སྲིད་དབང་མང་གཙོ་དང་སྒེར་གཅོད།༼ཁག་དྲུག་པ༽

སྲིད་འཛིན་ནཱེ་རཱོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-08-19

   1བྷེ་ནཱེ་ཐའོ.མཱོ་སཱོ་ལེ་ནཱེ (Benito Mussolini) ཡིས་རང་ཉིད་ཨཱི་ཌ་ལེ་རྒྱལ་ཁབ་ཀྱི་བཀས་བཀོད་རྒྱུན་འཛིན་སྲིད་དབང་སྒེར་གཅོད་ཀྱི་ལམ་དུ་སྐྱོད་པའི་མིག་དཔེ་དེས་ཡོ་རོབ་གླིང་གི་ཡིད་དབང་ཅིག་ཅར་དུ་འཕྲོག་ཡོད་ལས་ཆེ་སྟེ། ཁོས “ཡོ་རོབ་གླིང་གིས་སྟོང་ཆར་ལྷག་པའི་སྲིད་སྟེགས་སྟེང་དུ་འཇོན་ནུས་ལྡན་པའི་སྐྱེ་བུ་ཞིག་སྡོད་པར་རེ་ལྟོས་འཆའ་བཞིན་ཡོད” ཅེས་ཟེར། རྒྱལ་ཁབ་མང་པོ་ཞིག་གི་ནང་སྲིད་དབང་སྒེར་གཅོད་ལམ་ལུགས་དར་རྒྱས་སུ་ཕྱིན་པ་དང་གྲོས་ཚོགས་ཁག་རྩ་མེད་བཟོ་བའམ་ཉམས་ཉེས་སུ་གཏོང་རྒྱུ་དེ་ཁོ་ཚོའི་རེ་འདུན་ཉག་གཅིག་ཡིན་ཞིང་། སི་པན་རྒྱལ་ཁབ་འདི་ཡང་གང་དེའི་མཚོན་དཔེ་འཁྲུལ་མེད་ཅིག་རེད་འདུག།
   ལར་སི་པན་རྒྱལ་ཁབ་ནི་འཛམ་གླིང་འཁྲུག་ཆེན་ནང་ཚུད་མེད། རྒྱལ་ཁབ་དེས་སྲིད་དབང་སྒེར་སྡོམ་ལམ་ལུགས་ཀྱི་ཕྱི་རོལ་ཏུ་གཡུལ་ལ་བྲེལ་བའི་རྒྱལ་ཁབ་ཁག་གི་ནང་ཚོང་ཟོང་བྲིན་ཏེ་དངུལ་ལོ་འབོར་ཆེན་གཉེར་བཞིན་ཡོད་རུང་། ཡུལ་དེར་ད་དུང་རྙོག་འཛིང་ཤིན་ཏུ་ཆེ་སྟེ་བཟོ་ལས་ཐད་ནས་ཀྱང་ཧ་ཅང་རྗེས་ལུས་ཐེབས་པའི་རྒྱལ་ཁབ་ཅིག་རེད།
ཨ་རི་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གིས་སི་པན་རྒྱལ་ཁབ་ཀྱི་གྲུ་ཁར་ཚོང་ཟོང་འབོར་ཆེན་འདྲེན་སྐབས་ཡོ་རོབ་གླིང་དུ་སི་པན་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེས་ཆེར་རྒྱས་པའི་ལོ་རབས་ཤིག་ཡིན་རུང་། ཡོ་རོབ་གླིང་དུ་ཁྱད་དབང་གི་མངའ་ཐང་དར་བའི་རྒྱལ་ཁབ་དག་གི་གྲས་སུ་མ་ཚུད།
   སྟོབས་ནུས་ཞན་པའི་སྤྱི་འཐུས་གྲོས་ཚོགས་ཀྱི་མིང་ལ “ཁྲིམས་མཐུན་ལྷན་ཚོགས” (Cortes) ཞེས་སུ་འབོད་པ་དེ་ནི་རོ་མའི་ཡི་ཤུ་ཆོས་ཁང་གི་ནོར་འཕྱུག་ཅིག་ཡིན་འདུག བཟོ་ལས་ཐད་ནས་ཆེས་རྗེས་ལུས་ཡིན་པའི་ཡོ་རོབ་གློང་གི་རྒྱལ་ཁབ་གཞན་དག་གི་ལོ་རྒྱུས་བྱུང་རབས་དང་འདྲ་བར། བཟོ་ཚོགས་རིང་ལུགས་དང་སྲིད་གཞུང་མེད་པའི་རིང་ལུགས་ནི་འཇར་མན་དང་དབྱིན་ཇིའི་དེང་རབས་ཅན་གྱི་སྤྱི་ཚོགས་རིང་ལུགས་དང་མཁྲེགས་འཛིན་ཆེ་བའི་མར་ཁེ་སི་རིང་ལུགས་སོགས་ལས་ཀྱང་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་།
   1917 ལོར་ཨུ་རུ་སུའི་སྤྱི་ཚོགས་དམངས་གཙོ་ཚོགས་པས (Bolshevik) སྲིད་དབང་འཕྲོད་རྩོད་གནང་སྐབས་སི་པན་རྒྱལ་ཁབ་ཀྱི་ངལ་རྩོལ་མི་དམངས་དང་རྙིང་ཞེན་རིང་ལུགས་པ་ཚོས་སྤྱིར་བཏང་གི་ལས་བཤོལ་ངོ་རྒོལ་ཞིག་ལ་བརྟེན་ནས་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་འཛུགས་རྒྱུར་སྟ་གོན་བགྱིས། སྐབས་དེའི་ལས་བཤོལ་ངོ་རྒོལ་དང་ལས་འགུལ་གྱི་མགོ་མཇུག་བར་གསུམ་ཀུན་ཏུ་གོང་མའི་སྲིད་གཞུང་དང་དམག་དཔུང་གིས་རྡུང་རྡེག་བཏང་བའི་འབྲས་སུ། རྒྱལ་ཁབ་དེའི་དམག་དཔུང་ཤོག་ཁག་གི་དབང་ཤུགས་ཆེས་ཆེར་རྒྱས་ཤིང་སི་པན་རྒྱལ་པོས་དྲག་པོའི་དཔུང་དམག་ལ་བློ་སེམས་དཀར་བའི་མཐུས། རྒྱལ་པོའི་ཕྱོགས་ཁག་སྔར་ལས་ཀྱང་རང་དབང་ཅན་དང་དབང་བཙན་པའི་སྲིད་གཞུང་དུ་གྱུར།
ཨ་ཧྥི་རི་ཀའི་ནུབ་བྱང་རྒྱལ་ཁབ་མའོ་རཱོ་ཁཱོ (Morocco) ནི་སི་པན་དང་ཧྥ་རན་སིའི་དབང་སྒྱུར་གྱི་གོང་བུའི་འོག་སྔ་མོ་ནས་སིལ་བུར་གཏོར་ཚར་མོད།
   1921 ལོར་སླར་ཡང་སི་པན་གྱི་དབང་སྒྱུར་ལ་རྒོལ་ལན་དྲག་ཏུ་སྤྲད་པའི་མའོ་རཱོ་ཁཱོ་རྒྱལ་ཁབ་ཀྱི་གཙོ་འཛིན་ཨ་བྷེ་དྷད.ཁཱ་རེམ (Abdel Krim) ཞུ་བ་བྱུང་། ཁོས་རང་གི་ཁྱད་དུ་འཕགས་པའི་འཇོན་ཐང་དང་སྙིང་སྟོབས་ངོམ་སྟེ་སི་པན་གྱི་དྲག་པོའི་དཔུང་ཆེན་བསྟུད་མར་ཕམ་པར་བརྒྱབ་པའི་མཐུས། སི་པན་རྒྱལ་ཁབ་ཀྱི་ནང་འཁྲུག་གི་འགལ་བ་རྣོ་ངར་ཅན་དུ་གྱུར། རྒྱལ་པོ་དང་དམག་དཔོན་ཚོས་གྲོས་ཚོགས་དང་དམངས་གཙོའི་སྤྱི་མཐུན་ཚོགས་པ་གཉིས་རྡུལ་དུ་བརླག་སྟེ་སྲིད་དབང་སྒེར་བདག་གི་འདོད་འདུན་ལ་གྲོས་འཆམ་བྱུང་ཡོད་རུང་། སུ་ཞིག་གིས་སྲིད་དབང་སྒེར་གཅོད་ཀྱི་གོ་ཐང་འཛིན་པའི་ཐད་དགོངས་འགལ་ཆེན་པོ་བྱུང་། རྒྱལ་པོས་རང་ཉིད་སྲིད་དབང་སྒེར་གཅོད་དམ་བཙན་རྒྱལ་རིང་ལུགས་པ་ངོ་མ་ཞིག་བྱ་འདོད་པ་དང་། དམག་དཔོན་ཚོས་རང་ཉིད་ཀྱིས་དྲག་པོའི་སྲིད་དབང་སྒེར་སྡོམ་བགྱིད་འདོད་ཡོད།
   1923 ལོའི་ཟླ་གསུམ་པར་དམངས་དམག་གི་གྱེན་ལོག་བྱུང་སྟེ་དམག་ཤེད་ཀྱི་རྒྱབ་རོགས་ཀྱི་གནད་དོན་ཐག་བཅད་པ་དང་། དམག་དཔོན་ཆེན་མོ་ཕཱ་རའེ་མའོ.དྷེ.རའེ་ཝ་རཱ་དངོས་སུ་སྲིད་དབང་སྒེར་གཅོད་པར་གྱུར། ཁོས “ཁྲིམས་མཐུན་ལྷན་ཚོགས” (Cortes) (དེང་གི་གྲོས་ཚོགས་ལ་གོ) ལ་དོགས་ཟོན་བྱེད་ཅིང་མངོན་སུམ་འཛེམས་མེད་དུ་དཔུང་ཆེན་གྱི་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་བསྒྱུར།
