ད་ཅིའི་སྒོ་རྡུང་མཁན་དེ་ཁྱོད་ཡིན་འདུག་ལ།  ང་ལ་སྐོར་བ་འགྲོ་ཞེས་སྐུལ་བརྡ་རྒྱག་བཞིན་ཡོད་པ་རེད།  དེ་མ་ཐག་གློ་བུར་བའི་འཚུབ་ཆ་དེ་ངའི་ཀླད་པའི་ཁྲོད་ནས་ཡལ་བར་གྱུར།  ངས་ཁ་ནས་ཁྱེད་ལ་ཚིག་ངན་འགའ་སྨྲས་ནའང་སེམས་སུ་སྤྲོ་སྣང་ཆེན་པོ་སྐྱེས།   ངས་མཆོད་ཁང་དུ་མཆོད་པ་བཤམས་ཤིང་སྤོས་སྒྲོན་རྗེས་ཁྱེད་ལ་གཟན་རྩྭ་ཅུང་ལྡུད་པ་དང་།  དེའི་རྗེས་ངེད་གཉིས་སྐོར་བ་སོང་།  ལམ་སྒྲོན་འོག་ཁྱེད་ཀྱི་རྨིག་སྒྲ་དེ་ཨར་འདམ་གྱི་རྡོ་ལེབ་བཏིང་བའི་མི་འགྲུལ་ལམ་བུའི་སྟེང་གསལ་ལེར་མཆེད་འོང་ལ།  ཐག་ཐག་གི་རྨིག་སྒྲ་དེ་ངས་ཁ་ཏོན་འདོན་བཞིན་པའི་སྒྲ་དང་བསྡེབས་པས་ཡོད་ཚད་དེ་འདྲའི་ཞི་མཐུན་གྱི་ཉམས་འགྱུས་ཡོངས་སུ་ཕྱུག་འདུག  ང་ཚོ་དགེ་འཕེལ་ནགས་སུ་སླེབས་དུས་ནམ་མཁའ་ནས་ཆར་བ་ཟམ་ཟིམ་རེ་བབ་བྱུང་བས།  ངེད་གཉིས་ཀྱིས་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ཆར་བྱོལ་བྱེད་ས་རེ་བཙལ་དུ་སོང་།  ཆར་བ་ཇེ་ཆེར་སོང་ནས་ཤག་ཤག་ངང་བྱོ་བས་མི་འགྲུལ་ལམ་དང་གཞུང་ལམ་ཚང་མ་ཆུས་བཀང་།  ངའི་ལྷམ་ནང་ཆུས་བཀང་ཞིང་ཁྱེད་ཀྱི་ལུས་བོ་ཆར་བས་ཡོངས་སུ་བརླན་པར་གྱུར།  མདུན་ཕྱོགས་ནས་མི་ཞིག་གིས་ཨ་རོགས།  ཚུར་ཤོག་ལ་འདི་རུ་ཆར་བྱོ་བྱོས་ཟེར།  ངེད་གཉིས་ཟ་ཁང་གི་སྒོ་ཆེན་དེའི་བྱ་འདབས་འོག་ཏུ་ཆར་བྱོ་བྱེད་དུ་རྒྱུག།  དེ་རུ་མི་བརྒྱད་དགུ་ཙམ་ཆར་བྱོལ་བྱས་འདུག་ལ།  དེ་ཚོའི་མང་ཆེ་བ་སྐོར་བ་འགྲོ་མཁན་རེད།  ཁྱེད་ཕལ་ཆེར་འཁྱགས་ཀིན་ཡོད་ཚོད་རེད།  ལུས་སྒོང་སྒོང་བྱེད་བཞིན་ནང་ལ་མནུར་བཞིན་འདུག   རྒྱ་སྒོའི་ཕུགས་སུ་འཛུལ་བའི་གསར་བུ་དེས་ཁྱེད་ལ་རྡོ་ཐོ་གཅིག་གཞུས་བྱུང་།  ཁྱེད་ཀྱིས་ཐ་ན་དེ་ལ་སྣང་དོགས་ཙམ་ཡང་མི་བྱེད།  མཁྲིས་ཀྱི་ཨ་མ་བགྲེས་མོ་དེས་མ་བཟོད་པར་གསར་བུ་དེར་སྡིགས་དམོད་བྱེད་འགོ་བརྩམས།  འདི་ནི་ལུག་ཚེ་ཐར་ཅིག་ཡིན་པ་མ་རིག་གམ།  ཁྱོས་ད་དུང་རྡོ་ཐོས་གཞུས་པས།  དུད་འགྲོ་ལའང་མི་དོ་བ་རེད།  གསར་བུ་དེ་ཁོང་ཁྲོ་ལངས་རྩིས་བྱས་པ་ན་དེར་ཡོད་པའི་སྐོར་བ་འགྲོ་མཁན་ཚང་མས་ཁོ་བོར་སྡིགསདམོད་བྱས་པས་ཁོས་རང་ཉིད་ལ་ཡག་པོ་མི་ཡོང་བར་ཤེས་ནས་ཆར་བའི་ཁྲོད་མུ་མཐུད་་དུ་ལམ་ལ་ཆས་འགོ་བརྩམས།  གསར་བུ་འདི་ཚོར་ཐ་ན་སྙིང་རྗེའི་སེམས་ཏིལ་འབྲུ་ཙམ་ཡང་མི་འདུག་པས་དུད་འགྲོ་དང་མཚུངས།  ཁོས་ཕལ་ཆེར་མཚན་གང་བོར་ཆང་འཐུང་ནས་ད་ལྟ་ད་གཟོད་ཕྱིར་འགྲོ་བ་རེད། ད་སོ་མར་ཁོའི་ལུས་ཧྲིལ་བོར་ཆང་དྲིར་འཐུལ་ཡོད་ནོ་བལྟོས་ར།  ཨ་ཤུ།  མི་རབས་གཅིག་ལས་གཅིག་བཙོག། ང་སྒོའི་ཞབས་འདབ་འོག་ནས་ཁོ་ཚོའི་རེ་ཐག་ཆད་པའི་སྐད་ཆ་ཉན་ཞིང་ཆར་བ་ཐུང་མྱུར་ངང་འབབ་མཚམས་འཇོག་པའི་རེ་བ་བཅངས།  དུས་ཚོད་ཕྱེད་ཙམ་གྱི་རྗེས་ཆར་བ་ཇེ་ཆུང་དུ་གྱུར་བས་ང་ཚོ་མུ་མཐུད་དུ་བསྐོར་བ་སོང་།  
   ང་ཚོ་བརླན་ཤུར་ཤུར་ངང་ལྷོ་ཕྱོགས་ཀན་སའི་རིགས་གསུམ་མགོན་པོའི་ལྷ་ཁང་དུ་ཐོན་ཤིང་ལྷ་ཁང་གི་དཀོར་གཉེར་བཙལ་ནས་རྙེད་པས།  ངས་ཞལ་འདེབས་སྒོར་རྣམས་ཁོ་བོར་ཕུལ་ཞིང་ངེད་གཉིས་ངལ་རྩོལ་དུ་ཞུགས་རྒྱུའི་རེ་བ་ཞུས།  ཁོས་སྤྲོ་སེམས་འཁོལ་བའི་ངང་ངའི་རེ་བ་དང་ལེན་བྱས་ནས་བཤད་རྒྱུར།  ཉིན་གོང་གི་ཟ་མ་དགོན་པ་གཞུང་ནས་སྟེར་བ་ལས་གཞན་ད་དུང་ཇ་ཐེངས་གཉིས་ལ་འདྲེན་རྒྱུ་ཡིན་ཟེར།   གནས་ཚུལ་དེ་གོ་རྗེས་ང་ཤིན་ཏུ་དགའ་བར་གྱུར་ཅིང་།  ཉིན་དེ་ནས་བཟུང་ངས་ས་དྲུད་དེ་འདམ་བརྫིས།  ངས་ཁྱེད་ཀྱང་རིགས་གསུམ་མགོན་པོའི་ལྷ་ཁང་གི་སྐས་ཐེམ་དེའི་འགྲམ་དུ་བཏགས།   ཕྱིར་ཡུལ་དུ་ཐོན་རྗེས་ངས་ཁྱེད་ལ་རས་ཀྱི་ཏ་ལེན་ཞིག་བཟོས་ཤིང་།  