གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲུང་བ་གཞོན་ནུ།༼ཚན་བཤུས༽༢

2011-03-19 16:21:00 Bernhard Schlink ཀློག་གྲངས། མཆན ཡོད།

                                                                                    ལེའུ་གཉིས་པ།
       དེང་འདིར། བྷ་ཧན་ཧོ་ཧྥུ་སྲང་ལམ་གྱི་སྔར་གྱི་ཁང་བརྩེགས་མཐོན་པོ་དེ་མཐོང་ལམ་དུའང་མི་སྣང་། དེ་ཉིད་དུས་ནམ་ཞིག་ལ་དང་ཅིའི་ཕྱིར་བཤིགས་པའང་ཤེས་ཐབས་བྲལ་ཞིང་བདག་ཀྱང་རང་གི་ཕ་ཡུལ་དང་ཁ་བྲལ་ནས་མི་ལོ་མང་པོ་འདས་སོང་། ཁང་བརྩེགས་གསར་བ་དེ་ལོ་རབས་དྲུག་ཅུ་བའམ་བདུན་ཅུ་བའི་དུས་སུ་བརྩིགས་པ་ཞིག་སྟེ་དེར་བང་རིམ་ལྔ་ཡོད་ཅིང་ཁང་ཀླད་མཐོངས་ཡངས་པའི་ངང་མཛེས་སྤྲས་བྱས་ཡོད་མོད་ཉི་ཁྱམས་དང་གཞུ་དབྱིབས་ཅན་གྱི་སྒེའུ་ཁུང་མི་འདུག  འོད་ཀྲིག་ཀྲིག་བྱེད་ཀྱིན་པའི་ངོས་དག་ལ་ཕོན་ཆེན་པོས་ས་རྩི་དཀར་བོ་བྱུགས་ཡོད། འཚང་ཁ་ཤིག་ཤིག་བྱེད་པ་ལྟ་བུའི་སྒོ་དྲིལ་དག་གིས་ར་བའི་ནང་ན་གཞིས་ཀ་ཆུང་ཆུང་དག་ཀྱང་གཅིག་ཐོག་གཅིག་བརྩེགས་ཀྱིས་ཡོད་པ་མཚོན་ཞིང་དེ་དག་གི་ནང་ནས་ཁང་བ་གླ་མཁན་ཚོ་ཕར་སྤོ་ཚུར་སྤོ་བྱེད་པའི་ཚུལ་ནི་ཁྱོད་རང་གླ་གཏོང་རླངས་འཁོར་དག་ནས་ཕར་འབུད་ཚུར་འབུད་བྱེད་པ་དང་འདྲའོ།། ཁང་བརྩེགས་དེའི་ཁང་བ་ཆེས་འོག་མ་ན་རྩིས་འཕྲུལ་འཚོང་ས་ཞིག་ཕྱེ་འདུག་ལ་སྔོན་ཆད་དེར་སྨན་འཚོང་ས་ཞིག་དང་། སྒོ་རྩིས་ཁང་ཞིག བརྙན་སྡེར་ཁང་ཞིག་བཅས་ཡོད།
སྔར་གྱི་ཁང་བརྩེགས་རྙིང་བ་དེའི་མཐོ་ཚད་ནི་གོང་དུ་གླེང་བའི་གསར་བ་དེར་མཉམ་ནའང་དེ་ལ་བང་རིམ་བཞི་ལས་མེད།དེའི་ཁང་རིམ་འོག་མ་ནི་རྡོ་སེག་གི་གྱོ་མོས་བརྩིགས་ཡོད་ལ་ཁང་རིམ་གཞན་པ་གསུམ་ནི་སྤྱིར་བཏང་གི་གྱོ་མོས་བརྩིགས་ཡོད་མོད་དེ་དག་གི་གཞུ་དབྱིབས་གྱི་རྩིག་པ[1]དང་། ཉི་ཁྱམས་ཆུང་བ། སྒེའུ་ཁུང་བཅས་ནི་རྡོ་སེག་གི་གྱོ་མོས་ཀུན་ནས་བསྐོར་ཡོད། ཁང་རིམ་འོག་མ་དག་གམ་དབུས་ཀྱི་ཚོམས་ཁང་དུ་འཇུག་པར་ཐེམ་སྐས་རིམ་པ་འགའ་བརྒལ་དགོས་ཤིང་དེ་དག་གི་འགབ་མ་རྣམས་རིང་ཞིང་ཐོག་མ་རྣམས་ཐུང་ལ་སྣེ་གཉིས་ཀར་ལག་པ་བཀན་སའི་གྱང་དམའ་མོ་རེ་ཡོད།དེའི་མཐོ་ས་ཁྲོ་ལྕགས་ཀྱིས་ཤན་ཡོད་ལ། དམའ་ས་ཉིད་གུག་ཅིང་འཁྱོག་པའི་ངང་རིང་བར་བརྐྱངས་ཡོད། ཁང་བརྩེགས་དེའི་སྒོ་མོ་ཆེའི་གཞོགས་གཉིས་ཀར་ཀ་བ་རེ་ཡོད་ཅིང་སྒོ་ཀླད་ཀྱི་ཟུར་གཉིས་ཀར་རྡོའི་སེང་གེ་རེ་ཡོད། དེ་ལས་གཅིག་གིས་ཡར་བྷ་ཧན་ཧོ་ཧྥུ་སྲང་ལམ་དུ་བལྟས་ཡོད་པ་དང་། ཅིག་ཤོས་ཀྱིས་མགོ་བསྒུར་ཏེ་མར་བལྟས་ཡོད། བུད་མེད་དེས་ང་རང་ཆུ་སྒོ་ཡོད་སར་འཁྲིད་སྐབས་བརྒྱུད་དུས་ཀྱི་སྒོ་དེ་ནི་མ་གཞི་གློ་སྒོ་ཞིག་ཡིན་འདུག
         བདག་གིས་ཆུང་བྱིས་པའི་དུས་ནས་བཟུང་ཁང་བརྩེགས་དེ་སེམས་ལ་ཐོགས་ཡོད་ཅིང་དེ་ཉིད་ཁང་བ་གཞན་དག་ལས་རྒྱུ་སྐར་དབུས་ཀྱི་ཟླ་བ་བཞིན་མངོན་པར་འཕགས་ཡོད།  གལ་སྲིད་ཁང་བརྩེགས་དེ་དེ་ལས་ཀྱང་རྒྱ་ཆེ་བར་བརྩིག་ཚེ་ཉེ་འཁོར་གྱི་ཁང་བ་དག་མཐའ་ཁར་དེད་ནས་དེར་སྔར་ལས་ཀྱང་ལྷག་པའི་ས་ཆེན་པོ་ཞིག་འཛིན་རྒྱུ་རེད་སྙམ་བྱུང་། བདག་གིས་དྲན་པ་ལྟར་ན།ཁང་བརྩེགས་དེའི་ནང་གི་ཚོམས་ཆེན་ནམ་སྐས་ཐེམ་གྱི་སྟོང་དབྲག[2]ཏུ་བསླེབ་ཚེ་གྱང་གི་ངོས་ཀུན་མེ་ལོང་གིས་གང་ཞིང་། མགོ་བོ་ཡར་བཏེགས་ཚེ་རྡོ་ཅུ་གང[3]གིས་བྱས་པའི་གནམ་རྒྱན[4]མཐོང་ཡོང་ལ། མགོ་བོ་མར་བསྒུར་ཚེ་པང་གཅལ་དུ་ས་གདན་རིང་བོར་བཏིང་ཡོད་པ་དང་། དེ་ཉིད་ཤར་ཕྱོགས་པའི་སྲོལ་གྱི་རི་མོས་མཚན་ཞིང་། ཕྱིས་ཏེ་འོད་མདངས་འཚེར་བར་བྱེད་པའི་ཟངས་སེར་བོའི་མུ་ཁྱུད་ཀྱིས་ཀྱང་བརྒྱན་ཡོད་པ་མངོན་ཡོང་། བདག་གིས་གཞལ་ཡས་ཁང