གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༄༅།། འཇིག་རྟེན་འགྱུར་ལྡོག་གི་ལོ་རྒྱུས་ལས་དབུར་གནས་རྒྱས་པའི་གསུང་དབྱངས་ཞེས་བྱ་བ།

2014-08-08 07:27:00 ཀྲང་མུན་ཁྲི། ཀློག་གྲངས། མཆན ཡོད།


  གལ་ཏེ་ང་ཚོས་གནས་པ་ཞིག་ལ་ཡོད་པ་དང་མི་གནས་པ་ཞིག་ལ་མེད་པ་ཟེར་ཆོག་ན། དེ་གཉིས་ལ་འཇིག་རྟེན་ཞེས་བསམ་བློ་གཏོང་ས་ཞིག་ཡེ་ནས་མེད། ཡང་འཇིག་རྟེན་ཞེས་པ་སྔ་མའི་དོན་ལ་སྦྱོར་དོན་ནི་འདི་ལྟ་སྟེ།  གལ་ཏེ་རྗེས་མ་ཚད་མར་བཟུང་ན་འཇིག་རྟེན་ཞེས་པ་ཞིག་མེད་དོ་ཞེས་པའི་ཕྱིར།
   འཇིག་རྟེན་ནི་ཡོད་པ་ཞིག་ཡིན་པར་མ་ཟད།  ད་དུང་ཡོད་ཚད་གནས་པ་ཞིག་ཡིན་ལ། ཡང་གཅིག་བཤད་ན། གནས་པ་ཞིག་ཡིན་ན་འཇིག་རྟེན་ལས་མི་བརྒལ་བ་ཞིག་ཡིན་པའང་སྨྲས་མེད་དོ། ། མཚམས་འདི་ནས་ང་ཚོས་འཇིག་རྟེན་གྱི་ཡོད་ཚད་གནས་པ་དང་ཡོད་ཚད་གནས་པ་ངོས་ཟིན་པ་གཉིས་དབྱེ་ན།  རྗེས་མ་དེ་དེ་འདྲ་ཡིན་ཡང་།  དེ་ཉིད་མཐོང་བ་དང་སྦྲགས་ན་སྔ་མ་དང་ཉེ་ནས་ཉེ་རུ་བཅར་བཞིན་ཡོད་མོད། འོན་ཀྱང་དེ་ཉིད་ངོས་ཟིན་འོས་འཚམ་ཞིག་བྱུང་བ་ནས་འཇིག་རྟེན་གྱི་ཡོད་ཚད་གནས་པ་མཐོང་བའི་བར་ཚང་མ་སྔ་མའི་ཁག་ཅིག་ལས་མ་འདས།  
  འཇིག་རྟེན་ནི་ཡོད་ཚད་གནས་པ་ཞིག་ཡིན་ན། དེ་གཅིག་ཁོ་ན་ལས་མེད།  བགྲང་འདས་འཇིག་རྟེན་གླིང་གི་ལྟ་ཚུལ་ལྟར་ན་འཇིག་རྟེན་ལ་ཡོད་ཚད་གནས་པའི་མཚན་ཉིད་བཞག་པ་མ་ཟད།  མ་མཐོང་བ་མང་པོ་ཞིག་མཐོང་བའི་ཡིད་ཆེས་ཀྱིས་བཞག་པ་ཞིག་ཀྱང་ཡིན་པ་ལྟར་ང་ཚོས་བགྲང་འདས་ཀྱི་འཇིག་རྟེན་ཟེར་བ་དང་འདིར་འཇིག་རྟེན་ཞེས་པ་གཅིག་ཏུ་གྲིལ་དུས་དེ་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་ཙམ་མོ། །
  འཇིག་རྟེན་མི་གནས་པའི་ཕྱི་ནང་ཁག་གི་གནད་དོན་ཡོད་པ་སྟེ། དེའི་རྒྱུ་མཚན་འཇིག་རྟེན་ནང་རོལ་ནི་འཇིག་རྟེན་དུ་ཚུད་པ་དང་ཡོངས་ཚུད་ཀྱིས་མཚོན་ལ།  འཇིག་རྟེན་ཕྱི་རོལ་ནི་འཇིག་རྟེན་ཕྱི་ཚུད་དང་ཕྱི་ཡོངས་ཚུད་ཀྱིས་མཚོན་པས།  སྔ་མ་ཡིན་ནའང་འདྲ་ཕྱི་མ་ཡིན་ནའང་འདྲ།  གང་ལྟར་ཚང་མར་འཇིག་རྟེན་ནི་ཡོད་ཚད་གནས་པ་ཞིག་ཡིན་པས་མ་ཁྱབ། ཡིན་ཡང་འཇིག་རྟེན་ལ་ཕྱི་ནང་གི་ཁག་ཏུ་བགར་ཆོག་པའི་རྒྱུ་མཚན་ནི་ནང་གི་ཆའི་ཁྱབ་ཁོངས་ཀྱི་ངོས་ཐད་ནས་བལྟས་ན་དེ་ལ་ཚད་མེད་ཅིང་ཕྱི་ལ་ཚད་ཡོད་པའི་ཁག་དང་།  ཕྱིའི་ཆར་ཡང་དེའི་ཁྱབ་ཁོངས་ཀྱི་ངོས་ཐད་ནས་བལྟས་ན་ནང་ལ་ཚད་ཡོད་ཅིང་ཕྱི་ལ་ཚད་མེད་པའི་ཁག་སྟེ། སྔ་ཕྱི་གང་ཡིན་རུང་ཚང་མ་འཇིག་རྟེན་ལས་མ་འདས་སྐད།
  འཇིག་རྟེན་གྱི་རྣམ་པ་ནི་གཏན་ནས་མི་གནས་པ་ཞིག་མ་ཡིན་པར་རྣམ་པ་ཞིག་ནས་རྣམ་པ་ཞིག་ལ་འགྱུར་བཞིན་པ་སྟེ།  འགྱུར་ལྡོག་རྣམ་པའི་ཁྲོད་གནས་པ་ཡང་བརྗོད་གཞི་འདིའི་དོན་དངོས་རང་བཞིན་ལ་དོགས་པ་ཟ་མི་དགོས་བའི་གནད་ཅིག་རེད།  ཡིན་ནའང་གཤམ་གྱི་འཇིག་རྟེན་དང་འབྲེལ་བའི་གནད་དོན་གཉིས་ལ་སྔར་བཞིན་དཔྱད་བསྡུར་བྱེད་བཞིན་མཆིས་ཏེ།  དང་པོ།  འཇིག་རྟེན་ནི་རྣམ་པ་ཞིག་ནས་རྣམ་པ་ཞིག་ཏུ་ཇི་ལྟར་འགྱུར་བ་ཡིན། གཉིས། འཇིག་རྟེན་ནི་ཅི་ཞིག་གི་རྣམ་པ་འགྱུར་ནས་ཐོན་པ་ཡིན་ཞེས་དང་། ཡང་ན་འཇིག་རྟེན་ ནི་གང་ལས་བྱུང་།  ཞེས་པའོ། །
  ང་ཚོས་དོགས་འདྲི་དང་པོར་ལན་མ་བཏབ་པའི་སྔོན་ལ་འཇིག་རྟེན་འབྱུང་ཁུངས་ནི་གནས་པའི་མཐར་སོན་གྱི་རྣམ་པ་ཡིན་པ་ངེས་པར་བྱེད་དགོས།  ཡང་གཅིག་བཤད་ན། འཇིག་རྟེན་གྱི་འབྱུང་ཁུངས་སུ་འགྱུར་བ་ཅི་ཡང་མེད་པའི་གྲུབ་ཆ་ཞིག་སྟེ།  རྒྱུ་མཚན་ནི་ད་ལྟའི་འཇིག་རྟེན་གྱི་གནས་ཚུལ་དང་དེ་འགྱུར་རྗེས་ཀྱི་གནས་ཚུལ་ནི་འཇིག་རྟེན་འབྱུང་ཁུངས་ཡིན་ལ།  