   མའོ་རཱོ་ཁཱོ་རྒྱལ་ཁབ་ཀྱིས་ཡུལ་དེ་གའི་རཱེ་ཧྥི་སི2 (Riffs) ཚོ་བར་གཡུལ་འགྱེད་དྲག་པོ་བྱས་ཀྱང་བསམ་དོན་ཆེན་པོ་མ་འགྲུབ། སྐབས་དེར་ཨ་བྷེ་དྷད.ཁཱ་རཱེམ་ཡིས་སི་པན་གྱི་ཟིང་འཁྲུག་ལ་ཟམ་མ་ཆད་པར་རྒོལ་རྡུང་བཏང་བ་དང་བསྟུན། སི་པན་སྲིད་གཞུང་གིས་ཁོང་དང་མཉམ་འབྲེལ་གྱི་ཆ་རྐྱེན་བཏོན་རུང་ཁོས་རང་བཙན་གཙང་མའི་འདོད་ཚུལ་རྒྱུན་འཁྱོངས་གནང་སྟེ་ཁོ་ཚོའི་རེ་འདུན་དང་དུ་མ་བླངས། ང་ཚོས་འདི་ལས་མཐོང་ཐུབ་པ་ནི་སི་པན་སྲིད་གཞུང་གཅིག་པུའི་སྟོབས་ཤུགས་ཀྱིས་ཁོ་རང་དབང་འོག་ཏུ་བཙུད་ཐུབ་མེད་ལས་ཆེས། 1925 ལོར་མའོ་རཱོ་ཁཱོ་རྒྱལ་ཁབ་ལ་དགའ་ཞེན་ཆེ་བའི་ཧྥ་རན་སིའི་མི་རྣམས་ཀྱིས་རྩོད་རྙོག་འདིར་བར་འདུམ་མཛད་རྒྱུ་ཐག་བཅད་དེ་ཚད་མཐོ་བའི་བྱེད་ཐབས་སྤྱད་པས། ཁོས་ཧྥ་རན་སིར་མགོ་འཛུལ་བ་དེས་རང་གི་དཔའ་མཛངས་དང་ལྡན་པའི་ཡུན་རིང་གི་འཐབ་རྩོད་དེ་རེ་ཞིག་ཉམ་དམས་སུ་གྱུར།
   ལོ་ངོ་འདི་དག་གི་རིང་ལ་སི་པན་རྒྱལ་ཁབ་ནང་དམག་དཔུང་གི་རྒྱབ་རོགས་དང་ཞིབ་བཤེར། དྲག་གནོན། ཡང་སྐབས་རེར་དྲག་པོའི་ལམ་ལུགས་བཅས་སུ་བརྟེན་ཏེ་ཕཱ་རའེ་མཱོ.དྷེ.རའེ་ཝ་རཱ་ཡིས་སྲིད་དབང་སྒེར་གཅོད་བྱེད་བཞིན་མཆིས། ཁོས་ཨཱི་ཌ་ལེ་རྒྱལ་ནང་དུ་བྱུང་བ་དང་འདྲ་བའི་གྲལ་རིམ་ཁག་གི་གྲངས་འབོར་གྱི་ཆ་ནས་མ་ཡིན་པར། དྲག་པོའི་དམག་ཤེད་ཁོ་ནར་བརྟེན་པས། དེ་ཡང་བྷེ་ནཱེ་ཐའོ.མཱོ་སཱོ་ལེ་ནཱེ (Benito Mussolini) ཡི་བཀས་བཀོད་རྒྱུན་འཛིན་གྱི་སྲིད་དབང་སྒེར་གཅོད་རིང་ལུགས་དང་གཏན་ནས་མི་འདྲ།
   ཆེར་མ་འགྱངས་པར་དྲག་པོའི་དཔུང་ཆེན་གྱིས་ཕཱ་རའེ་མཱོར་ཡིད་ཕྱུང་བ་དང་ཆབས་ཅིག་ཁོ་རང་དཔུང་མེད་ཁེར་རྐྱང་གི་གནས་སུ་ལྷུང་།
   1930 ལོའི་བསྟོད་ཙམ་ནང་རྒྱལ་པོའི་སྲིད་གཞུང་གིས་ཕཱ་རའེ་མཱོའི་སྲིད་ཀྱི་གོ་གནས་བླངས་བ་མ་ཟད། ལོ་དེའི་གསར་བརྗེའི་ལས་འགུལ་ལ་དྲག་གནོན་ཡ་ང་བ་བྱས་ཀྱང་། སྤྱི་མཐུན་ཏང་དང་གསར་བརྗེའི་འདུ་ཤེས་འཆང་མཁན་གྱི་མི་གྲངས་རིམ་གྱིས་འཕེལ་ཏེ་མཐར་བཙན་གནོན་བྱེད་ཐབས་མེད་བྱུང་།
   1931 ལོའི་གྲོང་རྡལ་གྱི་འདེམས་བསྐོའི་ཁྲོད་སྤྱི་མཐུན་ཚོགས་པས་རང་ཉིད་ཀྱི་འགྲན་ཟླ་བྲལ་བའི་སྟོབས་ཤུགས་ངོམ་ཤོམ་བགྱིས་ཏེ། ཆེར་མ་ལོན་པར་རང་ཐག་རང་གཅོད་ནི་རང་སྲུང་གི་གྲུབ་ཆ་མེད་མི་རུང་བ་ཞིག་ཡིན་པའི་ལྟ་ཚུལ་བཏོན་རྗེས་རྒྱལ་པོ་ཨེལ་ཧཱའོ་སཱོ་སྲིད་ཁྲི་ལས་བཤོལ་ཏེ་བྲོས་བྱོལ་དུ་ཕེབས།  གནས་སྐབས་སྲིད་གཞུང་ཞིག་གསར་དུ་བཙུགས་པ་དང་སི་པན་རྒྱལ་ཁབ་ནི (ཡོ་རོབ་གླིང་གི་གནམ་བདག་ཆོས་ལུགས་ཀྱི་དབང་སྒྱུར་དང་རྒྱལ་པོའི་སྲིད་དབང་སྒེར་གཅོད་ཀྱི་བཟོ་མངོན) ཡོ་རོབ་གླིང་གི་ཆེས་ཐོག་མའི་སྤྱི་མཐུན་རྒྱལ་ཁབ་ཏུ་གྱུར་ཅིང་། དེ་སྔའི་རྒྱལ་པོ་ཨེལ་ཧཱའོ་སཱོ་ཡི་ཁྲིམས་ལུགས་རྩ་གཏོར་བཏང་སྟེ་གནམ་བདག་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་ཐད་ཀར་གདོང་ལེན་མཛད།
ཡིན་ནའང་། ངས་ཁྱོད་ལ་གོང་དུ་མཆིད་ཟིན་པའི་སྲིད་དབང་སྒེར་གཅོད་ལ་གཞོལ་བའི་སི་པན་དང་ཨཱི་ཌ་ལེ་རྒྱལ་ཁབ་གཉིས་དང་འདྲ་བར་མང་གཙོའི་སྲིད་གཞུང་དོར་ཏེ་སྲིད་དབང་སྒེར་སྡོམ་གྱི་ལམ་དུ་ཞུགས་པའི་རྒྱལ་ཁབ་གཞན་ཁག་ཅིག་ནི་ཕཱོ་ལན་ཌི་དང་ཡོ་གྷོ་སི་ལཱེ་ཝེ་ཡཱ། (Yugoslavia) གྷི་རེ་སི། བྷལ་གྷ་རེ་ཡཱ། (Bulgaria) ཕཱོར་ཆོ་གྷལ། ཧང་གྷ་རི་ཡཱ། ཨོ་སི་ཁྲུ་རི་ཡཱ་སོགས་རེད་ལ། ཕཱོ་ལན་རྒྱལ་ཁབ་དུ་ཕཱེལ་སཱོ་ཌི་སི་ཀེ (Pilsudski) ཡིས་སྲིད་དབང་སྒེར་འཛིན་བྱས་པ་དང་། ཁོས་རང་ཉིད་ཀྱི་དཔུང་དམག་བདག་གིར་བཟུང་སྟེ་ཕཱོ་ལན་ཌིའི་གྲོས་ཚོགས་ཀྱི་ཁྲིམས་འཛིན་པ་ཚོར་མིའི་བློ་ངོར་ཤོང་དཀའ་བའི་ཁྲིམས་འགལ་གྱི་བཙན་བཀའ་སྒྲོག་པའི་གོམས་སྲོལ་ཞིག་ཆགས་ཡོད། སྲོང་བོར་བརྗོད་ན་སྐབས་ལན་རེར་ཁོ་པ་ཚོ་བཙན་བཟུང་གིས་ཐག་རིལ་དུ་བཅུག་སྟེ་བས་མཐར་ཡང་སྤྱུགས་མྱོང་སྐད། 
   ཡང་ཡོ་གྷོ་སི་ལེ་ཝེ་ཡཱ། (Yugoslavia) མེས་རྒྱལ་དུ་རྒྱལ་པོ་ཨ་ལེ་ཁུ་སན་ཌི་རཱ (Alexander) རང་ཉིད་ཀྱང་སྲིད་དབང་སྒེར་གཅོད་པ་ཞིག་ཡིན་ཞིང་། རྒྱལ་ཁབ་དེའི་མངའ་ཁོངས་རྒྱལ་ཕྲན་ཁག་གི་སྲིད་འབྱོར་རིག་གསུམ་གྱི་གནས་བབ་ཧ་ཅང་ཞན་ཁར། ཆབ་འབངས་ལ་བཙན་གནོན་དང་མནར་གཅོད་གཏོང་ཚད་ནི་དེ་སྔའི་ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་ལས་ཀྱང་ཐལ་ཆེ་བར་གྲགས།
ངས་གོང་དུ་བགྲངས་ཟིན་པའི་རྒྱལ་ཁབ་ཁག་རྦད་དེ་སྲིད་དབང་སྒེར་གཅོད་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བའི་འོག་གནས་ཐུབ་མེད། སྐབས་རེར་རྒྱལ་ཁབ་དེ་དག་གི་གྲོས་ཚོགས་ཁག་རྨོངས་འཐོམ་ལས་སླར་ཡང་སད་དེ་དམངས་དབང་ཅན་གྱི་བྱེད་སྒོ་སྤེལ་དུ་འཇུག་པ་དང་། ལན་རེར (ཉེ་ཆར་བྷལ་གྷ་རི་ཡཱ་རྒྱལ་ནང་དུའང་གནད་དོན་འདི་འདྲ་བྱུང་མྱོང) སྲིད་གཞུང་ལ་དབང་ཤུགས་རྒྱས་པ་དང་དུས་མཚུངས་སུ། མིག་ལ་མི་རན་པའི (དམར་ཕྱོགས་རིང་ལུགས་པ་དང་འདྲ) འཐུས་མི་རྣམས་འཛིན་བཟུང་དང་གྲོས་ཚོགས་ལས་ཕྱིར་ཕུད་བཏང་སྟེ། རང་ནུས་ཅི་ལྕོགས་ཀྱིས་ལས་མེད་དུ་ལྷག་པའི་འཇོན་ནུས་ཅན་གྱི་མི་གཞན་དག་བསྐོ་བཞག་གནང་གི་ཡོད།
   དུས་ནམ་ཀུན་དུ་ཁོ་ཚོ་དེ་འདྲའི་སྲིད་དབང་སྒེར་གཅོད་དམ་ཡང་ན་དེ་དང་མཚུངས་པའི་ཉེ་གན་དུ་འཚོ་ཞིང་གཞེས། དེ་ལྟར་སྒེར་བདག་སྲིད་གཞུང་ངམ་ཚོ་ཁག་ཆུང་གྲས་རིགས་ཀྱིས་ནམ་ཞར (དྲག་ཤུགས་ལ་བརྟེན་ནས) མི་གསོད་དང་། ཟམ་མི་ཆད་པའི་དྲག་གནོན། དགྲོ་བོ་བཙན་བཟུང། ཚག་དམ་པའི་ཞིབ་བཤེར། ས་སྟེང་དུ་ཁྱབ་པའི་འཆར་ཅན་གྱི་གསང་མྱུལ་སོགས་ཀྱི་དཔུང་རོགས་མང་དུ་ཐོབ་ཡོད་ལས་ཆེ།
ཡོ་རོབ་གླིང་གི་ཕྱི་ཕྱོགས་སུའང་སྲིད་དབང་སྒེར་སྡོམ་རིང་ལུགས་ཀྱི་དར་ཁྱབ་ཤིན་ཏུ་ཆེ་སྟེ། ངས་ཐེངས་སྔོན་མའི་འཕྲིན་ཡིག་ནང་ཏུར་ཀི་རྒྱལ་ཁབ་དང་དེའི་སྤྱི་དཔོན་ཆེན་མོ་ཁའེ་མཱེལ་སོགས་ཀྱི་ལོ་རྒྱུས་བྱུང་རབས་རགས་ཙམ་གླེང་ཟིན་པ་རེད། ཨ་རི་ལྷོ་མའི་རྒྱལ་ཁབ་དུའང་སྲིད་དབང་སྒེར་གཅོད་པ་བགྲང་གིས་མི་ཟིན་པ་ཞིག་བྱུང་མྱོང་མོད། ཁོ་ཚོ་ཚང་མ་རྙིང་ཞེན་གྱི་རྩ་འཛུགས་འབའ་ཞིག་ལས་མ་འདས། རྒྱུ་མཚན་ནི་ཨ་རི་ལྷོ་མའི་སྤྱི་མཐུན་རྒྱལ་ཁབ་ཁག་གིས་མང་གཙོའི་འཕེལ་རིམ་དངོས་དེ་རྩ་བ་ནས་བརྒྱུད་མྱོང་མེད།
   གོང་སྨོས་བཞིན་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ཁག་གི་གྲས་སུ་ངས་ཨུ་རུ་སུ་མཉམ་འབྲེལ་སྲིད་གཞུང་མ་བགྲངས་དོན། དེ་ཡང་རྒྱལ་ཁབ་གཞན་དག་དང་འདྲ་བར་ཆེས་གདུག་རྩུབ་དང་ལྡན་པ་ཞིག་ཡིན་རུང་། ཡུལ་དེར་ཉམས་སུ་བླངས་པའི་སྲིད་དབང་སྒེར་སྡོམ་ནི་རིགས་གཞན་ཞིག་སྟེ། མི་སྒེར་དང་ཚོགས་ཁག་ཆུང་གྲས་རིགས་ཀྱིས་སྲིད་དབང་སྒེར་གཅོད་བྱས་པ་ཙམ་མ་ཡིན་པར། དེ་ནི་རྩ་འཛུགས་དམ་པའི་སྲིད་ཚོགས་ཤིག་དང་དམིགས་སུ་ངལ་རྩོལ་བཟོ་བས་གྲུབ་ཡོད། ཁོ་ཚོས་སྲིད་ཚོགས་དེ་ལ “འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་གཅོད” (dictatorship of the proletariat) ཅེས་ཀྱང་འབོད། རྐྱེན་དེའི་དབང་གིས་ང་ཚོས་གུང་ཁྲན་རིང་ལུགས་ཀྱི་སྲིད་དབང་སྒེར་གཅོད་དང་། ཧྥ་ཤི་སིའི་སྲིད་དབང་སྒེར་གཅོད། དམག་ཤེད་ཅན་གྱི་སྲིད་དབང་སྒེར་གཅོད་བཅས་རིགས་གསུམ་དུ་དབྱེ་ཆོག།རིགས་གསུམ་དེའི་གང་ཡིན་རུང་གནའ་ནས་ད་ལ་ཐུག་གི་དབར་དྲག་པོའི་དམག་ཤེད་ལ་མ་བརྟེན་པ་གཅིག་ཀྱང་མེད། གུང་ཁྲན་རིང་ལུགས་དང་ཧྥ་ཤི་སི་ལམ་ལུགས་གཉིས་འཛམ་གླིང་ལོ་རྒྱུས་ཡིག་ཚང་ཙམ་དུ་མ་ཟད་དེང་གི་ང་ཚོའི་དུས་རབས་འདིར་མཚོན་ནའང་ཐོན་རྫས་གསར་བ་ཞིག་མ་ཡིན་ནམ་སྙམ།
   སྲིད་དབང་སྒེར་གཅོད་འདི་རིགས་དང་དེའི་ཁྱད་པར་བཅས་ནི་ཐད་ཀར་གྲོས་ཚོགས་ཀྱིས་གྲུབ་པའི་སྲིད་གཞུང་དང་མང་གཙོ་བཅས་སུ་མེ་ཆུ་ལྟར་འགལ་སྟབས། ལས་བཤོལ་ངོ་རྒོལ་གྱི་བྱ་འགུལ་དེའང་དུས་ཐོག་མར་བྱུང་བ་རེད།
བུ་མོ་ལགས། དེ་སྔོན་ངས་ཁྱོད་ལ་དུས་རབས 19 པ་ནི་མང་གཙོའི་དུས་རབས་ཤིག་ཡིན་ཞེས་བརྗོད་མྱོང་བ་དྲན་ནམ། དུས་རབས་དེ་ནི་ཧྥ་རན་སིའི “འགྲོ་བ་མིའི་ཐོབ་ཐང་གི་གསར་བརྗེ” (the Rights of Man of the French Revolution) བསླངས་ཏེ་སྔོན་ཐོན་ཅན་གྱི་བསམ་བློར་དབང་བསྒྱུར་དང་མི་སྒེར་སོ་སོའི་རང་དབང་དམིགས་སུ་བཟུང་བའི་དུས་རིམ་ཞིག་རེད། དུས་སྐབས་དེའི་འཕོ་འགྱུར་ཁྲོད་ཡོ་རོབ་གླིང་གི་རྒྱལ་ཁབ་མང་ཆེ་བའི་ནང་གྲོས་ཚོགས་ཀྱི་གྲུབ་པའི་སྲིད་གཞུང་དབུ་བརྙེས་འགོ་ཚུགས་ཤིང་། དཔལ་འབྱོར་གྱི་ཁྱབ་ཁོངས་སུ “ཉོ་ཚོང་རང་མོས་སྲིད་ཇུས” (Laissez-fair) ཀྱི་རིགས་པའི་སྲོལ་ཕྱུང་བ་རེད།
   དུས་རབས 20 པར (ཡང་ན་འཛམ་གླིང་དམག་ཆེན་བསླངས་པའི་ལོ་ངོ་དེ་དག་གི་རིང་ལ) སླེབས་པ་ན། དུས་རབས 19 པའི་རླབས་ཆེ་བའི་མང་གཙོའི་ལམ་སྲོལ་དེ་མཇུག་སྡོམ་བརྒྱབ་པ་དང་། ཚད་ལྡན་མང་གཙོའི་ལྟ་གྲུབ་ལ་མོས་གུས་ཞུ་མཁན་ནི་ཉིན་བཞིན་ཉུང་རུ་འགྲོ་བཞིན་ཡོད། དུས་རབས་བཅུ་དགུ་བའི་མང་གཙོ་ཉམས་རྒུད་དུ་གྱུར་རྗེས་ག་ས་གང་དུ “རང་མོས་ཚོགས་སྡེ” (liberal groups) རུ་འབོད་པ་དག་གིས་ལས་སྐལ་དུ་སྨིན་པ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱངས་ཤིང་། ཁོ་རང་ཚོའི་དྲག་ཤུགས་དང་ལྡན་པའི་གཡུལ་འཐབ་དེའང་རེ་ཞིག་མཚམས་འཇོག་དགོས་པ་བྱུང་།
   དམིགས་བྱའི་རྒྱབ་ལྗོངས་མི་འདྲ་ནའང་། གུང་ཁྲན་རིང་ལུགས་དང་ཧྥ་ཤི་སི་རིང་ལུགས་གཉིས་ཀྱིས་མང་གཙོའི་ལྟ་བར་རྒྱབ་འགལ་དང་རྒོལ་གཏམ་མཐའ་གཅིག་ཏུ་མཛད་པར་མ་ཟད། ཐ་ན་ཧྥ་ཤི་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་སོགས་གང་ཡང་མ་ཡིན་པའི་རྒྱལ་ཁབ་དག་ཏུ་ཚད་ལྡན་གྱི་མང་གཙོར་སྔར་བཞིན་དགའ་མོས་ཆེར་མི་བྱེད་པའི་ཁར། དེ་སྔའི་གྲོས་ཚོགས་ཀྱི་ལམ་སྲོལ་བཀག་སྡོམ་དང་གང་དེའི་ཆེ་མཐོང་ལ་སྟང་འཛིན་ནན་མོ་བྱེད། 
