གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲུང་བ་གཞོན་ནུ།༼ཚན་བཤུས༽༡

2011-03-19 15:41:00 Bernhard Schlink ཀློག་གྲངས། མཆན ཡོད།

                                                          ལེའུ་དང་པོ།
     ང་རང་ཕོ་ལོ་བཅོ་ལྔ་ཡིན་དུས། མཁྲིས་པ་མིག་སེར་གྱི་ནད་ཀྱིས་ཟིན་པར་གྱུར། ནད་དེ་ལོ་དེའི་སྟོན་ཀ་ནས་བྱུང་ཞིང་ཕྱི་ལོའི་དཔྱིད་ཀའི་དུས་སུ་སངས་དྲགས་བྱུང་། ལོ་རྙིང་བ་དེ་རིམ་གྱིས་གྲང་ངར་ཆེ་ལ་གནམ་འཐིབས་པ་ཞིག་ཏུ་གྱུར་ཅིང་བདག་གི་ལུས་ཀྱི་སྟོབས་ཀྱང་ཇེ་ཞན་ནས་ཇེ་ཞན་དུ་སོང་། སྣོད་བཅུད་གང་ལའང་ལོ་གསར་བའི་བར་དུ་འགྱུར་བ་ཅི་ཡང་ཡོད་མ་སོང་།  འོན་ཏེ་ཟླ་བ་དང་པོའི་ནང་དྲོད་སྣང་རྒྱས་པས་ཨ་མས་བདག་གི་མལ་ཁྲི་དེ་ཁང་བའི་ཉི་ཁྱམས[1]སུ་སྤོས་བྱུང་།ངས་དེ་ནས་མཁའ་དབྱིངས་དང་། ཉིན་བྱེད། སྤྲིན་པ་སོགས་མཐོང་ཐུབ་ལ་བྱིས་པ་ཚོ་ར་སྐོར་ནང་རྩེད་འཇོར་རོལ་དུས་ཀྱི་དགོད་སྒྲའང་ཐོས་ཐུབ། ཟླ་བ་གཉིས་པའི་སྲོད་ཁའི་དུས་ཤིག་ལ། བདག་གིས་བྱེའུ་ཆུང་ནག་རིལ[2]གྱིས་ཅིར་ཅིར་གླུ་སྐད་འབྱིན་པ་ཐོས་པར་གྱུར།
     ངེད་ཚང་གི་ཁྱིམ་དེ་བྷི་ལོས་མེན་སྲང་ལམ་དུ་ཡོད་པའི་ཁང་བརྩེགས་མཐོན་པོ་ཞིག་གི་སུམ་ཐོག་ཏུ་ཡོད་ཅིང་དེ་ནི་དུས་རབས་གསར་རྙིང་གཉིས་ཀའི་འདྲེས་མཚམས་ཀྱི་དུས་དེར་བརྩིགས་པ་ཞིག་རེད། བདག་ཚེ་ཐོག་འདི་ནས་ཐེངས་དང་པོར་གཅིག་བུར་སྒོའི་ཕྱིར་འགྲོ་དུས་ནི་སྲང་ལམ་དེ་ནས་བྷ་ཧན་ཧོ་ཧྥུ་སྲང་ལམ་དུ་ཆས་པ་རང་ཡིན། ལོ་རྙིང་གི་ཟླ་བ་བཅུ་བའི་ཉིན་ག་གེ་མོ་ཞིག་ལ་བདག་ལམ་བུ་དེར་ཞུགས་ཏེ་སློབ་གྲྭ་ནས་ཕྱིར་རང་ཁྱིམ་དུ་ལོག་དུས་གློ་བུར་ཏུ་བསྐྱུག་དགོས་པ་བྱུང་། དེ་ནི་བདག་ལ་མཚོན་ན་སྔར་གཏན་ནས་ཡོད་མ་མྱོང་ཞིག་ཡིན། ཉིན་དེ་གར་ལུས་སྟོབས་ཉམས་པ་དང་། གོམ་པ་སྤོ་དཀའ་བར་གྱུར་བ་དང་ལྷག་པར་དུ་ཁྱིམ་མམ་སློབ་གྲྭ་གང་ནས་ཀྱང་སྐས་ངོར་འཛེག་དགོས་ཚེ་རྐང་བ་ནས་ཤེད་ཀྱིས་འཐེན་དགོས་པ་ལྟ་བུར་གྱུར། དེ་མིན་ཟས་ཀྱི་ཡི་གའང་ཉམས་པར་གྱུར་བ་སྟེ་ཅོག་ཙེའི་འགྲམ་དུ་ཡོད་དུས་ཕོ་བ་སྟོང་བ་ཡིན་པར་སྣང་ཡང་ཟ་མ་མིག་སྔར་བཤམས་ཡོང་དུས་ཟ་འདོད་ནི་རྩ་བ་ནས་མི་འདུག ཞོགས་པར་གཉིད་ལས་སད་མ་ཐག་ཁ་ལྕེ་བསྐམས་པར་མ་ཟད་དོན་ལྔ་སྣོད་དྲུག་གྱིས་ནི་ཕན་ཚུན་གྱི་གོ་ས་ནོར་བ་བཞིན་ཤུགས་ཆེན་པོས་ལུས་ཀྱི་རྩིབས་མར་རྒོལ་ཕྱིར་འཕུད་རྒྱག་བྱེད་པ་འདྲ། ལུས་སྟོབས་ཉམས་པ་དེས་བདག་གི་ཞེ་ནོངས་པར་བྱས་ཤིང་སྐྱུག་མེར་ལངས་པ་དེས་བདག་གི་ཞེ་ལྷག་ཏུ་ནོངས་པར་བྱས། དོན་དེ་འདྲ་ནི་སྔོན་ཆད་གཏན་ནས་བྱུང་མ་མྱོང་། ཉིན་དེར་ཅི་ཞིག་གིས་བསམ་དབང་དྲན་དབང་མེད་པར་བདག་གི་ཁའི་ནང་བཀང་བར་བྱས་ཤིང་བདག་གིས་དེ་ཉིད་དལ་མོར་ཕྱིར་མིད་པར་བརྩམས་ཏེ་སོ་བསྡམས་ཤིང་མཆུ་བཙུམས་ནས་ལག་པས་བཀབ་ནའང་མཛུབ་མོའི་བར་གསེང་ནས་ཤོར་བར་གྱུར།བདག་གིས་གྱང་ངོར་ཁེན་ནས་རང་གི་རྐང་བའི་འགྲམ་གྱི་སྐྱུག་པར་བལྟས་པས་འོད་ཀྲིག་གེར་ཡོད་པའི་འབྱར་བག་ཅན་གྱི་དངོས་པོ་དེས་ནི་ཞེ་མེར་བར་བྱས་སོང་།
      སྐབས་དེར་བུད་མེད་ཅིག་རོགས་པར་བསླེབས་མོད་མོ་འཚབ་ཆེ་བས་ང་སྐྱོབ་པའི་ཚུལ་ནི་ཕལ་ཆེར་ང་ལ་རྡུང་བ་དང་འདྲ། མོས་ངའི་དཔུང་བ་ནས་བཟུང་སྟེ་ང་རང་སྨག་ནག་པའི་སྒོ་ཁྱམས་བརྒྱུད་ནས་ར་སྐོར་ཞིག་ཏུ་ཁྲིད་བྱུང་། དེར་མཐོ་ས་ན་སྒེའུ་ཁུང་དང་སྒེའུ་ཁུང་གི་བར་དུ་ཐག་པ་དཔྱངས་ནས་སྟེང་དུ་བཀྲུས་མ་ཐག་པའི་གྱོན་གོས་རློན་པ་དག་ཉི་མར་བསྐམས་འདུག