་ལྟ་བུའི་ཁང་བརྩེགས་དེའི་ནང་ནས་གཞིས་ཀ་འཛིན་མཁན་ནི་ཐོབ་དང་གོ་ས་མཐོ་བའི་སྐྱེ་བོ་ཁོ་ན་ཡིན་པར་སྙམ། ཡིན་ནའང་དུས་ཀྱི་འཁོར་ལོ་དང་མེ་འཁོར་གྱི་དུ་བས་ཁང་བརྩེགས་དེ་རྙིང་བར་བསྒྱུར་ནས་མདངས་ཀྱང་ཤོར་བར་བྱས་སོང་། དེ་བས་བདག་གིས་ནི་སླར་ཡང་ཁང་བརྩེགས་དེའི་ནང་གི་སྡོད་དམངས་ཚོའང་བསམ་དབང་དྲན་དབང་མེད་པར་རྒུད་པའི་ལམ་དུ་འཕྱན་ཏེ་འོན་པའམ། ལྐུགས་པའམ། རྒྱབ་སྒུར་བའམ། འཐེང་བོ་སོགས་སུ་གྱུར་ཡོད་པར་སྙམ།
དེའི་རྗེས་ཀྱི་ལོ་དང་ཟླ་བ་མང་པོའི་ནང་ཁང་བརྩེགས་དེ་ཡང་དང་བསྐྱར་དུ་བདག་གི་རྨི་ལམ་དུ་མངོན་བྱུང་། བདག་གི་རྨི་ལམ་ཕལ་ཆེ་བ་མཚུངས་པ་སྟེ། རྨི་བྱ་གང་ཞིག་མངོན་ཚུལ་མི་འདྲ་བ་ཙམ་མོ།། རྨི་ལམ་ནང་དུ་ང་རང་རྒྱུས་མེད་ཀྱི་གྲོང་ཁྱེར་ཞིག་ཏུ་རྐང་ཐང་གིས་འགྲོ་བཞིན་ཡོད་ཅིང་དེ་ག་ནས་ཁང་བརྩེགས་དེ་མཐོང་བྱུང་། དེ་ཉིད་ཁང་བརྩེགས་རྣམས་གྲལ་དུ་བསྒྲིགས་པའི་གྲོང་ཁྱེར་དེའི་ཁུལ་ཞིག་ཏུ་ཡོད་ཅིང་བདག་ལ་རྒྱུས་མངའ་གཏན་ནས་བྲལ། ཁང་བརྩེགས་དེ་ལས་གཞན་ཁོ་ར་ཁོར་ཡུག་གི་གནས་གང་ཡང་ཆ་རྒྱུས་མེད་པར་སྣང་བས་བདག་མུ་མཐུད་མདུན་དུ་བསྐྱོད་ནའང་མགོ་བོ་འཐོམས་པར་གྱུར། གློ་བུར་ཏུ་བདག་གིས་ཁང་བརྩེགས་དེ་སྔོན་ནས་མཐོང་མྱོང་བ་དྲན་པ་དང་། རང་ཉིད་ཡོད་ས་དེ་ཕ་ཡུལ་གྱི་བྷ་ཧན་ཧོ་ཧྥུ་སྲང་ལམ་མ་ཡིན་པར་གྲོང་ཁྱེར་གཞན་ཞིག་གམ་རྒྱལ་ཁབ་གཞན་ཞིག་ཡིན་པ་ཚོར་བྱུང་། དཔེར་ན། རྨི་ལམ་ནས་རང་ཉིད་རོམ[5]དུ་ཡོད་ཅིང་། དེ་ག་ནས་ཁང་བརྩེགས་དེ་མཐོང་བ་དང་ཡང་སྔོན་ཆད་དེ་ཉིད་བྷིར་ལེན[6]ནས་མཐོང་མྱོང་བ་དྲན་པ་ལྟ་བུའོ།། རྨི་ལམ་དེས་བདག་ལ་བདེ་བའི་ཚོར་བ་ཞིག་བསྩལ་བྱུང་བ་སྟེ། ཁང་བརྩེགས་དེ་གནས་མི་འདྲ་བ་ནས་ཡང་དང་བསྐྱར་དུ་མངོན་པ་ནི་གྲོགས་པོ་རྙིང་བ་ཞིག་ལ་རྒྱུས་མེད་ཀྱི་ཡུལ་ཞིག་ནས་སྟེས་དབང་གིས་འཕྲད་པ་བཞིན་ཧ་ལས་དགོས་པ་ཞིག་ནི་མ་ཡིན། དེའི་ཕྱིར་བདག་གིས་གོམ་ཁ་ཁང་བརྩེགས་དེའི་ཕྱོགས་སུ་བསྒྱུར་ཏེ་སྐས་ཐེམ་དག་བརྒལ་ཅིང་ནང་དུ་འགྲོ་འདོད་དེ་སྒོ་དྲིལ་གནོན་བཞིན་པ་རྨིས་བྱུང་།