དབུས་འཛིན་སྐྱོང་ལྷན་ཁང་དུ་དབང་ཤུགས་ཆེན་པོ་སྤྲད་དེ་ཁོ་ཚོས་གྲོས་ཚོགས་སུ་གྲོས་བསྡུར་གནང་མི་དགོས་པར་ཐད་ཀར་རྒྱལ་དོན་རང་ལྟས་སུ་སྒྲུབ་ཆོག་པ་དང་། ཕྱོགས་གཅིག་ནས་དེང་གི་ང་ཚོའི་ནོར་འཆུགས་ཐེར་འདོན་བགྱི་བའི་དུས་རབས་སུའང་ལས་དོན་ནར་འགྱངས་མི་བྱ་བའི་བྱ་འགུལ་ནི་ཆེས་དགོས་ངེས་ཅན་ཞིག་ཡིན་རུང་། རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱིས་རྟག་ཏུ་བྱ་བཞག་གང་ཡང་དུས་ལྟར་སྒྲུབ་ཐུབ་ཀྱི་མེད།
   ཉེ་བའི་ཆར་འཇར་མན་སྲིད་གཞུང་གིས་རང་གི་གྲོས་ཚོགས་རྒྱང་དུ་དོར་ཏེ་ཆེས་ཡ་ང་བའི་ཧྥ་ཤི་སི་ལམ་ལུགས་རིགས་ཤིག་བཀྲམ་སྟོན་བྱེད་བཞིན་གདའ། ཨ་རི་རིམ་འདུས་རྒྱལ་ཁབ་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཚད་མཐོ་བའི་མཉམ་འབྲེལ་སྟོབས་ཤུགས་དེ་རང་གི་སྲིད་འཛིན་གྱི་ལག་ཏུ་སྤྲོད་པའི་བྱེད་སྒོ་དེའང་ཆེར་མ་འགྱངས་པར་སྔར་ལས་ལྷག་པའི་ཁྱབ་རྒྱ་ཆེ་རུ་བསྐྱེད།
   དབྱིན་ཧྥ་གཉིས་དེང་སྐབས་ད་དུང་ཡང་སྔར་མུས་བཞིན་གྲོས་ཚོགས་ཁག་ནི་མིང་གི་ལྷག་མར་གཅུན་པའི་རྒྱལ་ཁབ་གཉིས་ཡིན། ཁོ་ཚོའི་བྲན་གཡོག་དང་མི་སེར་སྤེལ་པའི་ས་ཁུལ (རང་རྒྱལ་གྱི་ལས་གནས་ཁག་ཏུའང་དེ་ལྟར་བྱས་མྱོང) གང་སར་ཧྥ་ཤི་སི་རིང་ལུགས་ཀྱི་བྱ་འགུལ་སྤེལ་བཞིན་མཆིས། 3ཧིན་རྡི་དང་རྒྱ་ནག་རྒྱལ་ཁབ (Indo—china) ཁག་ཏུ་ཧྥ་རན་སིའི་ཧྥ་ཤི་སི་རིང་ལུགས་སྤེལ་ཏེ་རྒྱལ་ཁབ་ཞོད་འཇགས་སུ་བཏང་མོད།  འོན་ཀྱང་གྲོང་ཁྱེར་ལོན་ཌོན་དང་ཕཱེར་སིའི་གྲོས་ཚོགས་ཁག་ནི་ཕྱི་སྐོགས་སྟོང་བ་ཙམ་དུ་ཟད།
   ཟླ་སྔོན་མར་དབྱིན་ཇིའི་རང་མོས་རིང་ལུགས་པ་ཞིག་གིས “ང་ཚོའི་སྤྱི་འཐུས་གྲོས་ཚོགས་ནི་སྐད་ཅིག་མར་བཙན་དབང་གི་བཀའ་རྒྱའི་འོག་སླད་སྐྱོན་ཤོར་བའི་རྩིས་འཁོར་མཐེབ་གཞུང་སྟེང་སྣོག་ལས་ཀྱི་འདེམས་བསྐོའི་ཐོ་འགོད་བྱེད་སའི་འཕྲུལ་ཆས་ཤིག་ཏུ་གྱུར་འདུག” ཅེས་བརྗོད་མྱོང་།
   དེའི་རྐྱེན་ཡུལ་གྲུ་གང་སར་དུས་རབས 19 པའི་མང་གཙོ་དང་གྲོས་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་ཡོངས་སུ་ཤོར་ཞིང་། རྒྱལ་ཁབ་ལ་ཤས་ནང་ཞི་དྲག་གཉིས་ལྡན་གྱིས་དམངས་དབང་དང་འཐུས་ཚོགས་ནི་མིང་གི་ལྷག་མར་གྱུར་འདུག ཡང་ཕྱོགས་གཞན་ཞིག་ནས་མང་གཙོ་དང་འཐུས་ཚབ་ཅིག་ལ་ངེས་པར་དུ་ཡོད་འོས་པའི་མ་མཐའི་དབང་ཆ་དག་ཀྱང་ཤོར་ཏེ། མཐར་ཕྱི་རྫིགས་ནང་སྟོང་གི་སྐྱོ་གར་ཆེན་པོ་ཞིག་ཏུ་འགྱུར་ཉེན་ཆེ་སྐད།
   ལོ་རྒྱུས་རིག་པ་མཁན་ཞིག་གིས་རྒྱལ་དབང་ཉམས་རྒུད་ཀྱི་སྣང་ཚུལ་འདི་རིགས་དུས་རབས་བཅུ་དགུ་པར་དཔྱད་བསྡུར་བགྱིས་པ་ལ། དབྱིན་ཇི་ཙམ་མ་ཟད་རྒྱལ་ཁབ་གཞན་དུའང་རྒྱལ་པོའི་སྲིད་དབང་ངོ་མ་ཤོར་ཏེ་བཙན་རྒྱལ་གྱི་རྩ་འཛུགས་ཤིག་ཏུ་གྲུབ། ཚུལ་འདིར་གཞིགས་ན་ད་དུང་འཐུས་ཚོགས་ཁག་ནི་ལྟོས་ཚོད་ཀྱིས་གལ་འགངས་ཆེན་པོ་ཞིག་དང་གཞི་རྒྱ་ཆེ་བར་སྣང་ཡང་། དོན་ལ་སྲིད་ཀྱི་དབང་ཆ་གང་ཡང་མེད་པའི་རྟགས་མཚན་ཞིག་མངོན་གྲབས་ཡོད་ཚོད་རེད།
བྱས་ཉེས་འདི་རིགས་ཅིའི་ཕྱིར་ཏུ་བྱུང་ངམ། ཧ་ལམ་དུས་རབས་ཧྲིལ་བོ་ཞིག་གི་རིང་ལ་བགྲང་དུ་མེད་པའི་མི་མང (ཆོས་ལུགས་རྨོངས་དད་ཀྱི་དབང་གིས་མི་རིགས་ཀྱི་དཔའ་བོ་ཁྲི་སྟོང་མང་པོ་སྐུ་གཤེགས་པར་བགྲང་མཁན་རྣམས) གིས་མང་གཙོ་ཁོ་ནར་ཕུགས་བསམ་དང་བློ་སྤོབས་བསྐྱེད་དོན་ག་རེ་ཡིན་ནམ། ད་ནི་ཅིའི་ཕྱིར་ཏུ་མང་གཙོར་སུན་འབྱིན་དང་སྡང་སེམས་དེ་འདྲ་བཅངས་དགོས་པ་རེད་དམ། དེ་ལ་རྒྱུ་རྐྱེན་ངེས་ཅན་ཞིག་མེད་ཚེ་འཕེལ་འགྲིབ་དེ་ཙམ་ཞིག་འབྱུང་མི་སྲིད་པས་ན། དེ་ཡང་མིའི་འགྱུར་སླ་བའི་བརྩེ་བ་དང་ཡིད་རྟོན་ལས་ཕྱུང་བའི་སྐད་ཅིག་མའི་སེམས་འགྱུ་དང་འདོད་ཞེན་གྱི་གནད་དོན་ཙམ་མ་རེད།
   དེ་ནི་དུས་རབས་བཅུ་དགུ་པའི་ཚད་ལྡན་མང་གཙོ་དང་ཅུང་མི་འཚམས་པའི་དེང་རབས་ཅན་གྱི་འཚོ་བའི་གནས་བབ་ཅིག་ཏུ་འབྲེལ་འདུག་པར་སྙམ། སྤྱིར་གླེང་བརྗོད་འདི་རིགས་ཆེས་མོས་ཤིང་འགྲེལ་དཀའ་བ་ཞིག་རེད་ཀྱང་། ངས་ནི་གླེང་གཞི་འདིར་རྟོག་གཞིག་ཟབ་མོ་ཞིག་བགྱི་མི་ནུས། ཡིན་ནའང་བུ་མོ་ལགས། འདིར་ངས་ཁྱོད་རང་ལ་རང་ནུས་ཅི་ལྕོགས་ཀྱིས་རང་གི་ལྟ་ཚུལ་རེ་གཉིས་འཆད་པར་བྱ།
གོང་གི་ས་བཅད་དུམ་བུའི་ནང་ངས་དུས་རབས་བཅུ་དགུ་པའི་མང་གཙོ་ནི “ཚད་ལྡན” ཞིག་ཏུ་དཔྱོད་གཞིག་བགྱིས་པ་ཡིན་མོད། གུང་ཁྲན་རིང་ལུགས་པ་ཚོས་དེའང་མང་གཙོ་ཡང་དག་ཅིག་མ་ཡིན་པར། དེ་ནི་གྲལ་རིམ་གཅིག་གིས་གྲལ་རིམ་གཞན་དབང་དུ་བསྒྱུར་བའི་གནས་བབ་དངོས་ལ་གསང་རྒྱ་དམ་པའི་མང་གཙོའི་ཕྱི་ཤུན་ཙམ་དུ་འདོད་ཡོད།
