གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུ་བོ་ཞིག་ལ་བཀའ་དྲིན་ཞུ་བ།༼ཞར་བཀོད་གཉིས་ཡོད༽

2011-03-01 19:31:00 ཅི་ཏི་མ་ཅཱ། ཀློག་གྲངས། མཆན ཡོད།

 

ངས་ཁྱོད་རང་དྲན་པའི་མོད་ལ
ངས་ཆུ་བོ་དེ་དྲན་འོངས
ངས་ཆུ་བོ་དེའི་ཡང་སྟེང་གི་ནམ་མཁའ་དྲན་འོངས
རྨི་ལམ་དང་འདྲ་བའི་སེམས་པ་འགས་པར་བྱེད་པའི་ཐུག་འཕྲད་འདི་ཨང
ཡུན་རིང་བའི་སྐད་ཅིག་མ་འདིའི་ཆེད་དུ
ང་རང་ང་ཚོའི་སྐོམ་གདུང་གིས་མནར་བའི་རྣམ་ཤེས་དེ
དུས་རབས་ཡོད་ཚད་བརྒལ་ཟིན་པར་ཡིད་ཆེས་ཡོད
སྐབས་འདིར་ད་གཟོད་ངས་ང་ནི་ཁྱོད་རང་ལ་གཏོགས་པ་ཤེས
ཁྱོད་ཀྱང་ང་ལ་གཏོགས་པ་དང་འདྲ་བར
དུས་ཚིགས་འདིའི་ཆེད་དུ་ང་ཚོས་ཡུན་རིང་ལ་སྒུག་ཟིན
འདི་ནི་ལྷ་དཀོན་མཆོག་གི་འདོད་པ་ཡིན་ནམ་ཡང་ན་ལས་དབང་གི་བཀོད་སྒྲིག་ཡིན
དགའ་སྤྲོ་དང་སྡུག་བསྔལ་གཉིས་ཅིའི་ཕྱིར་མཉམ་དུ་ཐོན་དགོས
ངས་ལས་ཀྱིས་བཅད་པའི་ཆུ་བོ་དང་འབྲེལ་བའི་བརྩེ་བ་དེས
ངའི་མི་ཚེ་གང་བོར་ཞིམ་མངར་དང་སྡུག་ཡུས་ཀྱིས་ཁེངས་ངེས་པ་ཤེས་ཡོད

           ༼ན་ཟུག་ལ་ཕུལ་བའི་བསྟོད་གླུ༽
ན་ཟུག་ལགས    ངས་ཁྱོད་རང་བཙལ་མྱོང
ཡིན་ཡང་ཁྱོད་རང་གང་དུ་ཡོད་པ་ཤེས་མ་སོང
ང་སྲང་ལམ་ཡོད་དོ་ཅོག་བརྒྱུད་ནས་འགྲོ་སྐབས
ཁྱོད་ཀྱི་ངོ་གདོང་ཤིན་ཏུ་མག་མོག་རེད
ན་ཟུག་ལགས   ད་ཐེངས་ངས་ཁྱོད་རང་བཙལ་ནས་རྙེད་ཡོད   རྙེད་མཁན་ནི་ང་ཡིན
ངས་དྲོད་འཇམ་གྱི་ལག་ཟུང་བསྲིངས་ནས་ཁྱོད་རང་པང
ན་ཟུག་ལགས   ཁྱོད་ནི་མཆོག་གྱུར་གྱི་རིགས་ལ་གཏོགས
ངས་ཁྱོད་རང་ལ་བྱིལ་བྱིལ་གཏོང་བའི་སྐབས་སུ
ཁྱོད་ནི་གློག་རྒྱུན་ཞིག་དང་འདྲ་བར་ང་རང་སྦུད་པར་བྱས 
ན་ཟུག་ལགས   ད་ནི་ཁྱོད་རང་རྙེད་ཟིན་པས་ན
ངས་སེར་སྣ་མི་བྱེད
མཇུག་མཐར་ཚེར་མ་དང་མེ་ཏོག་གང་ཞིག་ངའི་མགོ་བོར་བབས་ནའང
ན་ཟུག་ལགས   ང་ལ་ཁྱོད་རང་མཁོ    འདི་ནི་ཁྱོད་ཀྱི་ནོར་འཁྲུལ་ཡིན་མི་སྲིད
འདི་ནི་ང་རང་གཅིག་པུས་གདམ་ག་གཏང་བ་ཤ་སྟག་ཡིན

              ༼ཆང་ལ་འཁྲེང་བ༽
ཆང་ལ་འཁྲེང་བ་ནི
ཡུན་རིང་གི་ལོ་རྒྱུས་ཤིག་ལ་འཁྲེང་བ་རེད
ཆང་ལ་འཁྲེང་བ་ནི
རྒས་ཟིན་པའི་རི་གྲོང་ཞིག་ལ་འཁྲེང་བ་རེད
ཆང་ལ་འཁྲེང་ན
ཁྱོད་ཀྱིས་ལོ་མང་ལ་མ་འཕྲད་པའི་གྲོགས་པོ་ཞིག་དྲན་སྲིད
ཆང་ལ་འཁྲེང་ན
ཁྱོད་ཀྱིས་ཡུན་རིང་ལ་མ་འཕྲད་པའི་དཔེ་རྙིང་ཞིག་དྲན་སྲིད
ཆང་ལ་འཁྲེང་བ་ནི
མཚམས་རེར་མཉམ་གཅིག་ཏུ་གླུ་དབྱངས་རྙིང་བ་ཞིག་ལ་ཉན་པ་དང་མཚུངས་ཤིང
མིག་ཁུང་ནས་མིག་ཆུ་དབང་མེད་དུ་བཞུར་འགྲོ
ཆང་ལ་འཁྲེང་ན
རང་ཉིད་དུས་ཚོད་ཀྱི་སྲང་ལམ་ཞིག་ལ་ཕྱིར་ལོག་པ་དང་འདྲ
ང་ཚོ་བརྒྱུད་མྱོང་བའི་སྡུག་བསྔལ་དང་དགའ་སྤྲོ་ཡོད་ཚད་ནི
སྐད་ཅིག་མ་གཅིག་དང་འདྲ་བར་ཡང་བསྐྱར་དྲན་ཤེས་ཀྱི་སྒོ་ཐེམ་སྟེང་ལོག་འོངས
                                                    ༢༠༡༡ལོའི་ཟླ༢ཚེས༡༩ཉིན་གཅན་ཚའི་ཁྱིམ་དུ་བསྒྱུར། 
                                                             (དོ་རྒྱ་བསོད་ནམས་རྡོ་རྗེས་བསྒྱུར)

  རྩོམ་པ་པོ་མཚམས་སྦྱོར།
   ཅི་ཏི་མ་ཅྰ། ༡༩༦༡ལོར་སྐྱེས། དབྱི་རིགས། སི་ཁྲོན་ལང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་གྱི་མི་ཡིན། སྔ་ཕྱིར《ཅི་ཏི་མ་ཅྰའི་སྙན་ངག་བདམས་བཀོད》སོགས་སྙན་དེབ་དྲུག་ཕུད་ཡོད་ཅིང་། མིང་དུ་གྲགས་པའི་གྲངས་ཉུང་མི་རིགས་ཀྱི་སྙན་ངག་པ་ཞིག་ཡིན།  མིག་སྔར་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་ཚན་པའི་དྲུང་ཆེ་དང་།  མཚོ་སྔོན་མངའ་སྡེའི་ཁྱབ་སྒྲོག་གླིང་གི་གླིང་དཔོན། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོ་སློབ་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་འགན་བཞེས་ཡོད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།