ཉིན་རེར་ཁྱེད་ཀྱིས་ཏ་ལེན་དུ་ས་དང་བྱེ་མ་ཁུར་ནས་ངལ་ཙམ་ཡང་མི་གསོ་བར་རང་ཉིད་ཀྱི་རྔུལ་ཆུར་བརྟེན་ནས་ལྷ་ཁང་གསར་བཞེངས་ཀྱི་ལས་ཀར་ཞུགས།  གྲྭ་བ་ཚོས་མ་མོ་འདིས་སྔར་གཙུག་ལག་ཁང་བཞེངས་སྐྲུན་བྱེད་སྐབས་ཀྱི་སྣང་བརྙན་གསོན་པོ་རེ་རེར་ང་ཚོའི་མིག་ལམ་དུ་གསལ་ལེར་བསྟན་སོང་ཟེར།  ངེད་གཉིས་ཀྱིས་རིགས་གསུམ་མགོན་པོའི་ལྷ་ཁང་དུ་ཉིན་ཉེར་གསུམ་ཙམ་ལ་ངལ་ལས་བྱས་རྗེས།  ཕྱིས་ཀྱི་ཞིབ་ཚགས་ཆེ་བའི་ལས་ཀ་རྣམས་ངེད་གཉིས་ཀྱིས་རོགས་ཅུང་ཙམ་ཡང་བྱེད་མི་ནུས།  དེ་ནི་ལྷ་བཟོ་ཚོའི་ལས་ཀ་ཡིན་ལ།  ཁོ་ཚོས་གྱང་ངོས་སུ་ལྡེབས་རིས་འབྲི་བའི་དུས་ལ་སླེབས་བྱུང་།  ལས་ཀ་མཇུག་རྫོགས་ནས་ཉིན་བཞི་འགོར་བའི་རྗེས་སུ་ལྷ་ཁང་དོ་དམ་པ་དེས་གྲྭ་བ་ཅིག་མངགས་ཏེ་ཤིང་རྟའི་ནང་དུ་གཟན་རྩྭ་སྒྱེ་མོ་གསུམ་དང་རིང་བསྲེལ་རིལ་བུ་འགའ་ང་ལ་བསྐྱལ་བྱུང་།  ངས་ཁོའི་ངག་བཀོད་ལྟར་རིལ་བུ་རྣམས་ཆུར་སྦངས་ཤིང་།  ནམ་རྒྱུན་ཉིན་བཟང་སྐར་བཟང་ལ་ཐོན་དུས་ངེད་གཉིས་ཀྱིས་ཧུབ་གཉིས་གསུམ་རེར་བཏུང་བ་ཡིན།   སྐབས་འགར་ངས་སྨན་ཆུ་འདི་བཀོལ་ནས་ཁྱེད་ཀྱི་མིག་ཟུང་དེ་བཀྲུས།  
   ཉིན་རེའི་ཞོགས་པར་ཁྱེད་ཀྱིས་སྒོ་རྡུང་བཞིན་ང་གཉིད་ལས་སློང་ཤིང་།  དེ་ནས་ཁྱེད་སྔུན་ནས་འགྲོ་བས་ངས་ཁྱེད་ཀྱི་གཞུག་དེད་ནས་སྐོར་བ་སོང་།   ང་ལམ་བར་ནས་མི་ཆ་ཡོད་ཚོར་ཐུག་ཚེ་ཁྱེད་ཀྱིས་མདུན་ཕྱོགས་འཐེན་ནས་བུད་འགྲོ་ལ།  སོང་ནས་ས་ཁོངས་ཡངས་མོ་ཞིག་བདམས་རྗེས་དེ་རུ་ལངས་ཏེ་ང་ལ་སྒུག་འདུག   ཇ་ཁང་དུ་འཛུལ་བ་ན་ཁྱེད་རང་ནམ་རྒྱུན་ང་བསྡད་མྱོང་བའི་ཅོག་ཙེ་དེའི་འོག་ཏུ་འཛུལ་འགྲོ་ལ། ཇ་གསོལ་མཁན་ཚོས་ཁྱེད་མཐོང་མ་ཐག་མྱུར་མོ་ཇ་ཕོར་འཁྱེར་ནས་འདུག་གནས་གཞན་ཞིག་ཏུ་སོང་ནས་འུ་གཉིས་ཀར་འདུག་ས་སྟེར་ངེས།  མི་ཚང་མས་ཁྱེད་ངོ་ཤེས་འདུག
   མཚན་གུང་གི་རྨི་ལམ་ཁྲོད་ནས་ང་བཟང་མོ་དང་ཐུག་བྱུང་།  ཁྱེད་རང་སྤྲིན་སྨུག་གིས་དཀྲིས་པའི་རི་ལམ་ཕྲ་མོ་ཞིག་བརྒྱུད་ནས་འགྲོ་བཞིན་འདུག།  ཁྱེད་ཀྱིས་གདོང་ལ་བདེ་སྐྱིད་བག་ཕེབས་ཀྱི་ཉམས་ཤིག་མངོན་འདུག་ལ།  ལམ་ལ་འགྲོ་སྐབས་གོམ་འགྲོས་བརྟན་ཞིང་ལྷོད་པ་ཞིག་རེད།  ཕྱིས་སུ་ཁྱེད་མག་མོག་རབ་རིབ་ཏུ་གྱུར་ནས་རིམ་གྱིས་མི་གཞན་ཞིག་ཏུ་གྱུར་སོང་བའི་སྣང་བ་འཆར།  ང་འཛུམ་བྱུང་།  རྨི་ལམ་ཁྲོད་ངས་དཀར་སང་སང་གི་སོ་རྣམས་སྒོར་ཕྱུངས་འདུག  ཚད་མེད་པའི་དགའ་སྤྲོ་དེས་ང་གཉིད་ལས་བསླངས་བས་མལ་ཁྲིའི་སྟེང་དྲང་མོར་བསྡད་ནས་ད་ཅིའི་རྨི་ལམ་དེར་ཞིབ་འགྲེལ་བྱས།  ངས་བསམ་ན་ཁྱེད་རང་ཕལ་ཆེར་དམྱལ་བའི་སྡུག་བསྔལ་ལས་མཐར་འདུག་སྟེ།  དེ་ནི་ཁྱེད་ཀྱི་བག་ཕེབས་ཀྱི་ངོ་མདངས་ལས་བདེན་དཔངས་བྱེད་ཐུབ། རྨི་ལམ་གྱི་མཇུག་ཏུ་ཁྱེད་རིམ་བཞིན་རབ་རིབ་ཏུ་གྱུར་སོང་བ་དེས་ཁྱེད་རང་སྐྱེ་བ་གཞན་ལ་འཕོ་ཟིན་པ་གསལ་བཤད་བྱས་འདུག འདི་ལྟར་བསམ་བཞིན་ངའི་ཡིད་སེམས་རབ་ཏུ་དགའ་བས་གཉིད་ཡོང་དཀའ་བར་གྱུར། ནམ་གུང་དུ་སླེབས་པ་ན་ངའི་ཕོ་བར་ཟུག་གཟེར་ལངས་ཤིང་།  ཐོད་པའི་སྟེང་ནས་རྔུལ་ཆུ་རེ་རེར་མར་འགྲིལ་འོང་།   ངའི་སེམས་སུ་འདི་ལྟར་ན་ཟུག་བྱུང་ཚེ་དེ་རིང་་ཕལ་ཆེར་སྐོར་བ་འགྲོ་མི་ཐུབ་སྙམ་བྱུང་།  འོ་ན་ཁྱེད་ཇི་ལྟར་བྱེད།  ངས་ཡང་བསྐྱར་ཕོ་ནད་ཀྱི་ན་ཟུག་འདི་ཡུད་ཙམ་འགོར་རྗེས་རིམ་གྱིས་ཞི་འགྲོ་སྙམ་བྱུང་བས།  ཡར་ལངས་ཏེ་བོད་སྨན་རིལ་བུ་འགར་འཐུང་རྗེས་ཕྱིར་མལ་ཐུལ་དུ་འཛུལ་བ་ཡིན།  ཁྱེད་ཀྱིས་སྒོ་རྡུང་དུས་ངའི་ཕོ་བའི་སྟེང་གི་སྐྱུར་ཤུར་ཤུར་གྱི་ན་ཟུག་ད་དུང་འཇགས་མེད་པས།  