   ཁོ་ཚོའི་འདོད་ཚུལ་ལྟར་ན། དུས་རིམ་དེའི་མང་གཙོ་ནི་མ་རྩ་ཅན་གྱི་སྲིད་དབང་སྒེར་གཅོད་ཀྱི་ཕྱི་སྐོགས་ལྟ་བུ་ཞིག་སྟེ། དེ་ཡང་འབྱོར་ལྡན་གྲལ་རིམ་གྱིས་སྲིད་དབང་སྒེར་སྡོམ་བྱས་པའི་སྲིད་གཞུང་ཞིག་མ་ཡིན་གྲང་སྙམ། མི་མང་ལ་སྤྲད་པའི་རྒྱས་ཤོམ་ཆེ་བའི་འོས་བསྡུའི་ཐོབ་ཐང་དེའང་འདེམས་ཤོག་སྟེང་གི་འོས་མི་ཀ་བའམ་འོས་མི་ཁ་བས་མི་ལོ་བཞི་དང་ལྔའི་རིང་ལ་ཁོང་ཚོར་དབང་སྒྱུར་དང་བཤུ་གཞོག་བཏང་ཆོག་པར་སྨྲ་བའི་གོ་སྐལ་ཙམ་རེད། འོས་མི་དེ་གཉིས་ཀྱི་སུ་ཞིག་ཡིན་རུང་མི་དམངས་མང་ཚོགས་ལ་གྲལ་རིམ་གཅིག་གིས་བཤུ་གཞོག་གཏོང་གི་ཡོད།
   དངོས་དོན་གྱི་མང་གཙོ་ནི་གྲལ་རིམ་འདི་རིགས་ཀྱི་དབང་སྒྱུར་དང་བཤུ་གཞོག་རྨང་ནས་བསློགས་ཏེ་གྲལ་རིམ་གཅིག་ཁོ་ནའི་དུས་རིམ་ནང་འབྱུང་ཐུབ། དེ་འདྲའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་མངའ་བརྙེས་པར་ཨུ་རུ་སུ་མཉམ་འབྲེལ་སྲིད་གཞུང (སྲིད་ཚོགས་འདིའི་ནང་བཟོ་བ་དང་ཞིང་པ་ཙམ་མ་ཟད་གསར་བརྗེའི་ལས་འགུལ་བ་གཞན་ཚང་མའང་མི་དམངས་ཀྱི་འཐུས་ཚབ་པ་ཡིན) གིས་ཀྱང་དུས་སྐབས་དེའི་སྲིད་དབང་སྒེར་གཅོད་པ་ཡོད་ཚད་ཚར་གཅོད་བཏང་བ་རེད།
དེ་བས། ཡུལ་དེའི་མི་གྲངས་བརྒྱ་ཆའི 5 ~ 10 ཙམ་མ་གཏོགས་ལྷག་མའི་མི་གྲངས་བརྒྱ་ཆའི 90 ~ 95 ལྷག་ཅིག་སྲིད་དབང་སྒེར་གཅོད་པར་གྱུར་བ་རེད། སྐབས་དེའི་གུང་ཁྲན་ཏང་གིས་ཨུ་རུ་སུ་མཉམ་འབྲེལ་རྩ་འཛུགས་ལ་སྟངས་འཛིན་བྱེད་པའི་སྦྱོར་ངན་འོག་སྲིད་ཚོགས་དེའང་རེ་ཞིག་དམར་ཕྱོགས་ཤོག་ཁག་གི་སྟངས་འཛིན་འོག་ཤོར་བ་དང་། རྒྱལ་ཁབ་གཞན་དག་དང་འདྲ་བར་སྲིད་དབང་སྒེར་གཅོད་ཀྱི་བཙན་དབང་གི་འོག་མིའི་བསམ་བློའི་རང་དབང་དང་འགྲོ་འདུག་རང་དབང་དང་ཞིབ་བཤེར་རང་དབང་སོགས་དུས་ཡུན་རིང་པོའི་སེམས་ཁྲལ་འབའ་ཞིག་ཏུ་གྱུར། ཡིན་ནའང་དམར་ཕྱོགས་ཚོགས་པ་དེའང་ངལ་རྩོལ་མི་མང་མཉམ་འབྲེལ་གྱིས་གྲུབ་པ་ཞིག་ཡིན་དུས། ངལ་རྩོལ་མི་དམངས་ཀྱི་འཚོ་གནས་ལ་འགན་སྲུང་བྱེད་དགོས་པ་ཞིག་ཆགས་ཡོད་པ་དང་། མཐར་གཞན་པའི་ཁེ་ཕན་གྱི་ཕྱིར་ཏུ་བཟོ་བའམ་གྲལ་རིམ་ཁག་གི་བཤུ་གཞོག་གང་ཡང་ཡོད་པ་མ་རེད།
   གལ་ཏེ་གྲལ་རིམ་གྱི་བཤུ་གཞོག་ཅིག་ཡོད་དུ་ཆུགས་ན། དེ་ནི་ཐུན་མོང་གི་ཁེ་སྤོགས་སླད་དུ་བཏང་བའི་སྲིད་གཞུང་གི་བཤུ་གཞོག་ཅིག་ཡིན་ངེས། ངེས་པར་དུ་ང་ཚོས་ཕྱིར་དྲན་བྱ་འོས་པ་ཞིག་ནི། ཨུ་རུ་སུའི་ནང་མང་གཙོས་གྲུབ་པའི་སྲིད་གཞུང་ཞིག་གཞར་  ཡང་ཚུགས་ཐུབ་མེད་ལ། སྤྱི་ལོ 1917 སྟོད་ཙམ་ནས་བཟུང་རྒྱལ་ཁབ་དེ་ནི་བཙན་དབང་རིང་ལུགས་ནས་གུང་ཁྲན་རིང་ལུགས་སུ་མཆོང་བསྐྱོད་བྱས་པ་ཞིག་རེད།
   ཧྥ་ཤི་སི་རིང་ལུགས་ནི་ཧྲིལ་གྱིས་བལྟས་ཚེ་རྦད་དེ་སྤྱོད་ལམ་གཞན་ཞིག་སྟེ་ཐེངས་སྔོན་མའི་འཕྲིན་ཡིག་ཏུ་ངས་ཁྱོད་ལ་གླེང་ཟིན་པ་ཇི་བཞིན། ཧྥ་ཤི་སིའི་རྩ་དོན་དེ་དངོས་ནས་རྟོགས་དཀའ་བ་ཞིག་རེད། བལྟས་འཇོག་གིས་ཁོང་ཚོར་གཏན་ལ་དབབ་པའི་རྩ་དོན་ཞིག་ཧ་ལམ་མེད་ཚོད་དུ་གདའ་མོད། ཁོ་ཚོས་ད་དུང་མང་གཙོའི་སྲིད་གཞུང་གང་དེར་རྒོལ་རྡུང་གཏོང་བར་ཐེ་མི་ཚོམ། དེ་ཙམ་མ་ཟད་ཁོ་ཚོའི་གདོང་གཏོད་སའི་གནད་ཀ་དེའང་ཁྲེལ་མེད་བག་མེད་ཀྱི་སྦྱོར་ངན་འབའ་ཞིག་ཡིན་གྱི། མང་གཙོ་དངོས་ཀྱི་རྩ་དོན་དུ་གཞར་ཡང་མི་ཚུད་པའི་གུང་ཁྲན་རིང་ཀྱིས་བྱས་ཉེས་མ་རེད། ཧྥ་ཤི་སི་རིང་ལུགས་པ་ཚོས་མང་གཙོའི་ལྟ་གྲུབ་འོག་གི་རྩ་དོན་ཧྲིལ་བོར་དགག་རྒྱག་ཚ་ནན་གཏོང་ཞིང་། ཁོང་ཚོའི་བཀག་སྡོམ་གྱི་བྱེད་ནུས་ཡོད་ཚད་ཀྱིས་མང་གཙོའི་རྩ་དོན་ལ་དམའ་ཕབས་པ་རེད།
   དེ་འདྲའི་ཧྥ་ཤི་སི་རིང་ལུགས་ལ་ཨཱི་ཌ་ལེའི་སྲིད་དབང་སྒེར་གཅོད་པ་མཱོ་སི་ལའེ་ནཱེ་ཡིས “རུལ་སུངས་ཀྱི་ཕུང་གསོག” (putrefying corpse) ཅེས་འབོད་ཅིང་། ཧྥ་ཤི་སི་རིང་ལུགས་པ་ཚོ་སྒེར་མིའི་རང་དབང་གི་ལྟ་བར་མི་འཐད། ཁོ་ཚོའི་འདོད་ཚུལ་ལ་སྲིད་གཞུང་ནི་ཡོད་ཚད་ཀྱི་མཆོག་ཡིན་གྱི་མི་སྒེར་ནི་གཞར་ཡང་མ་ཡིན་ནོ་སྙམ།
  དུས་རབས་བཅུ་དགུ་པའི་ཨཱི་ཌ་ལེའི་མང་གཙོའི་རང་མོས་རིང་ལུགས་ཀྱི་ལམ་སྟོན་པ4མཱ་ཛི་ཛེ་ནཱེ (Mazzini) ཡིས་རང་གི་རྗེས་འབྲང་ཚོར “དམར་ཕྱོགས་རིང་ལུགས་པས་ཀྱང་སྒེར་མིའི་རང་དབང་གི་རིན་ཐང་ཆེར་མི་ལྟའོ” ཞེས་བསྟན་མྱོང་།
སྤྱིར་ཧྥ་ཤི་སི་དང་གུང་ཁྲན་རིང་ལུགས་ཙམ་མ་ཟད། དེང་གི་དུས་ཀྱི་དཀའ་རྙོག་མང་པོའི་ཐད་རྗེས་དཔག་གི་དཔྱོད་ཤེས་ཡངས་པའི་སྐྱེ་བུ་མང་པོ་ཞིག་གིས་འོས་བསྡུའི་བསམ་བློ་རྙིང་བའི་རྒྱུན་བསྲིངས་ཏེ། དེ་ལ་མང་གཙོ་ཞེས་བརྗོད་པ་ཙམ་གྱིས་ཡིད་མ་ཚིམ་པར་གྱུར་ཡོད།