མ་འགྱུར་སྔོན་གྱི་དེ་དང་འགྱུར་ནས་བྱུང་བ་ཡང་ང་ཚོས་འཇིག་རྟེན་བྱུང་ཚུལ་ལ་ཁུངས་གཏུག་ས་ཡིན་ཞིང་།  ངོ་བོའི་ཐད་ནས་འགྱུར་སྔོན་གྱི་འཇིག་རྟེན་ནི་འགྱུར་རྗེས་གྱི་འཇིག་རྟེན་ལས་ལོགས་སུ་བགར་ཡོད་པ་ཤེས་དགོས།   ང་ཚོས་དྲི་བ་གཉིས་པར་ལན་འདེབས་པའི་སྔོན་ལ་འཇིག་རྟེན་འགྱུར་སྲོལ་ལས་ང་ཚོའི་འདོད་པ་ཅི་ཡིན་པ་ངེས་པར་བཤད་དགོས་པ་མ་ཟད།  དྲི་བར་གོ་བ་ཡང་དག་པ་ཞིག་ཀྱང་ལེན་ཤེས་དགོས། ཡང་གཅིག་བཤད་ན།  ང་ཚོས་འཇིག་རྟེན་འགྱུར་ལྡོག་མཐོང་བར་བྱས་ཏེ་དེའི་འགྱུར་ཚད་ལ་ཞིབ་འགྲེལ་ཡང་བྱེད་ཐུབ་དགོས། དེའི་རྒྱུ་མཚན་ནི་འཇིག་རྟེན་འདི་སྒྲིག་སྲོལ་ངེས་ཅན་ཞིག་གི་ཚབ་བྱས་ནས་འགྱུར་ལྡོག་འབྱུང་བཞིན་ཡོད་ལ།  ངེད་ཅག་ཚོ་འཇིག་རྟེན་གྱི་ཁག་ཅིག་ཡིན་པའི་དབང་དུ་བཏང་ན།  ཟིན་པ་ཡང་འགྱུར་ཚད་དེ་ལས་མ་འདས།  གལ་ཏེ་ངེད་ཅག་ཚོས་གོང་མ་དེ་གཉིས་ལས་འཇིག་རྟེན་འབྱུང་ཁུངས་དང་འགྱུར་སྲོལ་རྩ་བར་བཟུང་ན།  གཞུང་ལུགས་འདི་གཉིས་ནི་ང་ཚོའི་ཚོར་ཤེས་ཀྱིས་འཇིག་རྟེན་འབྱུང་ཁུངས་དང་གནད་ལ་ཕོག་ཡོད་མེད་བལྟ་བའི་གནད་འགག་གི་གཞི་འཛིན་ས་ཞིག་གོ །  གལ་ཏེ་ང་ཚོའི་ཚོར་ཤེས་ཀྱིས་འཇིག་རྟེན་འབྱུང་ཁུངས་དང་འགྱུར་སྲོལ་སྲུང་འཛིན་བྱེད་ཐུབ་ན་དོན་དངོས་དང་ཁྱད་པར་ཆེན་པོ་མེད་ཀྱང་དེའི་ཁྲོད་དུ་གནད་འགག་རེ་ཟུང་ཡོད་སྲིད།  ཡང་གལ་ཏེ་གོང་གི་གཞུང་ལུགས་གཉིས་དང་འགལ་བར་བྱས་ན། དོན་དངོས་ཀྱི་ཆ་ཧ་ཅང་ཉུང་རུང་ནོར་འཁྲུལ་འབྱུང་བའི་ངེས་པ་མེད་སྙམ།
                                                                                  གཡང་འབུམ་ཚེ་རིང་གིས་བསྒྱུར།

                                         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།