དེས་ང་ལ་སྐོར་བ་འགྲོ་རུ་འཇུག་མི་སྲིད།  ཁྱེད་ཀྱིས་སྒོ་ཤེད་ཀྱིས་རྡུང་བས།  ངས་ད་གཟོད་བཟོད་བསྲན་བྱེད་བཞིན་ཡར་ལངས་ནས་སྒོ་ཕྱེ་རྗེས་ཁྱེད་ཀྱི་སྐེ་ཐག་གྲོལ།   ང་ལ་ན་ཚ་བྱུང་ཡོད་པས། ཁྱེད་རང་སྐོར་བ་སོང་ནས་མྱུར་མོར་ཕྱིར་ཤོག་ཅེས་ངས་ཁྱེད་ལ་དེ་ལྟར་ཁ་བསྒོ་བྱས།  ཁྱེད་ཀྱིས་མགོ་བོར་ཡར་བཀྱགས་ནས་ང་ལ་ཅེར་འདུག་ལ། འུ་གཉིས་མཉམ་དུ་སྒོར་འགྲོ་རྒྱུར་སྒུག་འདུག  ངས་ཁྱེད་སྒོ་ཆེན་ཁར་མ་གཏོགས་བསྐྱལ་མ་ཐུབ་ལ།  དེ་རུ་ཁྱེད་ཀྱི་སྒལ་གཞུང་དུ་བྱིལ་ཙམ་བྱས་རྗེས་མདུན་དུ་འགྲོ་རུ་བཅུག།  ཁྱེད་རང་ཚམ་ཚོམ་ངང་ཁ་ཕྱིར་འཁོར་ནས་ང་ལ་བལྟས་འདུག  ངས་ལག་གཡུག་གཡུག་བྱས་ཏེ་ཁྱེད་ལ་ལམ་དེད་ནས་སོང་ཞེས་ལག་བརྡ་བསྟན་པ་ན།  ཁྱེད་ཀྱིས་ངའི་སེམས་དོན་ཤེས་པ་ཇི་བཞིན་ཁ་ཕྱིར་འཁོར་ཏེ་སྲང་ལམ་ཆུང་ཆུང་དེའི་སྲང་སྣེ་བརྒྱུད་ནས་བུད་སོང་ལ།  གསལ་ལྷང་ལྷང་ངང་མཆེད་པའི་ཐག་ཐག་གི་རྨིག་སྒྲ་དེ་སྲང་ལམ་ཆུང་ཆུང་དེའི་མཁའ་དབྱིངས་སུ་ཡལ་བར་གྱུར།  
  ང་མལ་ཐུལ་དུ་འཛུལ་བཞིན་ན་ཟུག་མཚམས་འཇོག་པར་རེ་སྒུག་བྱས།  
  ཉི་འོད་སྒེའུ་ཐེམ་དུ་འཕྲོས་བྱུང་བས་ང་རང་མལ་ཐུལ་དུ་འཛུལ་ནས་སེམས་ཁྲལ་བྱེད་འགོ་བརྩམས།  སེམས་ཁྲལ་འདིས་ངའི་ཡིད་སེམས་མེ་ཡིས་འཚིགས་པ་ལྟར་བྲེལ་འཚུབ་སྐྱེས་སུ་བཅུག་པས་ཕོ་བའི་ན་ཟུག་དེའང་རེ་ཞིག་ལ་བརྗེད་པར་གྱུར།  ངས་ལམ་སེང་ཚི་ལེན་གོན་བཞིན་སྒོར་བུད་ནས་ཁྱེད་བཙལ་དུ་སོང་།  ན་ཟུག་འདིས་ངའི་མགོ་བོར་རྔུལ་ཆུས་བརླན་ཞིང་རྐང་བ་ཡར་འགྱོགས་དཀའ་བས་སྒོ་ཆེན་ཁར་སར་ཙོག་ནས་ལུས་པོར་རྒྱ་སྒོ་འཁེན་ནས་མི་འདུག་ཀ་མེད་རེད།  ན་ཟུག་ཅུང་འཇགས་སོང་།  ངས་མིག་ཟུང་སྲང་སྣེ་རུ་བསྐོར་བ་ན་ཁྱེད་ཀྱི་དཀར་སང་སང་གི་གཟུགས་རིས་དེ་ངའི་མིག་ལམ་དུ་མངོན་བྱུང་།  ཁྱེད་རང་སྲང་ལམ་དེའི་སྣེ་མོ་རུ་སོས་དལ་ངང་ཡོང་ཀིན་འདུག་ལ།  མཚམས་རེར་གོམ་མཚམས་བཞག་ནས་ཕྱོགས་བཞིར་ཕར་ལྟ་ཚུར་ལྟ་རེར་བྱེད།  ད་ལྟ་ཁྱོད་གཅིག་པུའང་སྐོར་བ་འགྲོ་ཐུབ་སོང་བས་ངའི་མིག་ཟུང་དུ་དགའ་མགུའི་མཆི་མ་ཐོར།  ང་བཙན་ཚུགས་སྒོས་ཡར་ལངས་ཏེ་ཁྱེད་ངའི་གམ་ཏུ་བཅར་བའི་རེ་སྒུག་བྱས།  ངས་ཁྱེད་སྒེའུ་ཁུང་འགྲམ་ནས་བཏགས་རྗེས་གཟན་རྩྭ་སྐམ་པོ་འགའ་འཁྱེར་ཡོང་ནས་ཁྱེད་ལ་ཟ་རུ་བཅུག  འ་ཡོ།  སེམས་ལ་ཁབ་བཙགས་བྱེད་པ་ལྟབུའི་ཟུག་གཟེར་དྲག་པོ་ཞིག་ཐོལ་གྱིས་ལངས་བྱུང་།  ངས་ལུས་བོ་མར་སྒུར་ནས་ན་ཟུག་གི་མཚམས་དེ་ལག་པས་སྐྱོར་དགོས་བར་གྱུར།  ཨ་མྱེས་སྙན་གྲགས་ལགས།  ཁྱེད་ལ་ཅི་ཞིག་བྱུང་སོང་།  སྨན་ཁང་དུ་སོང་ནས་སྨན་པ་བསྟན་ན་འགྲིགས།   ཁྱེད་ཀྱི་ངོ་གདོང་དེ་མི་ལ་སྐྲག་སྣང་སློང་བ་ཞིག་རེད།   ང་ཚོས་ཁྱེད་སྨན་ཁང་དུ་བསྐྱལ་ཡ།  ཁྱིམ་མཚེས་ཚང་མ་རུབ་ནས་ཡོང་སྟེ་བཙན་གྱིས་ང་སྨན་ཁང་དུ་བསྐྱལ།  ངས་ཨུ་ཚུགས་ཇི་ལྟར་བྱས་ཀྱང་མ་ཕན་པས་སྨན་ཁང་དུ་ཞིབ་བཤེར་བྱ་དགོས་བྱུང་།  སྨན་པས་ང་ལ་ཁྱེད་ཀྱི་ནད་འདི་ཡང་མོ་ཞིག་མིན་པས་ངེས་བར་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱ་དགོས་ཟེར།  ང་སྨན་ཁང་དུ་རྩ་བ་ཉིད་ནས་འདུག་རྒྱུ་མིན།  དེ་བས་ཁྱེད་ཀྱིས་ང་ལ་གཟེར་འགོག་སྨན་ཁབ་ཅིག་བརྒྱབ་ཆོག་ཅེས་བཤད།  ཁྱིམ་མཚེས་ཚོས་ཀྱང་ང་ལ་ངེས་བར་སྨན་ཁང་དུ་འདུག་དགོས་ཟེར།  ཉིན་རེའི་ཟས་ཐུན་གསུམ་ཀྱང་ཁོ་ཚོས་རེས་མོས་སུ་འཁོར་ནས་ཁྱེད་ལ་བསྐྱལ་ཡོང་ཟེར།  ང་ཧ་ཅང་སེམས་འགུལ་ཐེབས་སོང་།  འོན་ཀྱང་ང་སྨན་ཁང་དུ་འདུག་མི་རུང་།  སྨན་པས་ཁྱིམ་མཚེས་རྣམས་སྒོའི་ཕྱིར་རུ་བོས་སོང་།  