   དོན་གྱི་མང་གཙོ་ནི་མིའི་རྩིས་ཐང་དང་འདྲ་མཉམ་ལ་གོ་དགོས་ཤིང་། དེ་ལྟའི་མང་གཙོས་ནི་ད་གཟོད་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་མངའ་བརྙེས་པར་བྱེད། མི་ཚང་མར་འདེམས་བསྐོའི་ཁེ་དབང་སྤྲད་པ་ཙམ་གྱིས་སྤྱི་ཚོགས་འདྲ་མཉམ་གྱི་བྱེད་ནུས་གང་ཡང་འདོན་མི་ཐུབ་པ་མངོན་གསལ་རེད། འོས་བསྡུའི་ཐོབ་ཐང་དེ་ཙམ་ཡོད་རུང་། ཉི་མ་དེ་རིང་གི་དུས་སུ་ད་དུང་ཡང་འདྲ་མཉམ་གྱི་ཁེ་དབང་དག་མེད་པའི་གནས་བབ་ཧ་ཅང་ཚབས་ཆེ། དེར་བརྟེན་མང་གཙོའི་སྲིད་གཞུང་ཞིག་དབུ་བརྙེས་པ་ལ་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་གསར་སྐྲུན་བགྱི་དགོས་པར་འདོད་ཅིང་། རྒྱུ་མཚན་དེས་ཁོ་ཚོ་ཕུགས་བསམ་དང་ཐབས་རྩལ་སྣ་ཚོགས་ཀྱི་ཕྱོགས་སུ་འཁྲིད་ཀྱང་སྲིད་མོད། ཡིན་ནའང་དེང་གི་གྲོས་ཚོགས་ལ་མོས་མཐུན་གནང་བའི་མི་རྣམས་དེ་ཙམ་གྱིས་ཀྱང་བློ་མི་ཚིམ་པར་འགྱུར་ངེས།
བུ  ་མོ་ལགས། ད་ནི་ངེད་གཉིས་ཀྱིས་ཧྥ་ཤི་སི་རིང་ལུགས་ཀྱི་ཅུང་ཟབ་སར་དཔྱད་དེ་དོན་ངོ་མར་རིང་ལུགས་དེ་ནི་ཅི་ལྟ་བུ་ཞིག་ཡིན་མིན་རྟོགས་པར་བྱའོ།། དེ་ཡང་ཞི་མཐུན་རིང་ལུགས་ལ་སྡང་ཞིང་དྲག་སྤྱོད་ཀྱི་ལས་སུ་གཞོལ་བར་ཆེས་བརྗིད་ཉམས་དང་ལྡན་པར་གྲགས། སྲིད་དབང་སྒེར་གཅོད་པ་མཱོ་སི་ལའེ་ནཱེ་ཡིས “ཨཱི་ཌ་ལེའི་འཛམ་གླིང་ཤེས་བྱ་ཀུན་བཏུས” བརྩམས་ཆོས་ཁྲོད་བསྟན་དོན།
   ཧྥ་ཤི་སི་རིང་ལུགས་པས་དགོས་ངེས་སམ་རྟག་བརྟན་གྱི་ཞི་བདེའི་ཕན་ནུས་ལ་ཡིད་མི་རྟོན། དེའི་རྐྱེན་རང་སྲོག་གཞན་གཏོང་གི་དུས་ན་འཐབ་འཛིང་མི་ཕོད་པའི་སྡར་མའི་སྤྱོད་ལམ་དངོས་དེ་སྦ་གསང་བགྱིད་པའི་ཞི་མཐུན་རིང་ལུགས་དེ་འདྲར་ངེས་ལེན་མི་གནངས། དྲག་པོའི་གཡུལ་འཐབ་ཁོ་ནས་ད་གཟོད་མིའི་རིགས་ཀྱི་ཚད་མཐོ་བའི་དཔའ་གདེང་གི་ནུས་སྟོབས་སྔོག་འདོན་བྱེད་ཅིང་།  ཁྱད་དུ་འཕགས་པའི་དཔའ་མཛངས་ཀྱི་ཆོད་སེམས་དེ་འདྲར་ཆེས་བློ་སྤོབས་དང་ལྡན་པའི་མིས་དང་ལེན་བགྱིད་ངེས། དེ་མིན་གྱི་སྟ་གོན་གཞན་ཚང་མ་ཚབ་བྱེད་ཙམ་ལས་མི་གདའ་ན། ཤི་གསོན་གྱི་གདམ་ངའི་མདུན་སར་ཁོ་ཚོས་མི་སྒེར་ལ་རེ་བཅོལ་དེ་འདྲ་བགྱི་མི་སྲིད་དོ་ཟེར།
   གུང་ཁྲན་རིང་ལུགས་ནི་འཛམ་གླིང་ཐུན་མོང་རང་བཞིན་ཞིག་ཡིན་དུས་ཧྥ་ཤི་སི་རིང་ལུགས་ནི་སྟོབས་ཤུགས་ཆེ་ཆེས་པའི་མི་རིགས་རིང་ལུགས་ཤིག་ཡིན། དོན་ལ་ཧྥ་ཤི་སི་རིང་ལུགས་ནི་རྒྱལ་སྤྱིའི་རིང་ལུགས་དང་འགལ་བ་རྟག་སྤྲོད་དུ་གྱུར་ཡོད། མེས་རྒྱལ་ལྷ་རུ་སྐྲུན་པའི་རིང་ལུགས་གང་དེའི་འགྱུར་ལྡོག་རྒོད་པའི་སྒེར་མིའི་རང་དབང་དང་ཁེ་དབང་ཡོད་ཚད་དམར་འཛིང་ཡ་ང་བ་ཞིག་ཡིན་སྲིད། ལར་རྒྱལ་ཁབ་ཡོད་ཚད་ཕྱི་ཚུལ་ནས་མནའ་འབྲེལ་གྱིས་གྲུབ་ཀྱང་དོན་ལ་ཕན་ཚུན་དགྲ་རུ་ལངས་ཡོད་ལས་ཆེ། ཕྱི་གླིང་བའི་གྲས་སུ་དེད་པའི་ཇེའུ་མི་རིགས་འདི་ཉིད་ཀྱང་ཆེས་སྡུག་རྩུབ་དང་ལྡན་པ་ཞིག་རེད། མ་རྩ་རིང་ལུགས་ཀྱི་འགལ་བ་དང་གསར་བརྗེའི་བཀོལ་ཐབས་སོགས་ཀྱི་འབོད་ཚིག་སྒྲོག་གི་ཡོད་རུང་། ཧྥ་ཤི་སི་རིང་ལུགས་ནི “རྒྱུ་གཞིས་སྒེར་བདག” (property-owning) དང་ལོག་སྤྱོད་ཀྱི་འབྱུང་རྩ་བཅས་སུ་མནའ་འབྲེལ་དུ་གྲུབ་ཡོད།
   ཧྥ་ཤི་སི་རིང་ལུགས་ལ་ཡ་མ་ཟུང་གི་བཟོ་ཡང་འགའ་ཤས་མཆིས་ཏེ། གང་དེའི་ནང་ཁྲོལ་དུ་རིག་པའི་ལྟ་གྲུབ་ཅིག་བདོག་པ་འདྲ། གལ་ཏེ་དེ་ལྟ་ཞིག་ཡིན་དུ་ཆུགས་ན། དེ་ནི་མིའི་རིག་པས་གཞལ་ཐབས་བྲལ་བ་ཞིག་རེད། ང་ཚོས་ཤེས་གསལ་ལྟར། རིང་ལུགས་དེ་ནི་ཐོག་མར་སྲིད་དབང་གི་སྲེད་པ་ཙམ་ནས་རྩ་བ་རྒྱས་ཤིང་རྩེ་མོ་སྨིན་ཏེ། འདོད་འདུན་དེ་མངོན་དུ་གྱུར་རྗེས་ད་གཟོད་དེ་ཡང་ཧྥ་ཤི་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་ཞིག་ཏུ་སྒྲུབ་པར་འབད་འབུངས་གནང་འདུག།
བུ་མོ་ལགས། འདིར་ངས་ཁྱོད་ལ་ཧྥ་ཤི་སི་རིང་ལུགས་ཀྱི་ཅུང་རྙིང་འཛིང་ཆེ་སའི་ལྟ་ཚུལ་རེ་འགར་འཆད་པ་ལ། ཐོག་མར་ངས་ཁྱེད་རང་ལ་ཧྥ་ཤི་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་བ་གྲགས་ཅན་ཞིག་གི་གསུང་རྩོམ་ཐད་ནས་རགས་བསྡུས་ཤིག་གློད་པར་བྱ། ཁོང་གི་མིང་ལ་གྷོ་བཱ་ནཱེ.ཇེན་ཌེལ (Giovanni Gentile) ཟེར་ཞིང་ཁོ་ཧྥ་ཤི་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ལས་སྣེ་ཞིག་ཡིན་པར་བཞེད་ཅིང་། དེར་མ་ཟད་ཁོས་ད་དུང་ཨཱི་ཌ་ལེའི་སྲིད་གཞུང་གི་ཧྥ་ཤི་སི་རིང་ལུགས་ཀྱི་སྲིད་དབང་ཡང་འཁུར་དུ་བཞེས་མྱོང་སྐད། ཇེན་ཌེལ་གྱིས་གསུང་དོན། མི་མང་གིས་རང་ཉིད་དམ་མིའི་རང་གཤིས་ཀྱི་སྟེང་ནས་རང་རྟོགས་འཚོལ་སྙེག་བྱ་མི་ནུས་པ་ཇི་བཞིན་དུ། མང་གཙོ་ཡང་ངང་ཚུལ་དེ་ལས་མ་འདས་མོད། ཧྥ་ཤི་སི་རིང་ལུགས་ལྟར་ན། མིའི་ལྷན་སྐྱེས་ཀྱི་ཤེས་རབ་སྟེང་གི་རང་དོན་རིང་ལུགས་ཀྱི་བྱ་སྤྱོད་དེ་ཡང་འཇིན་རྟེན་རང་བཞིན་གྱི་རང་རྟོགས་སངས་པ་ལྟ་བུ་ཡིན་ཞེས་བཞེད་ཅིང་། ཁོས་བསྟན་དོན་དེ་ནི་རང་ཉིད་ཀྱི་ལྟ་ཚུལ་དང་ཡོངས་སུ་འགལ་ཡང་སྲིད་པ་རེད།