ར་བའི་ནང་དུ་ཤིང་ཆ་སྤུངས་ཡོད་ཅིང་ལྕགས་སག་གི་སྒྲ་དང་ཤིང་ཕྱེས་བཀང་བའི་ལས་ཤག་ཅིག་གི་སྒོའང་ཕྱེ་འདུག བུད་མེད་དེས་ར་བའི་ནང་གི་ཆུ་སྒོ་ཕྱེ་ནས་ཐོག་མར་བདག་གི་ལག་པ་བཀྲུས་ཤིང་དེ་ནས་ཆུ་ཁྱོར་བར་བཅུས་ནས་བདག་གི་གདོང་ལ་བྲན་བྱུང་། ངས་ལག་ཕྱིས་བླངས་ནས་རང་གི་གདོང་ཕྱིས་པ་ཡིན།
མོ་ན་རེ། “གཞན་པ་དེ་ཁྱེར་ཤོག” ཆུ་སྒོའི་འགྲམ་དུ་ཆུ་ཟེའུ་གཉིས་ཡོད་ཅིང་མོས་གཅིག་བཏེགས་ཏེ་ཆུ་ཡིས་བཀང་པ་དང་བདག་གིས་ཀྱང་གཞན་པ་དེ་ཁྱེར་ཡོང་ནས་ནང་དུ་ཆུ་གང་བར་བླུགས་པ་ཡིན། དེ་ནས་མོའི་རྗེས་དེད་དེ་སྒོའི་ཕྱིར་བུད། མོས་དཔུང་རྗེན་དུ་རྡོ་ལམ་ངོས་ཀྱི་སྐྱུག་པ་དག་ཆུ་རྐའི་ནང་བཤལ་བ་དང་། དེ་ནས་ངའི་ལག་གི་ཆུ་ཟེའུ་བླངས་ནས་སླར་ཡང་ལམ་ཁ་གཙང་མར་བཤལ་བྱུང་།
       དེ་ནས་མོས་ལུས་དྲང་མོར་བྱས་པ་དང་ང་ངུ་བཞིན་པ་མཐོང་བྱུང་།
     “ཨ་རོ། གཅེས་ཕྲུག” མོས་ཧ་ལས་པའི་ཚུལ་གྱིས་དེ་ལྟར་ཟེར་ཞིང་སླར་ཡང་ཚིག་དེ་ཐེངས་གཅིག་བཟླས་རྗེས་བདག་ལ་དཔུང་བས་དམ་པོར་འཁྱུད། བདག་གི་གཟུགས་ནི་མོ་ལས་ཅུང་ཐུང་བས་མོའི་འོ་འཛིན་གཉིས་ནི་རང་གི་ཕྲག་པ་དང་མཉམ་པོར་སྦྱར་བ་ཚོར་བར་མ་ཟད་རང་གི་ཁ་ནང་གི་དྲི་མ་ཁ་བོ་དེ་དང་མོའི་ལུས་སྟེང་གི་དྲི་མ་ཞིམ་པོ་དེའང་ཚོར་བྱུང་། རེ་ཞིག་ངས་མིག་གི་མདའ་མོ་གང་དུ་འཕེན་དགོས་པ་མ་ཤེས་ལ་བདག་གི་ངུ་མཚམས་ཀྱང་ཆད་པར་གྱུར།
       མོས་ང་ལ་ངེད་ཚང་གང་དུ་ཡོད་པའི་སྐོར་དྲིས་ཤིང་ཆུ་ཟེའུ་དེ་གཉིས་ཕྱིར་ར་བའི་ནང་བཞག་པ་རྗེས་ང་རང་ཕྱིར་ཁྱིམ་དུ་བསྐྱལ་མགོ་བརྩམས། མོས་ལག་པ་གཅིག་གིས་ངའི་དཔེ་ཁུག་བཟུང་ཞིང་ཅིག་ཤོས་དེ་བདག་གི་ལག་པར་འཁྱུད་ནས་བདག་དང་དཔུང་བ་མཉམ་གཤིབས་ཀྱིས་ལམ་དུ་ཆས། བྷ་ཧན་ཧོ་ཧྥུ་སྲང་ལམ་ནས་བྷི་ལོས་མེན་སྲང་ལམ་གཉིས་ཀྱི་བར་ཐག་དེ་འདྲའི་རིང་རྒྱུ་མེད་མོད་མོའི་གོམ་སྟབས་ཧ་ཅང་མགྱོགས་ལ་ཅུང་ཙམ་ཡང་མི་སྒུག་པས་བདག་གིས་ཀྱང་མོའི་རྗེས་ཆོད་ཐུབ་པར་བྱས་པ་ཡིན། ངེད་ཚང་ཡོད་སའི་ཁང་བརྩེགས་ཀྱི་མདུན་དུ་བསླེབས་རྗེས་མོས་ང་ལ་གྱེས་འཚམས་ཞུས་ནས་ཕྱིར་ལོག་སོང་།