ཕྱིར་ཐོན་དུས་ཁོ་ཚོར་མི་རེ་རེའི་གདོང་མདོག་སྐྱ་ཞིང་ཧོན་ཐོར་བའི་རྣམ་པས་ཁེངས་འདུག  ངས་ཁོ་ཚོའི་གདོང་གི་རྣམ་འགྱུར་ལས་ངའི་ནད་གཞི་དེ་སྔ་མོ་ནས་སྐྱོབ་ཐབས་མེད་སོང་བ་ཧ་གསལ་བོར་གོ་བྱུང་།  སྨན་པ་ལགས།  ང་རྒན་པོ་ཁེར་འདུག་ཅིག་ཡིན།  ཁྱེད་ཀྱི་ངའི་ནད་གཞི་ཅི་ཞིག་ཡིན་པ་གསལ་བོར་ཤོད་རོགས།  ངས་སྨན་པར་དེ་ལྟར་ཞུ་བ་བྱས།  ཁྱེད་རང་ཐང་ཆད་དྲགས་པས།   སྨན་ཁང་ནས་ངེས་པར་ཁམས་གསོ་བྱ་དགོས།  སྨན་པས་དེ་ལྟར་བཤད།  ཁྱེད་ཀྱིས་ང་ལ་དྲང་མོར་བཤད་རོགས།  ད་ཅིའི་ཁྱིམ་མཚེས་ཚོའི་མིག་མདངས་ལས་ངས་རང་གི་ནད་འདི་ཧ་ཅང་ཚབས་ཆེན་ཡིན་པ་གསལ་བོར་རྟོགས་ཡོད།  སེམས་ནས་འདང་མང་བོ་མ་རྒྱག།  ནད་ལྕི་མོ་མིན་པས་ཐོག་མར་སྨན་ཁང་དུ་འདུག་རྒྱུ་བྱོས་ཟེར།  ཁྱིམ་མཚེས་ཚོས་ཀྱང་ང་ལ་སྨན་ཁང་དུ་འདུག་དགོས་པའི་ཁ་ཏ་བྱས།  སྨན་པ་ལགས།  ཁྱེད་ཀྱིས་ནད་གཞིའི་ཟིན་ཐོ་དེ་ང་ལ་ལྟ་རུ་ཆུག་དང་།  མཐའ་འབྲས་ཇི་འདྲའི་ངན་རུང་ངས་རང་སེམས་ལྷོད་ལ་ཕབ་སྟེ་དང་ལེན་བྱ་ཐུབ་ངེས་ཡིན།  ངས་དེ་ལྟར་བཤད་པ་ན།  སྨན་པས་མིག་ཟུང་དེ་རིམ་གྱིས་ཁྱིམ་མཚེས་ཚོའི་གདོང་ལ་བསྐོར་སོང་།  ཁྱིམ་མཚེས་ཚང་མས་མགོ་བོར་མར་སྒུར་ནས་འདུག་ལ།  སུས་ཀྱང་ཁ་གྲགས་མཁན་མ་བྱུང་།  ང་ལ་བུ་བུ་མོ་ཅི་ཡང་མེད་པས་རང་གིས་ཐག་གཅོད་རྒྱུ་ལས་འོས་མེད།  ཁྱེད་ཀྱིས་ང་ལ་ལྟ་རུ་ཆུག་ཅེས་པར།  སྨན་པར་ཐབས་ཟད་པས་ནད་གཞིའི་ཟིན་ཐོ་ངའི་ལག་ཏུ་གཏད་བྱུང་།  ཕོ་སྐྲན།  ཚིག་འདི་གཉིས་པོ་མིག་ལམ་དུ་མངོན་མ་ཐག་ངའི་སེམས་ལ་གྲང་འདར་ཅིག་སྐྱེས་བྱུང་།   ངས་རང་ཉིད་འཇིག་རྟེན་འདིར་འཚོ་ཡུན་མི་རིང་བ་ཤེས་སོང་།  ང་འཆི་བར་གྱུར་ཚེ།   ལུག་ཚེ་ཐར་ཁྱེད་ཇི་ལྟར་བྱ་ཨང་།  སེམས་ཚེགས་འདིས་ངའི་སེམས་ཁམས་སྔར་ལས་རྙོག་འཛིང་ཅན་དུ་བཏང་སོང་བས།   ངའི་སེམས་ལ་གཡོ་འགུལ་ཐེབས་སུ་བཅུག་ཅིང་འཆི་བར་གདོང་གཏད་ཚེ་ངས་རང་ཉིད་ཆགས་ས་ཞེན་ཡུལ་ཅི་ཡང་མེད་པ་ཞིག་ཏུ་གཏོང་མི་ཐུབ།  ངས་སྨན་པར་བལྟས་ཏེ་ང་ད་དུང་གསོན་ཡུན་ག་ཙམ་ཡོད་ཅེས་དྲིས་པར། སྨན་པས་དེ་བཤད་དཀའ་མོ་རེད་ཟེར།  གལ་ཏེ་སྨན་པའི་ངག་བཅོལ་ལྟར་སྨན་བཅོས་ལེགས་པོ་བྱས་ཚེ་སྨན་བཅོས་མ་བྱས་པ་ལས་ལོས་དགའ་ཟེར།   ང་སྨན་ཁང་དུ་འདུག་མི་རུང་།  གལ་སྲིད་སྨན་ཁང་དུ་བསྡད་ཚེ་ཉིན་རེར་ལུས་ཕུང་གི་རྩ་ལམ་དུ་གནམ་ཁབ་མཛེར་ཏེ་སྨན་ཆུ་མང་བོ་རྒྱག་དགོས་པས་ངའི་ཡུན་ཐུང་གི་དུས་ཚོད་རྣམས་སྨན་ཁང་ནས་ཆུད་ཟོས་སུ་བུད་འགྲོ་ལ།  ཉིན་རྒྱུན་སྐོར་བ་དང་མཆོད་མཇལ་འགྲོ་བའི་གོ་སྐབས་ག་ལ་ཡོད་སྲིད།   དེ་ལྟར་བྱས་ཚེ་ང་ཉལ་ས་མ་ལྷུང་གོང་ལ་ཡིད་སེམས་སྔ་མོ་ནས་ཤི་འགྲོ།  སྨན་པ་ལགས།  དེ་རིང་ཁྱེད་ཀྱིས་ང་ལ་གཟེར་འགོག་ཁབ་ཅིག་རྒྱག་རོགས།  ང་ཕྱིར་སོང་ནས་ཁྱིམ་གྱི་བྱ་བ་རྣམས་བཀོད་སྒྲིག་བྱས་ཚར་རྗེས་ནངས་ཀ་ཡོང་ནས་སྨན་ཁང་དུ་འདུག་རྒྱུ་བྱ།  ངས་རང་ཉིད་སྨན་ཁང་ནས་བྱོལ་ཆེད་སྨན་པར་རྫུན་བཤད་འགོ་བརྩམས།  སྨན་པས་ཕལ་ཆེར་ངའི་དྲན་སྒོ་ཤེས་སོང་བ་འདྲ་སྟེ། ཁྱེད་ཀྱིས་རང་གི་ཚེ་སྲོག་དེ་རྩེད་སྤྱད་མ་བྱེད་ཟེར།    ངས་ཁོ་བོར་ཕྱོགས་མང་བོ་ཞིག་གི་སྟེང་ནས་ཁ་ཐེག་བྱས་མཐར་སྨན་ཁང་ལས་སྒོར་འབུད་ཐུབ་བྱུང་། མ་མོས་ཁྱིམ་མཚེས་ཚོས་ང་སྐྱོར་ནས་ཡོང་བཞིན་པ་མཐོང་བས་བྲེལ་མྱུར་ངང་ཡར་ལངས་ཏེ་ངའི་གམ་ལ་བཅར་བྱུང་།   གློ་བུར་དུ་བསྲན་མི་ཚུགས་པའི་མིག་ཆུ་མང་བོ་ཐ་ར་ར་བཞུར་ནས་འོང་བས་རྒས་གཉེར་གྱིས་ཁེངས་པའི་ངའི་ངོ་གདོང་ཡོངས་རྫོགས་བརླན་པར་བཏང་།  ང་ཚོས་སྨན་ཁང་ནས་བཟང་མོ་ཡང་འདི་ལྟར་ཁུར་ནས་འོང་ཞིང་།   