   དེ་བས། ལྟ་ཚུལ་འདིའི་ཁྲོད་མིའི་རང་གཤིས་དང་རང་དབང་ལ་གོ་གནས་གང་ཡང་མེད། རྒྱུ་མཚན་དོན་དམ་གྱི་བདེན་པ་དང་རང་དབང་ནི་རྒྱལ་ཁབ་བམ། རླབས་ཆེ་བའི་བྱ་བཞག་གཞན་ཞིག་གི་ཕྱིར་དུ་རང་སྲོག་དོར་བ་ལས་ད་གཟོད་མངོན་འགྱུར་བྱུང་གི་ཡོད་ཚུལ་རེད་དེ། ཇེན་ཌེལ་གྱིས “ང་རང་ཉིད་ཀྱི་རང་གཤིས་དེའང་རང་གི་བླ་སྲོག་དང་། ཁྱིམ་ཚང་། རྒྱལ་ཁབ་སོགས་སླར་གསོ་དང་ཟླ་སྒྲིལ་བཏང་བ་དང་བསྟུན། དེ་ཡང་ཡར་སྐུལ་དང་། དཀྱེལ་ཡངས། བརྟན་བརླིང་བཅས་སུ་བཟོ་ཡི་ཡོད་ཀྱི། གཞན་པའི་བཙན་ཤེད་ཀྱིས་སྡོམ་གཅུན་གཏོང་གི་མེད” ཞེས་དང་། ཡང་ཁོང་གིས “དབང་སྒྱུར་ཡོད་ཚད་ནི་མིའི་འདོད་འདུན་ལ་འཇོན་ནུས་ཀྱི་ཤན་སྟོབས་ཐེབས་པ་དང་འདྲ་བའི་མིའི་སྤྱོད་ལམ་ལ་དབང་བསྒྱུར་བ་རེད། ལས་དོན་ཇི་འདྲ་ཡིན་རུང་། རྩོད་གླེང་གིས་མི་ལ་དབྱུ་གུས་བསྐུལ་བའམ་བཀའ་མཆིད་འབེབ་པའི་རེ་འབོད་ཞུ་ངེས་ཡིན” ཟེར། དེའི་རྐྱེན་ང་ཚོས་འདིར་དབྱིན་ཇི་སྲིད་གཞུང་གིས་རང་རྒྱལ་དུ་བེར་ལྕག (རྒྱ་གར་གྱི་ཉེན་རྟོག་པའི་ཁྲིམས་ཤིང) བག་མེད་དུ་སྤྱོད་ཐེངས་རེར་ཁོ་ཚོས་མིའི་སྤྱོད་ལམ་ལ་དབང་བསྒྱུར་པའི་གོ་རིམ་མོད་པོ་ཞིག་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་།
   འདི་དག་ཚང་མ་འབྱུང་འགྱུར་གྱི་བྱས་ཉེས་རིགས་ཤིག་སྟེ། དེ་དག་གིས་བྱུང་ཟིན་པའི་བྱ་བཞག་ཅིག་གསལ་འདེབས་བྱེད་པའམ་དག་སེལ་བགྱི་བར་སྟ་གོན་བྱེད་བཞིན་ཡོད། བཤད་ཚུལ་ལ་ཧྥ་ཤི་སི་རིང་ལུགས་ནི 5“བཟོ་བདག་སྲིད་གཞུང” (Corporative State) གསར་འཛུགས་གནང་རྒྱུར་དམིགས་གཏད་ཡོད་པར་བཞེད་ཅིང་། ངས་སེམས་ན། ཁེ་ཕན་ཞིག་གི་ཕྱིར་དུ་བཏོན་པའི་བྱེད་ཐབས་དེའི་ཁྲོད་མི་ཚང་མ་སྒྲིག་འཛུགས་གཅིག་ཏུ་བསྡུ་རྩིས་རེད་ཀྱང་། དེ་འདྲའི “བཟོ་བདག་གི་སྲིད་གཞུང” ཞིག་ཨཱི་ཌ་ལེ་ཙམ་མ་ཟད་རྒྱལ་ཁབ་གང་དུའང་ཚུགས་པར་མ་སྣང་ངོ་། །ཨཱི་ཌ་ལེའི་རྒྱལ་ནང་གི་མ་རྩ་རིང་ལུགས་ཀྱི་བྱེད་ནུས་ནི་མ་རྩ་རིང་ལུགས་ཀྱི་རྒྱལ་ཁབ་གཞན་དག་དང་ཅུང་འདྲ་ནའང་། དེའི་ལོ་རྒྱུས་བྱུང་རབས་གང་འཚམས་ཤིག་ཁྱོད་རང་ལ་ངོ་སྤྲོད་ཞུས་ཟིན་པ་རེད། 
   ལར་ཧྥ་ཤི་སི་རིང་ལུགས་ནི་རྒྱལ་ཁབ་གཞན་མང་པོ་ཞིག་གི་ནང་དར་ཞིང་ཁྱབ་པ་དང་དུས་མཚུངས་སུ། དེ་ཡང་ཨཱི་ཌ་ལེའི་མཐུན་མོང་མ་མ་ཡིན་པའི་ཁྱེད་རྣམ་ཞིག་མིན་པ་ཧ་ཅང་མངོན་གསལ་རེད་ཀྱང་། རྒྱལ་ཁབ་དེའི་སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་སུ་ཕྱིན་པའི་མཐུས། དེ་ཡང་དེ་ལྟའི་ཚུལ་དུ་མངོན་པར་གྱུར།
   བཟོ་བའི་སྟོབས་ཤུགས་རྒྱས་པ་དང་མ་རྩ་རིང་ལུགས་ཀྱི་སྲིད་གཞུང་ཉམས་ཉེས་སུ་འགྱུར་ཉེན་ཆེ་སྟེབས། མ་རྩ་རིང་ལུགས་ཀྱི་གྲལ་རིམ་པ་ཚོས་རང་འགུལ་གྱིས་རང་གཞུང་སླར་གསོ་བྱ་བར་བྲེལ་ཞིང་། དཔལ་འབྱོར་ཉམས་རྒུད་ཀྱི་ཟིང་འཁྲུག་གི་དུས་རིམ་སོ་སོའི་ཁྲོད་མ་རྩ་རིང་ལུགས་ཀྱི་སྲིད་གཞུང་ལ་བཟོ་བའི་རྡུག་རྡེག་ཟམ་མ་ཆར་པར་ཐེབས།
   གལ་ཏེ་སྒེར་བདག་དང་དབང་སྒྱུར་གྲལ་རིམ་པ་ཚོས་སྲིད་ཇུས་དང་དམག་ཤེད་ལ་བརྟེན་ནས་སྤྱིར་བཏང་གི་མང་གཙོའི་ལམ་དུ་བཟོ་བར་གཉའ་གནོན་ཐུབ་མེད་ཚེ། དེ་ནི་ཧྥ་ཤི་སི་རིང་ལུགས་ཀྱི་བྱེད་ཐབས་བསྟེན་པ་ཞིག་དང་།
དེ་ཡང་ཁྲོམ་ཚོགས་ཀྱི་ཡོ་ལང་རྒོད་སར་མ་རྩ་རིང་ལུགས་ཀྱི་སྒེར་བདག་གྲལ་རིམ་ལ་སྲུང་སྐྱོབ་བྱེད་དགོས་ཚུལ་བསྒྲགས་པ་དང་བསྟུན། གཞི་རྒྱ་ཆེ་བའི་མི་དམངས་ཀྱི་ལས་འགུལ་ཞིག་ལས་བྱུང་བ་སུ་ཞིག་གིས་བསྙོན་འདེང་ངམ།
ལས་འགུལ་དེའི་འབྱུང་རྩ་འབྱོར་མེད་གྲལ་རིམ་ལས་བྱུང་བ་དང་ཁོ་ཚོ་མི་མང་པོ་ཞིག་གིས་ལས་མེད་ཀྱི་དཀའ་སྡུག་ཡ་ང་བ་མྱངས་ཤིང་། ཆབ་སྲིད་ཀྱི་གོ་རྟོག་ཞན་ཞིང་སྒྲིག་འཛུགས་གང་ཡང་མེད་པའི་བཟོ་བ་དང་ཞིང་བ་མང་པོ་ཞིག་གིས་ཁོ་རང་ཚོའི་འཚོ་གནས་ཡར་རྒྱས་སུ་གཏོང་བའི་རེ་འདུན་བཅངས་ཏེ་ལས་འགུལ་གྱི་རྒྱང་འབོད་དེ་ཙམ་གྱིས་ཀྱང་ཡིད་སེམས་ཅིག་ཅར་དུ་འཕྲོག རང་གི་ཁེ་བཟང་གི་ཕྱིར་ཏུ་འབྱོར་འབྲིང་གྲལ་རིམ་པ་ཚོས་ཀྱང་ལས་འགུལ་དེར་རྒྱབ་སྐྱོར་ཤུགས་ཆེར་མཛད། ཐེངས་འདིའི་ལས་འགུལ་དེས་ཆོས་ལུགས་ཆོ་གའི་དབར་དྲག་པོའི་ཟིང་འཁྲུག་བསླངས་ཡོད་རུང་། རྒྱལ་ཁབ་གང་དེའི་མ་རྩ་རིང་ལུགས་ཀྱི་སྲིད་གཞུང་གིས་དེ་ལ་དཀྱེལ་ཡངས་བཟོད་བསྲན་གནང་འདུག།རྒྱུ་མཚན་ཁོ་ཚོ་ཚང་མས་མཐུན་མོང་གི་དགྲ་བོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ངལ་རྩོལ་པར་འཐབ་རྩོད་གནང་གི་ཡོད་པས་དང་། དེ་ཡང་སྤྱིར་བཏང་གི་ཚོགས་ཆུང་ཞིག་ནས་རིམ་གྱིས་རྒྱལ་ཁབ་ཅིག་གི་སྲིད་གཞུང་དུ་གྱུར་ཏེ་བཟོ་བའི་སྒྲིག་འཛུགས་ལ་རྡུང་རྡེག་དང་ཁ་གཏད་ཤོག་ཁག་ཚང་མར་འཇིགས་རྔམ་བསྐུལ།
