གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་ཨ་མ་དང་མེ་ཏོག་མིང་མེད་མ།

2013-12-17 12:51:00 བསོད་ནམས་མཚོ་མོ། ཀློག་གྲངས། མཆན ཡོད།


ཨ་མས་ངུ་ངག་དང་ལྷན་དུ།
ང་ལ་ཨ་ཕའི་མིང་གིས་མ་འབོད།
ད་ལྟ་ཁོང་འཇིག་རྟེན་དང་བྲལ་ཟིན་པས།
དེ་ཡིས་ཁོང་གི་ལྷིང་འཇགས་དཀྲོགས་སྲིད་ཟེར།

དགེ་འདུན་པ་བགྲེས་སོང་དེས་ཨ་མར།
བོད་ནང་གི་བག་མེད་ཀྱི་གནས་ཤིག་ཏུ།
ཨ་ཕས་མེ་ཏོག་ཞིག་གི་སྐྱེ་བ་བླངས་འདུག་གསུངས།
དུས་དེ་ནས།
ཨ་མས་ང་ཚོའི་ནང་གི་ལྡུམ་རྭ་ཆུང་ཆུང་དེར་བྱམས་སྐྱོང་བྱེད་འགོ་ཚུགས།

ཁོ་མོས་འགྲུལ་བཞུད་ཀྱི་ལམ་དུ་རྡེའུ་དཀར་དག་སྒྲུག་ཅིང་།
དེ་དག་མེ་ཏོག་གི་རྫ་བུམ་དེའི་ནང་དུ་བླུགས་ནས་མེ་ཏོག་རླུང་ལས་སྐྱོབ་པར་བྱེད།
ངས་མཚར་སྣང་ངང་།
ཁོ་མོའི་བྱེད་སྟངས་དེས་མེ་ཏོག་གི་སྐྱེ་བ་བཞེས་བའི་ངའི་ཨ་ཕ་སྲུང་ཐུབ་བམ་སྙམ།

ངས་ནམ་ཡང་ཕ་མ་གཉིས་ཕན་ཚུན་ལག་པ་འཐམས་པའམ
ཡང་ན་བརྩེ་སེམས་བགོ་བའི་ངང་ཚུལ་མཐོང་མ་མྱོང་།
འོན་ཀྱང་། ད་ལྟ་ངེད་ཀྱིས་མཚམས་རེར།
དུང་སེམས་ནི་ཚོར་ཐུབ་པ་ཞིག་མ་གཏོགས་མཐོང་ཐུབ་པ་ཞིག་མིན་པ་རྟོགས།
         ༼འཇིགས་མེད་ནུབ་པས་བོད་ཡིག་ཏུ་བསྒྱུར༽

(བསོད་ནམས་མཚོ་མོ་ནི་ཨ་རིའི་མ་ཡ་མེའི་གཙུག་ལག་སློབ་ཁང་(University of Miami)ནས་དབྱིན་ཡིག་རྩོམ་འབྲིའི་ཐོག་སློབ་ཐོན་གནང་། ཁོང་གིས་ལས་ཞོར་དུ། སྙན་ངག་འབྲི་བ་དང་གྱེར་བ། སྒྱུ་རྩལ་གྱི་བརྙན་ཐུང་བཟོ་བ་སོགས་བྱེད་ཀྱི་ཡོད། ད་ལྟ་ཨ་རིར་བཞུགས། འཇིགས་མེད་ནུབ་པ་ནི་རང་དབང་གི་རྩོམ་འབྲི་བ་དང་ཡིག་སྒྱུར་བ། རྩོམ་སྒྲིག་པ་བཅས་ཀྱི་ལས་ཀ་གཉེར་མཁན་ཞིག་ཡིན།)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།