གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡེ་ཚིའི་སྙན་ངག་ཚན་པ་བདུན།

2013-05-23 11:59:00 ཡེ་ཚི། ཀློག་གྲངས། མཆན ཡོད།

          ལྕང་རའི་ནང་དུ།

དེ་སྔ་ལྕང་རའི་ནང་དུ་ང་དང་སྙིང་ཉེ་བའི་མི་འཕྲད་པ་ཡིན།
ཁོ་མོའི་དཀར་འཇམ་གྱི་ཞབས་པད་ཆུང་ངུ་དེ་ལྕང་ར་ལས་ཐལ་སོང་།
ཁོ་མོས་ང་ལ། བརྩེ་དུང་དེ་སྡོང་ལོ་ལྗང་ཁུ་དེ་ནང་བཞིན་ཅུང་ཕལ་བ་ཞིག་ཏུ་བལྟ་རོགས་ཟེར།
འོན་ཀྱང་ང་རང་ལོ་ན་གཞོན་ཅིང་གླེན་པ་ཚ་བས་ཡིད་འཐད་མ་བྱས།

སྙིང་ཉེ་བའི་མི་དང་ངེད་གཉིས་གཙང་བོའི་འགྲམ་གྱི་རྩྭ་ཐང་དུ་བསྡད།
ཁོ་མོས་དཀར་འཇམ་གྱི་ལག་པ་ང་ཡི་སྔོན་ལ་གཟིར་བའི་ཕྲག་སྟེང་ལ་བཞག
ཁོ་མོས་ང་ལ།  མི་ཚེ་དེ་དུར་སའི་སྟེང་གི་རྩྭ་ལྗང་དེ་ནང་བཞིན་ཅུང་ཕལ་བ་ཞིག་ཏུ་བལྟ་རོགས་ཟེར།
འོན་ཀྱང་ང་རང་ལོ་ན་གཞོན་ཅིང་གླེན་པ་ཚ་བས་དུས་དེ་རིང་མིག་ཆུ་ནི་རླབས་བཞིན་འབྱུང་།

            རྨི་ལམ་དུ་འཆི་བ་རྨིས་པ།
ངས་རྨི་ལམ་དུ་མི་ཞིག་གཞན་ཡུལ་ནས་ཚེ་ལས་འདས་པ་རྨིས་སོང་།
གམ་དུ་རྒྱུས་ཡོད་ཀྱི་མི་གཅིག་ཀྱང་མི་འདུག
ཤིང་ལེབ་ཅིག་གིས་ཁོ་མོའི་ཞལ་རས་བཀབ་ཅིང་།
གནས་དེའི་ཞིང་བ་རྣམས་ཀྱིས།
ཁོ་མོའི་དུར་སའི་སྟེང་དུ་ཤིང་དུམ་གཉིས་བསྣོལ་བའི་རྒྱ་གྲམ་ཞིག་བསླངས་ཏེ།
ཕྱོགས་བཞིར་རྒྱ་ཤུག་གི་སྡོང་བོ་བཙུགས་ནས།
ཁོ་མོ་དང་སྟེང་ཕྱོགས་ཀྱི་མཛའ་བརྩེ་མི་ཤེས་པའི་སྐར་མའི་ཚོགས་ཉིད།
ཕན་ཚུན་གྱི་གྲོགས་སུ་བསྟེན་དུ་བཅུག
དེ་ལྟར་བདག་གིས་ཡིག་འབྲུ་འདི་དག་འབྲི་བའི་བར་དུ་སྟེ།
ཁོ་མོ་ནི་ཁྱོད་ཀྱི་ཆེས་ཐོག་མའི་བརྩེ་བ་ལས་ཀྱང་མཛེས་ཤིང་།
དུས་ད་ལྟ་རོ་སྒམ་ནང་གཉིད་དུ་ཡུར།
 