        ཉི་མ་དེར། ཨ་མས་ཨེམ་ཇི་ཞིག་གདན་དྲངས་ཞིང་བདག་གི་ནད་དེ་མཁྲིས་པ་མིག་སེར་གྱི་ནད་ཡིན་པར་ཐག་གིས་བཅད། བདག་གིས་ཀྱང་གོ་སྐབས་དེར་བསྟུན་ནས་བུད་མེད་དེའི་སྐོར་གསལ་བོར་བཤད་པ་ཡིན། གལ་སྲིད་དེའི་སྐོར་མ་བཤད་ཚེ་བདག་རང་མོས་ཀྱིས་མོ་ལ་བལྟ་རུ་མི་འགྲོ་བ་ཐག་གིས་ཆོད། འོན་ཀྱང་ཨ་མས་དོགས་སྣང་གང་ཡང་མེད་པའི་ངང་ང་ལ་ནད་དྲགས་རྗེས་བུད་མེད་དེར་བལྟ་རུ་འགྲོ་དགོས་པ་དང་། དངུལ་སིལ་མ་དག་གིས་མེ་ཏོག་ཆུན་པོ་ཞིག་ཉོས་ཏེ་རང་གི་སྐོར་ཡང་གསལ་བོ་ཞིག་ཤོད་ཅེས་བསྐུལ་བྱུང་། རྒྱུ་མཚན་དེའི་ཕྱིར་ཟླ་བ་གཉིས་པའི་ཟླ་སྨད་ཀྱི་ཉིན་ཞིག་ལ་བདག་གི་གོམ་ཁ་དབང་མེད་དུ་བྷ་ཧན་ཧོ་ཧྥུ་སྲང་ལམ་དུ་བསྒྱུར་དགོས་བྱུང་།
                       ༼སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར༽

 

--------------------------------------------------------------------------------
[1]ཁང་བའི་གློའམ་མདུན་རྒྱབ་གང་རུང་ནས་ཕྱི་རུ་ཐོན་པའི་ཆ་ལ་ལན་ཀན་གྱིས་བསྐོར་བའི་ཉི་འོད་འཁྱིལ་ས་དང་གོས་སྐེམས་དང་མཐོང་ཡངས་པའི་ཆེད་དུ་བྱས་པའི་ཁྱམས་ཏེ་ཨིན་སྐད་དུ་Balconyཞེས་པ་དེའོ།།
[2]ཕོ་བྱེའུ་ཡི་གཤོག་པ་ནག་པོ་དང་མོ་བྱེའུ་ཡི་གཤོག་པ་ཁམ་སེར་ཡིན་ཞིང་མཆུ་སེར་བོ་ཡིན་པའི་ཡོ་རོབ་གླིང་གི་བྱ་ཞིག་སྟེ་ཨིན་སྐད་དུ་དུBlackbirdཟེར་བས་འདིར་ཐད་སྒྱུར་བྱས་ཡོད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།