    གལ་སྲིད་ཁང་བརྩེགས་དེ་གྲོང་གསེབ་ཅིག་ནས་མངོན་ཚེ་རྨི་ལམ་གྱི་རྒྱུན་རིང་དུ་བསྐྱང་སྲིད་པའམ་བདག་གིས་དེའི་སྐོར་ཞིབ་ཅིང་ཕྲ་བར་དྲན་པར་འགྱུར། རྨི་ལམ་དུ་ངས་རླངས་འཁོར་ཞིག་བསྐོར་ཡོད་ལ། ཁང་བརྩེགས་དེ་བདག་གི་གཡས་ཕྱོགས་ན་འདུག བདག་སྔར་བཞིན་མདུན་དུ་བསྐྱོད་ནའང་གྲོང་ཁྱེར་གྱི་ཁང་བརྩེགས་དེ་གློ་བུར་གྲོང་གསེབ་ཀྱི་ཐང་སྟོང་ཞིག་ན་ཀྲོང་ངེར་ཡོད་པ་གསལ་བོར་མངོན་པས་བདག་གི་མགོ་བོ་འཐོམས་པར་བྱས་སོང་། དེ་འཕྲལ་བདག་གིས་ཁང་བརྩེགས་དེ་ནི་རང་གིས་ཐེངས་དང་པོར་མཐོང་བ་དེ་མ་ཡིན་པ་ཤེས་པས་མགོ་བོ་ལྷག་ཏུ་འཐོམས་པར་གྱུར། གང་ལྟར་བདག་གིས་ཁང་བརྩེགས་དེ་དང་པོ་གནས་གང་ཞིག་ནས་མཐོང་མྱོང་བ་དྲན་ཐེངས་རེར་རླངས་འཁོར་གྱི་ཁ་ལོ་ཕྱིར་བསྒྱུར་ནས་འགྲོ་བར་བྱས། རྨི་ལམ་གྱི་ནང་དུ། གཞུང་ལམ་དེ་ནམ་ཡང་སྟོང་སང་སང་དུ་འདུག་པས་རླངས་འཁོར་གྱི་ཁ་ནི་འཁོར་ལོ་ལས་ཙིར་སྒྲ་འབྱིན་ཞོར་དུ་མགྱོགས་པོར་ཕྱིར་བསྐྱོག་ཐུབ། རྗེས་སུ་ལུས་དོགས་ནས་འཚེར་སྣང་ཡང་བྱུང་བས་རླངས་འཁོར་ཇེ་མགྱོགས་སུ་བཏང་བ་ཡིན། དེ་ནས་བདག་གིས་ཁང་བརྩེགས་དེ་མཐོང་བྱུང་། དེའི་ཁོ་ར་ཁོར་ཡུག་ཐམས་ཅད་ཞིང་ས་གཤིན་པོས་བསྐོར་ཅིང་། ཕིལ་ཁྲི་ནུ་ཁྲི[7]ཡི་སྣུམ་ཚལ[8]ལམ་། མ་རྨོས་ལོ་ཏོག་གམ། རྒུན་འབྲུམ་མམ། ཕིར་ཝེན་སི[9]ལ་ཝན་ད་ར[10]སོགས་གང་རུང་གིས་གང་འདུག  