             གྱོན་གོས་ཤིག
ངས་གླུ་གཞས་ལ་གྱོན་གོས་ཤིག་བཟོས་ཤིང་།
རི་མོ་དང་ནོར་བུ་དང་མུ་ཏིག་སོགས་ཀྱིས་བརྒྱན་ཡོད།
དེ་ཡང་གནའ་བོའི་ལྷ་སྒྲུང་ལས་བླངས་པ་ཡིན་ལ།
མགོ་ནས་རྐང་བའི་བར་ཁེབས་པ་ཞིག་བཟོས་ཡོད།
གླེན་པ་རྣམས་ཀྱིས་དེ་ཉིད་འཕྲོག་ཅིང་།
རང་ཉིད་ཀྱིས་བཟོས་པ་ནང་བཞིན།
རང་གི་ལུས་ལ་གྱོན་ནས་འཇིག་རྟེན་དུ་ངོམ་ངོམ་བྱེད།
གླུ་ཀྱེ།  ཁོ་ཚོར་འཁྱེར་དུ་ཆུགས་ཤིག
གཅེར་བུར་བུད་ནས་སོང་ན།
སྔར་བས་རྣམ་རིག་དང་སྤོབས་པ་ལྡན་ནོ།།

 
           ཁཱེར་ན་ནོའི་[1]ནགས་བྱི་ཞིག་ལ་ཕུལ་བ།
ཤོག  ང་དང་མཉམ་དུ་རྩེ་མོ་རྩེ་བར་ཤོག
ཁྱོད་རང་གཡོ་ཞིང་འཁྱོམས་པའི་ནགས་ཚལ་དེར་འཛུལ་དོན་ཅི།
ངས་བོའུ་བཟུང་ནས་ཁྱོད་རང་གསོད་རྩིས་ཡོད་པ་དང་འདྲའམ།
ངས་སྒྲུབ་འདོད་པ་ནི།
ཁྱོད་ཀྱི་མགོ་བོར་འཕྲུག་འཕྲུག་འགའ་བྱས་རྗེས།
ཁྱོད་རང་འགྲོ་རུ་འཇུག་རྒྱུ་དེའོ།།

          རྒན་པའི་ཆེད་དུ་གསོལ་བ་འདེབས་པ།
འཇིག་རྟེན་བྱེད་པོས་བདག་ལ་དྲན་ཚུལ་འདི་དག་སྐྱེས་སུ་མི་འཇུག་རོགས།
མི་རྣམས་ཀྱིས་ཀླད་པ་ཁོ་ནས་མནོ་བསམ་གཏོང་ཞིང།
རྟག་བརྟན་གྱི་གླུ་ལེན་པའི་མི་དེས་རྐང་གི་ནང་ནས་བསམ་གཞིག་བྱེད།
ང་རང་བློ་གྲོས་ལྡན་པའི་རྒས་འཁོགས་ཤིག་ཏུ་གྱུར་ནས།
ཀུན་གྱིས་བསྟོད་བསྔགས་བྱེད་དུ་མི་འཇུག་རོགས།
ང་ཇི་འདྲ་ཞིག་ཏུ་གྱུར་ནའང་།
གླུ་ཡི་ཆེད་དུ་གླུ་ལེན་པའི་གླེན་པ་ཞིག་ལ་བསྡུར་ཐབས་ཡོད་དམ།
ངས་གསོག་གསོབ་ཀྱི་སྐད་ཆ་དག་ཕར་གཡུགས་ཤིང་།
གསོལ་འདེབས་ཀྱི་ཡི་གེ་དེ་སླར་ཡང་ཕྱིར་འབྱོར་བར་སྨོན།
ང་རང་རྒས་ནས་འཆི་དགོས་ནའང་།
བླུན་རྨོངས་དང་ཚོར་ཤེས་ཤུགས་དྲག་པའི་མི་ཞིག་དང་འདྲ་བར་སྨོན་ནོ།།

 
          འཁོར་ལོ།
དགུན་ཟླའི་ཚེ་ན་ང་ཚོས་དཔྱིད་ཀ་འབོད་པར་བྱེད་ཅིང་།
དཔྱིད་ཀའི་དུས་སུ་ང་ཚོས་དབྱར་ཁ་བསླེབ་པར་རེ།
ཚང་ཚིང་གི་ནགས་ཚལ་གཡོ་འགུལ་གྱི་སྒྲ་ཆེན་སྒྲོག་དུས།
ཡང་ལེགས་པའི་ནང་གི་མཆོག་གྱུར་དེ་དགུན་ཁ་ཡིན་རབས་སྨྲ།
དེ་ནས་བཟུང་ལེགས་པོ་ཞིག་མེད་དེ།
དཔྱིད་ཀ་ད་དུང་མ་བསླེབས་པས་དང་།
ང་ཚོའི་ཁྲག་རྒྱུན་ལ་འགལ་རྐྱེན་བཟོ་མཁན་དེ།
དུར་སར་བཅངས་པའི་འཁྲེང་ཞེན་ཙམ་ཡིན་པའང་མི་ཤེས་པས་སོ།།