ཆེས་མཐའ་མཇུག་གི་དབུགས་རྒྱུན་ཀྱང་རང་ཁྱིམ་འདི་ནས་ཆད་སོང་བ་རེད།  ངས་འདི་ལྟར་མིག་ཆུ་འདོན་ག་ལ་རུང་ཨང་།  ཁྱིམ་མཚེས་ཚོས་ང་ལྷན་སྐྱེས་ནས་འཆི་རྒྱུར་སྐྲག་ཡོད་པ་ཞིག་རེད་སྙམ་ངེས།  ཁོ་ཚོས་ཁྱེད་འགྲམ་ལ་དེད་རྗེས་ང་སྐྱོར་ནས་ཁང་བའི་ནང་དུ་བསྐྱལ།   ངས་ཁྱེད་ཀྱི་མིག་ཟུང་མཆི་མས་བརླན་ཞིང་མགོ་བོ་མར་སྒུར་འདུག་པ་མཐོང་བྱུང་། ཁྱིམ་མཚེས་རྣམས་ངའི་མཐའ་ལ་རུབ་བཞིན་སང་ཉིན་སྨན་ཁང་དུ་འདུག་རྒྱུའི་ཁ་ཏ་བྱས།  ཁ་ཤས་ཕྱིར་ཁྱིམ་དུ་སོང་ནས་ང་ལ་བྱ་སྒོང་དང་མར།  སྐམས་ཤ་སོགས་བསྐྱལ་ཡོང་།  ཁོ་ཚོས་ད་དུང་ང་ལ་ལུག་ཚེ་ཐར་བདག་སྐྱོང་ཡག་པོ་བྱ་རྒྱུར་ཁས་ལེན་དམ་བཅའ་བྱས་སོང་།  སྐད་ཆ་དེ་ངའི་བློར་བབ་ཤིང་ཡུན་རིང་སེམས་སུ་མནར་བའི་སེམས་ཁྲལ་གྱི་ཁུར་བོ་དེ་ཅུང་ཇེ་ཡང་དུ་སོང་།  ཁྱིམ་མཚེས་ཚོས་ང་ཐང་ཆད་ཡོད་པ་ཚོར་ནས་གཅིག་རྗེས་གཉིས་མཐུད་ངང་རང་རང་སར་གྱེས།  
  ངས་དྲ་མའི་ཡོལ་བ་འཐེན་ཤིང་གློག་བཀར།  ཕོ་བར་ད་དུང་ཚ་བསྲེག་གི་ན་ཟུག་ཅུང་ཙམ་རེར་སྐྱེས་འོང་།  ངས་ཁྱེད་ཁྱིམ་ནང་དུ་ཁྲིད་ཡོང་རྗེས་རང་ཉིད་ཤིང་གི་མལ་ཁྲི་དེ་རུ་བསྡད།  ཁྱེད་རང་ངའི་རྐང་བའི་འགྲམ་དུ་འཕྲེད་ལ་ཉལ་བཞིན་མགོ་བོ་ཡར་བཀྱགས་ཏེ་ང་ལ་བལྟས་འདུག  ངས་ལུས་བོ་མར་སྒུར་ཏེ་ཁྱེད་ལ་འཕྲུག་ཙམ་བྱས་མ་ཐག་ཁྱེད་ཀྱི་མིག་ཟུང་དེ་ཚམ་ཚུམ་བྱེད་བཞིན་ལུས་ཡོངས་བདེ་སྣང་གིས་ཡོངས་སུ་སིམ་འདུག  ནམ་ཞིག་ལ་ངས་རང་ཉིད་གློ་བུར་དུ་འཆི་རྒྱུ་ཡིན་པ་མི་གསལ་མོད།    འཇིག་རྟེན་དཀར་ངོགས་ནས་གསོན་ཡོད་པའི་ཉི་མ་འདི་ཚོར་ངས་ཁྱེད་ཁྲིད་དེ་དགེ་བ་མང་བོ་བསག་ཏེ་ཁྱེད་ཀྱི་སྡིག་སྒྲིབ་རྣམས་སྦྱངས་རྗེས་སྐྱེ་བ་ཕྱི་མར་ཁྱེད་ལ་ལམ་བཟང་བོ་ཞིག་རྙེད་ཐབས་བྱ་དགོས།  གལ་སྲིད་ང་འཆི་བར་གྱུར་ཚེ།   ངས་ར་སྐོར་ནང་གི་མི་ཚོར་བཅོལ་གདམ་བྱས་ཏེ་ཁྱེད་ཤི་རག་བར་དུ་བདག་སྐྱོང་ལེགས་པོར་བྱ་རུ་འཇུག་ངེས།  ཚེ་འདིར་འུ་གཉིས་ཀྱིས་ཚེ་རབས་སྔོན་མའི་ལས་དབང་གི་རྒྱུན་མཐུད་ནས་འོང་ཞིང་།  སྐྱེ་བ་ཕྱི་མའམ་ཚེ་རབས་མང་བོའི་རྗེས་སུའང་འདི་ལྟར་ལས་འབྲས་ཀྱི་རྒྱུན་སྐྱོང་ནས་འགྲོ་ངེས།  ངས་ཡིད་སེམས་རབ་ཏུ་མགུ་བཞིན་ཁྱེད་ལ་དེ་ལྟར་བཤད།  ཁྱེད་ཀྱིས་ངའི་སྐད་ཆ་གོ་སོང་བ་ལྟར་ལག་པའི་རྨིག་གཞི་དེ་ངའི་བརླ་ཐོག་ཏུ་བསྲིངས་ཤིང་མིག་ཟུང་དུ་འོད་མཚེར་བའི་མཆི་མའི་དོག་པ་རེར་འཛུམ་འདུག  ངས་ཁྱེད་ཀྱི་སྐེད་ལ་འཐམས་བཞིན་ཡིད་སེམས་རབ་ཏུ་གདུངབའི་ངང་ངུས་བྱུང་།  ངའི་རྣ་ལམ་དུ་དལ་བུར་རྒྱུ་བའི་ཁྱེད་ཀྱི་རློན་ཤུར་ཤུར་གྱི་དབུགས་རྒྱུན་དེ་བཟང་མོའི་དབུགས་རྒྱུན་དང་ཇི་འདྲའི་མཚུངས་ཨང་།  དེས་ངའི་རྙོག་འཛིང་གི་སེམས་ཁམས་ལྷིང་འཇགས་སུ་བཏང་།  ངས་ལག་ཟུང་ཐལ་མོ་སྦྱོར་བཞིན་སྐྱེ་འགྲོ་ཐམས་ཅད་དམག་འཁྲུག་དང་མུ་གེ  ནད་ཡམས་སོགས་ཀྱི་སྡུག་བསྔལ་ལས་གྲོལ་བའི་སྨོན་ལམ་སྙིང་ནས་བཏབ་ལ།  ཁྱེད་ཀྱང་སྐྱེ་བ་ཕྱི་མར་རྒྱུ་ལོངས་སྤྱོད་འཛོམས་པའི་ཁྱིམ་རྒྱུད་དུ་སྐྱེ་བ་དང་བྱམས་ལྡན་གྱི་ཕ་མར་འཕྲད་པ།  སྐྱེ་བ་ཕྱི་མར་དམ་པའི་ལྷ་ཆོས་དང་འཕྲད་པའི་སྨོན་ལམ་སྙིང་ནས་བཏབ།  ངས་རང་ཉིད་ནངས་ཀ་ནས་འཆི་རྒྱུ་ཡིན་པ་ལྟར་ཁྱེད་ལ་ཁ་ཆེམས་ལྟབུའི་སྐད་ཆ་འདི་འདྲ་མང་བོ་ཞིག་བཤད་སོང་།  ཕྱི་རོལ་ཏུ་སྒོ་ཁྱིའི་ཟུག་སྐད་རེ་གཉིས་གྲགས་འོང་བས་ངས་ད་གཟོད་དུས་ཚོད་ཡུན་རིང་ཞིག་འགོར་འདུག་པ་རྟོགས། འུ་གཉིས་ངལ་གསོ་རན་ལ་ཐུག་སོང་།  ངས་ཁྱེད་ར་སྐོར་དུ་ཁྲིད་དེ་སྔ་མོར་ནས་ཉལ་དུ་བཅུག  