དེ་གའི་ཐང་ཤིན་ཏུ་བདེ་བའམ་དེའུ་འབུར་ཆུང་ངུ་རེ་ལས་མེད་པར་འདུག་ལ་ཤིང་སྡོང་གཅིག་ཀྱང་མཐོང་ལམ་དུ་མི་མངོན། ནམ་མཁར་སྤྲིན་མཐེ་བོང་ཙམ་མེད་ཅིང་ཉི་ཟེར་རབ་ཏུ་འཕྲོས་པས་མཁའ་དབུགས་དྭངས་ལ་ལམ་བུ་དེས་ཀྱང་ཡིད་ཀྱི་བརྟན་པ་ཀུན་ནས་འཕྲོག་པར་བྱེད། ཁང་བརྩེགས་དེའི་མཐའ་མེ་རགས[11]ཀྱིས་བསྐོར་ཡོད་པས་བལྟས་ཚོད་ཀྱིས་བརྩིགས་ནས་འགྲུབ་མེད་པ་ལྟ་བུར་འདུག གཅིག་བྱས་ན་ཁང་བརྩེགས་གང་ཡང་རུང་བའི་མཐའ་འཁོར་གྱི་མེ་རགས་ཐམས་ཅད་དེ་ལྟ་བུར་སྣང་། ཁང་བརྩེགས་དེ་བྷ་ཧན་ཧོ་ཧྥུ་སྲང་ལམ་དུ་ཡོད་དུས་བཞིན་ནག་རོག་གེ་ཞིག་མིན་ནའང་སྒེའུ་ཁུང་ཐམས་ཅད་ས་རྡུལ་གྱིས་ཟིན་པས་ནང་གི་བཀོད་པ་གང་ཡང་མཐོང་བ་ལྟ་ཅི་ཐ་ན་སྒེའུ་ཡོལ་ཡང་མཐོང་ཐབས་བྲལ། དེ་ཕྱིར་དེ་ཉིད་མིག་ལྡོང་བ་དང་ཀུན་ནས་མཚུངས་སོ།།
     བདག་རླངས་འཁོར་ལས་བབས་ཤིང་རྐང་ཐང་གིས་རྒྱ་ལམ་དུ་ཕྱིན་ཏེ་སྒོ་ཆེན་གྱི་ཕྱོགས་སུ་བསྙེགས། དེ་གར་སྐྱེ་བོ་གཅིག་ཀྱང་མཐོང་རྒྱུ་མེད་ལ་སྐད་སྒྲ་གང་ཡང་གོ་རྒྱུ་མེད། ཐ་ན་རྒྱང་ཐག་རིང་བའི་ས་ན་ཡོད་པའི་མ་འཕྲུལ[12]གྱི་སྒྲའམ། རླུང་ལྡང་བའི་སྒྲ། བྱེའུ་སྐད་ཙམ་ཡང་མི་འདུག་པས་འཇིག་རྟེན་ཧྲིལ་བོ་ཤི་བ་ལྟར་ལྷིང་འཇགས་སུ་གནས། བདག་གིས་སྐས་ཐེམ་དག་བརྒལ་ཏེ་སྒོ་དྲིལ་གནོན་པར་བརྩམས།
དེ་ལྟ་མོད་ཀྱང་བདག་གིས་སྒོ་མ་ཕྱེ། བདག་གཉིད་ལས་སད་པར་གྱུར་ཅིང་སྒོ་དྲིལ་ལ་རེག་པ་དང་དེ་ཉིད་ཀྱིས་མནན་པ་གསལ་བོར་དྲན། དེའི་འཕྲོར་རྨི་ལམ་ཀྱིས་ང་རང་ཕྱིར་དྲན་གྱི་ཀློང་དུ་ཁྲིད་པ་དང་། རང་གིས་སྔོན་གྱི་ཚེ་ན་དེ་དག་ཡོད་ཚད་རྨིས་མྱོང་བའང་ཝ་ལེར་དྲན་ནོ།།
                            ༼སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར༽
                  --------------------------------------------------------------------------------