   དེའི་རྐྱེན་སྔོན་ཐོན་ཅན་གྱི་སྤྱི་ཚོགས་རིང་ལུགས་དང་ཧམ་འཛུལ་བྱེད་པའི་མ་རྩ་རིང་ལུགས་ཀྱི་གྲལ་རིམ་གཉིས་དབར་གྱི་འགལ་བ་ཛ་དྲག་ཏུ་གྱུར་བ་དང་བསྟུན། ཧྥ་ཤི་སི་རིང་ལུགས་མངོན་འགྱུར་བྱུང་།
སྤྱི་ཚོགས་ཀྱི་ཟིང་འཁྲུག་དེའང་ཕན་ཚུལ་དབར་གོ་ནོར་ཐེབས་པ་ཞིག་མ་ཡིན་པར། དེ་ནི་རང་བྱུང་གི་འཁྲུག་རྩོད་ལ་མཐོང་ཆེན་མཛད་ཅིང་དེང་གི་ང་ཚོའི་སྤྱི་ཚོགས་འཚོ་བར་མོས་འདུན་སྣ་ཚོགས་བཅངས་པ་ལས་བྱུང་།
རྩོད་རྙོག་འདི་རིགས་རྒྱ་ཡན་དུ་བཏང་བ་ཙམ་གྱིས་གནད་དོན་གང་ཡང་ཐག་གཅོད་ཐབས་མེད། མི་མང་པོ་ཞིག་གིས་དེང་གི་སྤྱི་ཚོགས་ཀྱི་ཁེ་ཕན་སྣ་ཚོགས་རྟོགས་པ་དང་སྐབས་དེའི་སྲིད་ཇུས་ལམ་ལུགས་འོག་དཀའ་སྡུག་མྱོང་གི་ཡོད་ལ། ཡང་འགའ་ཤས་ཤིག་ཉེ་བའི་ཆར་རང་ཉིད་ལ་ཐོབ་པར་འོས་པའི་ཁེ་དབང་དག་ཀྱང་མཐུས་འཕྲོག་བྱས་སོང་བས་ལན་འདུག།
   སྒེར་བདག་གྲལ་རིམ་པ་ཚོས་རང་ཉིད་ལ་ཐོབ་པའི་ཁྱད་དབང་དག་གཞར་ཡང་འདོར་རྩིས་མེད་སྟབས། གྲལ་རིམ་ཁག་གི་འགལ་བ་དེའང་དྲག་སྤྱོད་ཀྱི་ངོ་བོར་གྱུར་ཅིང་། དུས་ཡུན་རིང་པོ་ཞིག་ལ་མ་རྩ་རིང་ལུགས་པ་ཚོས་ངལ་རྩོལ་མི་མང་ལ་གཉའ་གནོན་དང་སྲིད་ཀྱི་དབང་ཤུགས་འཛིན་རྒྱུར་མང་གཙོའི་རྩ་འཛུགས་ཁག་བེད་སྤྱད་དེ་མང་གཙོ་དར་རྒྱས་སུ་བཏང་། ཡིན་ཡང་། བྱ་འགུལ་དེ་ལེགས་འགྲུབ་འབྱུང་མི་སྲིད་པས་ན། མ་རྩ་རིང་ལུགས་པ་ཚོས་མང་གཙོའི་རྩ་འཛུགས་རྨང་ནས་དོར་དེ་སྒོ་འཕར་ཡངས་བར་ཕྱེས་པའི་ཧྥ་ཤི་སི་རིང་ལུགས་ཀྱི་འཇིགས་སྐུལ་དང་དྲག་སྤྱོད་ཀྱི་ལག་ཐབས་སྤྱད་པ་རེད།
   ང་ཡིས་སེམས་ན། ཨུ་རུ་སུ་རྒྱལ་ཁབ་ཁོ་ན་མ་གཏོགས་ཡོ་རོབ་གླིང་དུ་ཧྥ་ཤི་སི་རིང་ལུགས་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་མཐར། འཇར་མན་རྒྱལ་ཁབ་ཏུ་རྒྱལ་ཁ་ཆེན་པོ་ཐོབ་ཅིང་། ཐ་ན་རང་རྒྱལ་ནང་རྒྱུན་པར་ཧྥ་ཤི་སི་རིང་ལུགས་ལག་ལེན་དུ་བཏབ་པ་རེད། འཛམ་གླིང་གར་སྟེགས་སྟེང་གི་ཉི་མ་དེ་རིང་གི་ཧྥ་ཤི་སི་རིང་ལུགས (མ་རྩ་རིང་ལུགས་ཀྱི་ཆེས་མཇུག་མཐའི་རེ་ལྟོས་བཅོལ་ས་ཡིན) ནི་གུང་ཁྲན་རིང་ལུགས་དང་གདོང་ཐུག་བྱུང་ཡོད།
   ཡིན་ནའང་གཞན་གྱི་ལྟ་ཚུལ་ཙམ་མ་ཡིན་པར་དྲང་པོར་བརྗོད་ན། ཧྥ་ཤི་སི་རིང་ལུགས་ཀྱིས་འཛམ་གླིང་ཧྲིལ་བོར་གནོད་འཚེ་ཚབས་ཆེན་ཐེབས་པའི་དཔལ་འབྱོར་ཉམས་གུད་ཀྱི་དཀའ་སྡུག་ཙམ་ཡང་སེལ་མ་ཐུབ་མེད་པའི་ཁར། དྲག་ཤུགས་དང་བཙན་ཤེད་ཆེ་བའི་མི་རིགས་རིང་ལུགས་ཀྱི་ལངས་ཕྱོགས་བཟུང་སྟེ་ཞི་བདེ་མཉམ་གནས་ཀྱི་སྤྱི་ཚོགས་སུ་ཁ་ཕྱོགས་པའི་འཛམ་བུ་གླིང་གི་ཁ་གཏད་དུ་འགྲེངས་ཤིང་། གསར་དར་གྱི་མ་རྩ་རིང་ལུགས་ཉམས་རྒུད་དུ་གྱུར་བར་འཁོན་སེམས་འཆང་བ། དུས་དང་རྣམ་པ་ཀུན་ཏུ་གཡུལ་འཁྲུག་གི་ཉེར་ལེན་དུ་སོང་བའི་མི་རིགས་ཕན་ཚུན་དབར་གྱི་ཕྱོགས་འགལ་གྱི་ལྟ་བར་ཤུགས་སྣོན་རྒྱག་པ་བཅས་བྱེད་དོ།།
 
ཟུར་མཆན།
1བྷེ་ནཱེ་ཐའོ.མཱོ་སཱོ་ལེ་ནཱེ (Benito Mussolini) ནི་ཨེ་ཌ་ལེའི་གསར་འགོད་པ་དང་སྲིད་དོན་པ། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཧྥ་ཤི་སི་རིང་ལུགས་ཀྱི (Fascist) སྲིད་ཚོགས་བཙུགས་ཤིང་སྤྱི་ལོ 1922 ནས 1943 དབར་དངོས་སུ་རྒྱལ་སྲིད་བསྐྱངས་པར་བཞེད།
2(Riffs) རཱེ་ཧྥེ་སི་ཞེས་པ་མའོ་རཱོ་ཁཱོའི (Morocco) ནུབ་རྒྱུད “རཱེ་ཧྥེ་སི་རི་ཀླུང” (Riff mountains) དུ་འཚོ་ཞིང་གཞེས་པའི་མི་རྒོད་ཀྱི་ཚོ་བ་ཞིག་ཡིན་པར་བཞེད་ཅིང་། ཚོ་ཁག་འདི་ཉིད་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྒོལ་བའི་མི་རིགས་ཤིག་ཡིན་སྟབས་ཧྥ་རན་སི་དང་སི་པན་རྒྱལ་ཁབ་གཉིས་ཀྱི་དབང་སྒྱུར་སྐབས་ཧྥ་དམག་ལ་འཇབ་རྒོལ་གྱིས་ཆམ་ལ་ཕབས་པར་གྲགས།
3འདིར་ཧིན་རྡི་དང་རྒྱ་ནག (Indo—china) ནི་ཧྥ་རན་སིའི་དབང་སྒྱུར་སྐབས་ཀྱི་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་སྟེ། འབར་མ་དང་ཐཱེ་ལན་ཌི། ལཱོ་སི། (Laos)  མ་ལཱེ་ཞའི་ཡཱ། ཁཱམ་བྷོ་ཌི་ཡཱ། ཝེ་ཌི་ནཱམ། བཅས་སུ་བཞེད་ཅིང་། དམིགས་སུ་ས་གཤིས་རིག་པ་ལྟར་ན་གོང་གི་རྒྱལ་ཁབ་འདི་དག་ལཱོ་སི་ཞེས་བའི་དབུས་ཁུལ་དུ་གཏོགས་པར་གྲགས།
4མཱ་ཛི་ཛེ་ནཱེ (Mazzini) མཆོག་ནི་ཨཱི་ཌ་ལེའི་མི་རིགས་རིང་ལུགས་ཀྱི་འགོ་ཁྲིད་དང་ཨཱི་ཌ་ལེའི་མི་རབས་གསར་བའི་རྒྱལ་གཅེས་ལས་འགུལ་གྱི་སྲོལ་བཏོད་མཁན། ཨཱི་ཌ་ལེ “མི་དམངས་ཆིག་སྒྲིལ་དང་རྒྱལ་ཁབ་རང་བཙན་ལས་འགུལ” (Risorgimento) གྱི་དབུ་ཁྲིད་བཅས་ཡིན།

                           སྤྱི་ལོ 1933 ལོའི་ཟླ 6 ཚེས 22 ཉིན་སྦྱར།
                              ༼ན་བུན་གྱིས་ཨིན་ཡིག་ལས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲིད་དབང་མང་གཙོ་དང་སྒེར་གཅོད།༼ཁག་དྲུག་པ༽

2013-08-19 སྲིད་འཛིན་ནཱེ་རཱོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།