   ང་སྨན་ཁང་དུ་མ་སོང་ལ།  ཉིན་དེ་ནས་བཟུང་བྲེལ་ཟིང་གི་ཚོར་འདུ་དྲག་པོ་ཞིག་གིས་ང་ལ་སྐུལ་མ་ཐེབས་པ་བཞིན་ཁྱེད་ཁྲིད་དེ་ལྷ་ཁང་རེ་རེར་མཆོད་མཇལ་དུ་སོང་།  ནམ་རྒྱུན་ཉིན་བཟང་སྐར་བཟང་ལ་ཐོན་དུས་ངེད་གཉིས་སྔོ་ཚལ་ཚོང་ར་སོང་ནས་ཉ་གསོན་པོ་རྒྱ་མ་བཅུ་ལྷག་ཉོས་ནས་ཁྱེད་ལ་བཀལ་རྗེས་རྒྱང་རིང་གི་སྐྱིད་ཆུའི་ཁར་སོང་ནས་ཚེ་ཐར་བཏང་།  ཚེ་ཐར་བཏང་བའི་ཉ་དེ་དག་འགྱིག་ཁུག་ལས་དགའ་མགུའི་རྩེད་འཇོ་རོལ་བཞིན་ཕྱི་རུ་རྐྱལ་འགྲོ་ལ། དེ་ཚོས་རྔ་མ་གཡོ་འགུལ་བྱེད་བཞིན་ཆུ་ནང་གི་སྔོ་རྩྭའི་གསེབ་ཏུ་འཛུལ་བས་གྲིབ་མ་ཙམ་ཡང་མི་མཐོང་བར་གྱུར།  ངེད་གཉིས་ཀྱིས་ཚེ་སྲོག་བརྒྱ་ཕྲག་ལྷག་འཆི་བདག་གི་གཡང་ཁ་ནས་བསྐྱབས་ཏེ།  ཁོ་ཚོར་ཉམ་ཐག་དང་འཇིགས་སྐྲག་གི་སྡུག་བསྔལ་ལས་གྲོལ་རྗེས་སྔོ་ལམ་མེར་བཞུར་བའི་ཆུ་བོའི་ནང་ཡང་བསྐྱར་འཚོ་བ་རོལ་ཏུ་བཅུག   བསིལ་འཇམ་གྱི་རླུང་བུ་དལ་བུར་ལྡང་བས་ཆུ་ངོགས་སུ་རླབས་གཉེར་ཤིག་ཤིག་ཏུ་གཡོས་བྱུང་།  སྔོ་བསང་གི་ནམ་མཁར་སྤྲིན་དཀར་ཚོམ་བུ་རེར་དལ་གྱི་རྒྱུ་ཞིང་རྒྱ་ལྕང་གི་ལོ་མ་ཤར་ཤུར་དུ་གཡོ་བའི་སྒྲ་གསལ་ལེར་ཐོས་འོང་།  ཆུ་རགས་དེའི་འགྲམ་དུ་རྩྭ་ལྗང་སྔོ་བཏིམས་སེ་སྐྱེས་ཡོད་ལ།  དེའི་སྟེང་ཕྱེ་མ་ལེབ་འགས་དགའ་སྤྲོའི་འཕུར་ལྡིང་རྩེན་བཞིན་འདུག  འུ་གཉིས་ཀྱི་སྣང་བ་དགའ་ཡལ་ལེར་གྱུར་ཅིང་སེམས་ཁོངས་ཧྲིལ་བོར་བྱམས་དང་སྙིང་རྗེས་ཁེངས་འདུག  ང་ཆུ་འགྲམ་ནས་དཀྱིལ་ཀྲུང་དུ་བསྡད་དེ་ནས་ཆང་དམ་བེ་གང་བོ་དེའི་ཁ་ཕྱེ་ནས་དལ་བུར་འབྱིད་འགོ་བརྩམས།  ལག་པའི་ནང་གི་ཕྲེང་བ་མྱུར་འདྲེན་བྱེད་ཅིང་།  ཕྲེང་རྡོག་ཕན་ཚུན་བརྡབས་པའི་སྒྲ་གསལ་ལ་མི་གསལ་བ་དེས་ངའི་སེམས་ཁམས་སྔར་བས་ལྷིང་འཇགས་སུ་བཏང་།  ཁྱེད་ཀྱིས་མགོ་སྒུར་ནས་རྩྭ་ཟ་བཞིན་འདུག་ལ། མཚམས་རེར་རྣ་ཅོར་ཅོར་བྱེད་བཞིན་མྱུར་སྟབས་ཀྱིས་རྒྱུ་བའི་རླངས་འཁོར་གྱི་ཤུར་སྒྲ་དེ་ལ་དོགས་ཟོན་གྱིས་ཉན་པར་བྱེད་།  ཉི་མ་ནུབ་རིར་མ་ཡོལ་གོང་ངེད་གཉིས་སོས་དལ་ངང་ཁྱིམ་དུ་ལོག་པ་ཡིན།
  ལོ་དེའི་དབྱར་མཇུག་ཏུ་ཚེ་སྨོན་གླིང་ནས་བླ་མ་ཞིག་གིས་དབང་སྐུར་བཞིན་འདུག་པས་ངས་ཁྱེད་ཁྲིད་དེ་དབང་ལ་སྒུར་དུ་སོང་།  དགོན་པའི་ར་སྐོར་ནང་མི་ཚོགས་ཀྱིས་ཡོངས་སུ་བཀང་འདུག་པས་ངེད་གཉིས་གཅིག་གིས་གཅིག་ལ་འཁེན་བཞིན་ཟུར་སྣེ་ཞིག་ཏུ་བསྡད།  བླ་མས་ཆོས་གསུངས་པའི་ཚེ་ཁྱེད་ཀྱིས་རྣ་ཅོར་ཅོར་ངང་ཡིད་སེམས་ལྷོད་ལ་ཕབ་ཏེ་ཐང་དུ་ཉལ་བྱུང་ལ།  མཚམས་རེར་མིག་ཟུང་གསེར་ཁྲིའི་སྟེང་གི་བླ་མའི་ཕྱོགས་་སུ་བསྐོར།  ཡུན་རིང་འགོར་རྗེས་ཁྱེད་རང་ངལ་དུལ་སྐྱེས་བྱུང་བས་མི་ཚོགས་ཀྱི་ཕྱི་རོལ་ནས་ཕར་འགྲོ་ཚུར་འགྲོ་འགའ་བྱས་ནས་རིང་བོར་མ་ལོན་པར་ཡང་བསྐྱར་ངའི་གམ་ཏུ་སླེབས་བྱུང་།  ཁྱེད་ཀྱི་རྣམ་འགྱུར་དེ་མཐོང་བ་ན་མི་རྣམས་ཡ་མཚར་བའི་ཞོར་དུ་ཁྱེད་ལ་སྙིང་རྗེའི་བརྩེ་བ་ཞིག་ཀྱང་སྐྱེས་བཞིན་འདུག   ཉིན་དེ་ནས་བཟུང་ཚོགས་ཞབས་ལ་སྒུར་བའི་མི་དེ་ཚོས་གཟན་རྩྭ་དང་སྔོ་ཚལ་འཁྱེར་འོངནས་ཁྱེད་ཀྱི་མདུན་དུ་སྤུང་ཤིང་།  ཁྱེད་ཀྱི་སྒལ་གཞུང་དུ་བྱིལ་བྱིལ་བྱེད་བཞིན།  ལྷ་དཀོན་མཆོག་ལ་ཆོས་འབྲེལ་ཡོད་ན་ངེས་བར་དུ་ལས་འབྲས་བཟང་བོ་འཁོར་ངེས་ཡིན་ཟེར།  གྲྭ་བ་ཚོས་ཀྱང་ཁྱེད་ལ་སེམས་འདུན་དྲང་མོ་བཟུང་ནས་ལྷ་ཁང་དུ་མཆོད་མཇལ་དང་སྐོར་བ་འགྲོ་ཆོག་པ་བྱས་པ་མ་ཟད། ད་དུང་ཁྱེད་ཀྱི་རྣ་བར་དར་ལུང་ཞིག་ཀྱང་བཏགས་བྱུང་།  འུ་གཉིས་ནམ་ཡང་བྲེལ་བྲེལ་ཟིང་ཟིང་དུ་ཡོད་པས་མིག་ལྡེབ་དབང་ཙམ་ལ་ཟླ་མཆོད་དུས་ཆེན་ལ་སླེབས།  འདིའི་ཡུན་ལ་ངའི་ཕོ་བར་གཟེར་ཆུང་རེར་སྐྱེས་ཀྱིན་ཡོད་ནའང་སྔོན་ཆད་ལས་ཅུང་ཇེ་དགའ་སོང་འདུག   