[1]འདི་ནི་སྲོལ་རྒྱུན་གྱི་རྩིག་པའི་རིགས་ཤིག་སྟེ། མཐོ་སའམ་དབུས་ནས་གཞུ་དབྱིབས་ཀྱི་རྣམ་པ་བཟོ་བའོ།།
[2]འདི་ནི་ཨར་ལས་ཀྱི་བརྡ་ཆད་ཅིག་སྟེ་སྐས་ཐེམ་དང་སྐས་ཐེམ་བར་གྱི་སྟོང་བའི་ཆ་དེ་ལ་གོ་ཞིང་ཨིན་སྐད་དུStairwellཟེར་ཞིང་རྒྱ་སྐད་དུ楼梯井ཟེར་རོ།།
[3]ཁ་དོག་དཀར་བོའི་འདྲེས་རྫས་ཤིག་སྟེ་རྒྱུ་སྙི་ཞིང་བསྲེགས་རྗེས་ཆུ་དང་འཕྲད་ན་ཚོས་པར་འགྱུར་བ་ཞིག་སྟེ་ཨིན་སྐད་དུPlasterདང་། རྒྱ་སྐད་དུ石膏རུ་འབོད་པའོ།།
[4]ཁང་བའི་གནམ་རྒྱན་གྱི་པང་གཅལ་ལོ།།
[5]ཨེ་ཊ་ལིའི་ལྟེ་བའི་གྲོང་ཁྱེར་རམ་རྒྱལ་སའོ།།
[6]འཇར་མན་གྱི་རྒྱལ་སའོ།།
[7]འཇར་མན་གྱི་རེ་ཡན་གཙང་བོའི་ནུབ་རྒྱུད་ཀྱི་ཡུལ་གྲུ་ཞིག་གོ།
[8]ལོ་མ་ལྗང་ནག་ཆེ་བ། ངར་བ་རིམ་གྱིས་དཀར་བའི་རྒྱུན་མཐོང་སྔོ་ཚལ་ཞིག རྒྱ་སྐད་དུ油菜ཟེར་རོ།།
[9]Provenceཞེས་གནའ་བོའི་རོམ་བཙན་རྒྱལ་གྱི་མངའ་སྡེ་ཞིག་སྟེ། དེང་ཧྥ་རན་སེའི་ཤར་ལྷོའི་ཕྱོགས་ཀྱི་ས་དབུས་རྒྱ་མཚོ་དང་བཅར་བའི་ཡུལ་གྲུ་ཞིག་ཡིན་ལ་ཡོ་རོབ་ཀྱི་སྒྱུ་རྩལ་བ་དང་རྩོམ་པ་པོ་མང་པོས་འཚོ་བ་རོལ་མྱོང་སའི་གནས་གྲགས་ཆེན་ཞིག་ཡིན་ནོ།།
[10]Lavenderཞེས་དབྱིབས་རང་རེའི་བྱ་རྒོད་སྤོས་དང་མཚུངས་ཤིང་ཁ་དོག་སྣ་ཚོགས་སུ་སྣང་བའི་ནུབ་ཕྱོགས་ཀྱི་མེ་ཏོག་ཅིག་སྟེ། སྡོང་རྐང་དང་ལོ་མ་ནི་སྨན་དུ་རུང་ལ། ཞིང་ནང་དུ་ཀེ་ཚེ་ལྟར་འདེབས་ཆོག་པ་ཞིག་གོ།
[11]ཁང་བ་དང་ཁང་བའི་བར་དུ་མེ་སྐྱོན་མི་མཆེད་པའི་ཆེད་དུ་བྱས་པའི་མེ་འགོག་བྱེད་ཀྱི་རགས་ཏེ་ཨིན་སྐད་དུFirewallཟེར་ཞིང་རྒྱ་སྐད་དུ་防火墙ཟེར་རོ།།
[12]སྒུལ་བྱེད་འཁོར་འཁོར་ཏེ། སྲུབ་མདོང་ཅན་གྱི་ནང་འབར་འཕྲུལ་འཁོར་རམ་རླངས་སྒུལ་འཕྲུལ་འཁོར་སོགས། ཨིན་སྐད་དུEngineདང་། རྒྱ་སྐད་དུ引擎ཟེར་བ་དེ་འོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།