བཟང་མོས་སླར་ཡང་རྨི་ལྟས་ཤིག་གཏན་ནས་མ་བསྟན་པས་ཁོ་མོར་མི་ལུས་ཐོབ་ཡོད་པར་སྨོན།   ངས་བཟང་མོ་འཁྲེང་བའི་སེམས་འདུན་དེ་ཅུང་ལྷོད་ཡོད་དུས་ལུག་ཚེ་ཐར་ལ་སེམས་ཁུར་བྱེད་ཚད་དེ་སྔར་བས་ཇེ་དྲག་ཏུ་བུད་འགྲོ་སྟེ།  ནམ་ཞིག་ལ་ང་རང་འཆི་བར་གྱུར་ཚེ་ཁྱེད་ལ་བདག་སྐྱོང་བྱ་མཁན་མེད་འགྲོ་བས། ཁྱེད་ཀྱིས་བརྙས་བཅོས་མྱོང་མི་ཡོང་ངམ།  གཞན་གྱིས་ར་སྐོར་ནས་ཕྱིར་ལ་མི་སྐྲོད་དམ་སྙམ་ནས་སེམས་ཁུར་བྱེད་འགོ་བརྩམས།  ངའི་ཀླད་པའི་ནང་སེམས་ཁྲལ་གྱི་ཚོར་བ་དེ་ཡུན་རིང་ཞིག་ལ་འཁོར་བས།  དེས་ང་ལ་ལོ་ངོ་ཁ་ཤས་རིང་ཧུར་བརྩོན་གྱིས་འཚོ་དགོས་པའི་སྐུལ་ལྕགས་ཐེབས་སུ་བཅུག  ཉིན་རེར་ངས་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ཏེ་ང་རང་འཇིག་རྟེན་དཀར་ངོགས་འདི་ནས་དུས་ཡུན་རིང་བོ་ཞིག་ལ་འཚོ་ཐུབ་པའི་སྨོན་ལམ་བཏབ།  ཟླ་མཆོད་དུས་ཆེན་གྱི་སྐབས་དང་བསྟུན་ནས་ངས་ཁྱེད་ཁྲིད་དེ་གླིང་སྐོར་དུ་རྐྱང་ཕྱག་འཚལ་དུ་འགྲོ་དགོས་བསམ་བྱུང་།  ངས་ཁྱེད་ལ་དོན་དེ་བཤད་པ་ན་ཁྱེད་ཀྱི་མིག་ཟུང་རེ་བས་ཁེངས་འདུག   ངས་བསྐྱར་དུ་ཁྱེད་ལ་ཏ་ལེན་སོ་མ་ཞིག་བཟོས་ཤིང་།  རང་ལ་རས་ཧྥན་པུས་ཀྱི་པང་གདན་སོ་མ་ཞིག་བཟོས། འདི་ལྟར་ངེད་གཉིས་ཀྱི་གྲ་སྒྲིག་གི་ལས་ཀ་ཡོངས་སུ་མཇུག་རྫོགས།  
  གནམ་ད་དུང་ལངས་མེད་ལ།  མུན་པ་སྟུག་པོ་དེ་དལ་བུར་མར་འགྲིལ་ཅིང་སྐྱ་རེངས་ཀྱི་ཁ་དོག་དེ་རིམ་གྱིས་མངོན་འོང།  ངས་གོམ་འགྲོས་ཧ་ཅང་དལ་བའི་ངང་གོམ་པ་གཅིག་རེའི་མཚམས་ནས་ལུས་མར་སྒུར་ཏེ་ཕྱག་རེ་འཚལ།  ཁྱེད་ཀྱིས་ང་རང་མིག་གིས་འཚོ་བཞིན་སོས་དལ་ངང་ངའི་གཞུག་དེད་དེ་འོང་།  ཁྱེད་ཀྱི་སྒལ་བར་བཀལ་བའི་ཏ་ལེན་གྱི་གཡས་ཕྱོགས་སུ་རྩམ་ཁུག་ཆུང་བ་ཞིག་དང་ཇ་ཕོར་བ་གང་བཅུག་ཅིང་།  གཡོན་ཕྱོགས་སུ་ཚོད་དཀར་གཅིག་དང་ཆུ་ར་ཟེའུ་གང་བཀལ།  ཉི་འོད་སེར་ལམ་ལམ་ཤར་དུས་ངེད་གཉིས་རྡོ་སེང་གེའི་ལམ་གྱི་ལྷོ་སྣེ་རུ་སླེབས་འདུག  འགྲུད་བཞུད་རླངས་འཁོར་རེ་རེ་བཞུད་ནས་ཡོང་ཏེ་ལམ་འགྲམ་དུ་བསྡད་ཅིང་རླངས་འཁོར་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་བོ་གཅིག་རྗེས་གཉིས་མཐུད་ངང་སྒོར་བུད།  ཁོ་ཚོས་ངེད་གཉིས་མཐོང་རྗེས་མཐའ་ལ་རུབ་ཡོང་ནས་གཅིག་འཕྲོ་གཅིག་གིས་པར་བརྒྱབ་བཞིན་མཚམས་མི་འཇོག  ངས་ལུས་ཧྲིལ་བོར་སར་བརླན་རྗེས་ཡང་བསྐྱར་ཡར་ལངས་ཏེ་གོམ་པ་གཉིས་སོང་རྗེས་མུ་མཐུད་དུ་ལུས་ས་ལ་སྒུར་བཞིན་ཕྱག་འཚལ་བ་ཡིན།  ཁྱེད་ཀྱིས་ཅ་དངོས་རྣམས་ཁུར་ནས་ངའི་གཞུག་ཏུ་མཐུད་བྱུང་། དེའི་ཁྲོད་ཀྱི་ལྟ་སྐོར་བ་རེ་གཉིས་ཤིག་གིས་ངེད་གཉིས་ལ་དངུལ་སྒོར་གྱི་སྦྱིན་པ་བཏང་བྱུང་། ངས་ལག་ཟུང་ཐལ་མོར་སྦྱར་ནས་ཁོ་ཚོར་ཐུགས་རྗེ་ཆེ་ཞུས།  གཞུག་ཕྱོགས་འུ་གཉིས་ཀྱིས་སྒོར་འདི་རྣམས་དགོན་པ་ཞིག་ལ་ཞལ་འདེབས་སུ་འབུལ་ཞེས་ངས་དེ་ལྟར་བཤད།  ང་ཚོས་མུ་མཐུད་དུ་ཕྱག་འཚལ་ཞོར་ཡུལ་སྐོར་བ་ཚོར་བསྐྱུར་ནས་སོང་།  ངས་དཀོན་མཆོག་གསུམ་ལ་གསོལ་བ་སྙིང་ནས་བཏབ་ཏེ་ང་རང་འཇིག་རྟེན་དུ་གསོན་ཡུན་རིང་བོ་བྱུང་ནས་ཁྱེད་ལ་འདུག་རོགས་བྱེད་ཐུབ་པའི་སྨོན་ལམ་བཏབ།  
  ཉིན་དེར་ངེད་གཉིས་ཀྱིས་དྲོས་ཇ་ལམ་འགྲམ་ནས་འཐུང་བ་ཡིན།  ང་མི་འགྲུལ་ལམ་ཁར་དཀྱིལ་ཀྲུང་དུ་བསྡད་དེ་ཏ་ལེན་ནས་ཚོད་དཀར་བླངས་ཏེ་ཉུང་ཤས་ཤིག་བཙགས་རྗེས་ཁྱེད་ལ་བྱིན་པ་ན། ཁྱེད་རང་ལྟོགས་དྲགས་པས་ཁམ་བུ་གཅིག་གཉིས་ནང་ཚང་མ་ཟོས་ཚར།  ངས་ལམ་སེང་ཚོད་དཀར་ལོགས་ལོགས་ཚང་མ་དུས་གཅིག་ཏུ་ཁྱེད་ཀྱི་མདུན་ལ་སྤུངས་ནས་རང་གིས་རྩམ་པ་ཟོས།  ལམ་འགྲམ་གྱི་འགྲུལ་བ་ཚོས་ངེད་གཉིས་ལ་ཕྱི་མིག་ཙམ་རེ་འཕེན་བཞིན་མྱུར་སྟབས་ཀྱིས་བཞུད་འགྲོ།  ངས་ཡང་བསྐྱར་ཁྱེད་ལ་རྩམ་པ་མཆིང་བུ་འགའ་བྱིན་ཏེ་ཆུ་རྣམས་ར་ཟེའུ་ནང་བླུགས་རྗེས་ཁྱེད་ལ་སྐོམ་སེལ་ཚད་ཅིག་འཐུང་དུ་བཅུག་ཅིང་།  དེ་ནས་སྡོང་བོའི་གྲིབ་བསིལ་འོག་ཏུ་ངལ་གསོས།  གཞུང་ལམ་དུ་བྱ་འཕུར་བ་ལྟར་རྒྱུག་པའི་རླངས་འཁོར་དང་བྲེལ་འཚུབ་ཀྱིས་རྒྱུ་བའི་མི་ཚོགས་དེས་དོ་དམ་པར་ང་ཚོའི་ཞེ་སེམས་ལྷོད་ལ་ཕབ་ཏེ་ངལ་གསོ་རུ་མི་འཇུག་སྟེ།  ཟང་ཟིང་གི་མཛེར་སྒྲ་དེས་མི་སེམས་མཁའ་རུ་འདེགས་པར་བྱེད།   ང་ཚོས་མུ་མཐུད་དུ་རྐྱང་ཕྱག་འཚལ་འགོ་བརྩམས།  ཚ་གདུགས་འབར་བའི་ཉི་འོད་ཁྲོད་ངའི་ལུས་པོ་ཡོངས་རྫོགས་རྔུལ་ཆུས་བརླན་ཞིང་ཚ་དྲོད་འབར་བའི་ཨར་འདམ་གྱི་རྡོ་གཅལ་དེས་ངའི་བྲང་གཞུང་ཚ་ལམ་ལམ་བྱེད།  ཡིན་ནའང་ངས་དེ་དག་ལ་ཅི་མི་སྙམ་པར་མུ་མཐུད་དུ་ཕྱག་འཚལ་ནས་སོང་།  
   ཕྱི་ཉིན་ང་ཚོས་སླར་ཡང་ཁ་སང་གི་མཚམས་ནས་རྐྱང་ཕྱག་འཚལ་འགོ་བརྩམས།  འགྲམ་དུ་རྐྱང་ཕྱག་འཚལ་བཞིན་པའི་མཇལ་བ་དེ་ཚོའི་ཆ་ལུགས་ལ་བལྟས་ན་ཨ་མདོ་ནས་ཡོང་བ་གསལ་བོར་ཤེས་ཐུབ།  ལག་ཟུང་ཐལ་མོར་སྦྱར་བའི་ཕུ་སྒྲ་དང་བསྡོངས་ཏེ་སྐྱ་རངས་འགྱོགས་རག་བར་དུ་ང་ཚོས་མཉམ་གཅིག་ཏུ་བརྐྱངས་ཕྱག་འཚལ།  ཞོགས་པའི་ཉི་གཞོན་ཚེས་བྱུང་།  གསེར་མདོག་གི་འོད་སྣང་ཆེམ་ཆེམ་དུ་འཕྲོས་བྱུང་།  ཡུད་ཙམ་ལ་མདུན་ངོས་ཀྱི་གཞུང་ལམ་སྟེང་འོད་་མདངས་ལྷམ་མེར་ཚེས།  ཁྱེད་ཀྱི་དཀར་སང་སང་གི་ལུས་པོ་དེ་གསེར་མདོག་གི་འོད་སྣང་ཁྲོད་ནས་དལ་བུར་འགུལ་བས་སྔར་བས་དྭངས་གཙང་དང་ལྷད་མེད་དུ་མངོན་ལ།  དེ་ནི་རྡུལ་དང་དྲི་མས་མ་གོས་པའི་གངས་ལྷ་མེ་ཏོག་ཅིག་དང་ཀུན་ནས་མཚུངས།   

           སྒྱུར་བ་བོའི་ཕྲན་དཔྱད།
        རྩོམ་འདིས་དངོས་ཡོད་དང་འཆར་ཡན་ཟུང་དུ་འབྲེལ་བའི་སྒོ་ནས་བོད་མིའི་ནང་སེམས་ཀྱི་ཕུན་སུན་ཚོགས་པའི་རིག་གནས་ཏེ་གསོན་རེ་འཆའ་བའི་སྙན་གྲགས་དང་ཕྱི་མར་འགྲིམས་པའི་བཟང་མོ། ལས་ཀྱིས་འཕྲད་པའི་མ་མོ་སོགས་ཀྱི་འདུ་འབྲལ་གྱི་སྡུག་བསྔལ་དང་བརྩེ་དུང་། འཁྲེང་ཞེན་སོགས་ཞིབ་འབྲི་བྱས་པ་་བརྒྱུད་ནང་བསྟན་རིག་གནས་ཀྱི་ལྟ་སྤྱོད་དེ་ལས་དགེ་སྡིག་དང་ཚེ་འདི་ཕྱི།  སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་ལུ་གུ་བརྒྱུད་དུ་བསྟར་ནས་མི་ཚེ་གཅིག་ལ་བྱུང་བའི་སྐྱིད་སྡུག་གི་ལོ་ཟླའི་འགའ་འདུ་རྣམས་ཐུན་མོང་མ་ཡིན་པའི་ནང་བསམ་བློའི་རིག་གནས་ཅ་ནོམ་པ་ཞིག་གི་སྟེང་ནས་མཚོན་ཡོད།  ལོ་ངོ་ཆིག་སྟོང་མང་བོའི་རིང་ལ་གཟི་འོད་རྣམ་པར་བཀྲ་བའི་བོད་མིའི་ནང་སེམས་ཀྱི་རིག་གནས་དེ་དེང་གི་དཔལ་འབྱོར་དུས་རབས་ཀྱི་སྤྱི་ཚོགས་ཁྲོད་བརྡབ་སིག་མང་བོ་འཕྲད་ནའང་དེའི་ཕ་མཐའ་གཞའ་དཀའ་བའི་ནང་སེམས་ཀྱི་རྒྱ་ཁྱོན་དེས་འགྲོ་བ་མིའི་རིགས་ལ་བློ་རྒྱ་བསྐྱེད་དུ་འཇུག་ཡོད།  རྩོམ་པ་པོས་མཛེས་རྟོག་གི་ཚོར་བ་སྐྱེན་པོ་ལ་བརྟེན་ནས་བོད་མི་རེ་རེའི་རྒྱུད་ན་རང་ཆགས་སུ་ཡོད་པའི་བྱམས་སྙིང་རྗེ་དང་བདག་གཞན་བརྗེ་བའི་སྤྱོད་པ་རྨད་དུ་བྱུང་བ་གསལ་བོར་བསྟན་ཏེ། ནང་སེམས་ཀྱི་བདེ་སྐྱིད་འཚོལ་བ་ནི་བོད་མིའི་རིག་གནས་ཀྱི་མཐར་གཏུགས་ཉིང་བཅུད་ཡིན་པ་ར་སྤྲོད་གསལ་བོ་གནང་འདུག
         
                                            (ཨ་པཎ་གྱིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལུག་ཚེ་ཐར།

2011-07-01 ཚེ་རིང་ནོར་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།