           དུས་ཚོད་ཀྱི་རྒྱ་གྲམ་སྟེང་གི་རྒྱ་སེ་[2]ལ་ཕུལ་བ།
བདག་དང་སྐྱེ་བ་གཅིག་ལ་འགྲོགས་པའི་རྒྱ་སེ། ཁེངས་རློམ་གྱི་རྒྱ་སེ། སྐྱོ་གདུང་གི་རྒྱ་སེ།
བདག་གིས་གནའ་བོའི་འཚོ་བ་གླུ་རུ་ལེན་དུས།  ག་ལེར་ཕེབས་ཤོག
དྲག་རྩུབ་ཀྱི་མཚོ་རླབས་ལ་འཐབ་པའི་དཔའ་རྟུལ་ཁོའུ་ཧུའུ་ལེན།[3]
སྐྲ་ལོར་སེ་མདའ་ལྷུང་ཞིང་མིག་མདངས་ལྷུན་ཆགས་པ།
ནགས་ཚལ་གྱིས་བསྐྱངས་པའི་མཆོད་དཔོན་ཁོང་གིས།
ཧྥི་ལོ་ཟི་ལ་རྨི་ལམ་དང་མཐའ་མེད་པའི་ཆག་སྒོ་བསྐྲུན་པར་བྱས།[4]
ཁྱོད་རང་གི་སྐར་ཚོགས་རྒས་ཚུལ་སྐོར་གྱི་སྐྱོ་གདུང་གིས།
ཤིང་གི་འདྲུད་ལྷམ་དངུལ་མདོག་ཅན་དེ་གྱོན་ནས་རྒྱ་མཚོའི་སྟེང་བྲོ་གར་རྩེ་ཞིང་།
ཁོ་ཚོའི་གསེང་མཐོ་ལ་ཁེར་རྐྱང་ཡིན་པའི་དབྱངས་རྟ་དེ་འཐེན་པར་བྱེད།
ཕེབས་ཤོག  མིའི་རིགས་ཀྱི་ལས་དབང་གི་ཆེད་དུ་མགོ་བོ་མ་འཐོམ།
བདག་གིས་དུང་བ་དང་སྡང་བའི་ལྕུག་ཕྲན་གྱི་འོག་ཏུ།
སྙིང་རྗེ་ཞིང་ཉི་མ་གཅིག་གི་ཚེ་ཚད་ལས་མེད་པའི་གླེན་གོག་དག་གི་ཁྲོད་དུ།
རྟག་བརྟན་གྱི་མཛེས་པ་ཉིད་མུ་ནས་མུ་རུ་མདུན་དུ་ཕྱོགས་པ་ཤེས་ཡོད།
ཕེབས་ཤོག   ཕེབས་ཤོག   ཕེབས་ཤོག་ཡ།
བདག་ལ་རྒྱ་སེའི་བསུང་ཞིམ་གྱིས་ཁྱབ་པའི་བར་སྟོང་ཞིག་འཇོག་རོགས།
དེ་མིན་ཕལ་བའི་བྱ་དངོས་དག་གི་རེ་བའི་སྐད་འབོད་མ་ཐོས་ན་ཅི་བྱ་སྟེ།
ཁུང་བུ་ཆུང་ངུར་སྦས་པའི་ཉམ་ཆུང་གི་འབུ་སྲིན་དང་།
བདག་གི་འགྲམ་གྱི་སྤང་ཐང་ནས་བྲོས་པའི་བྱི་བ་དག་གིའོ།།
མིའི་རིགས་ཀྱིས་ཚུལ་དེར་འབད་འབུངས་བྱས་པའང་སྔོན་གྱི་རེ་བ་ལྕི་ཤོས་ཙམ་ལས་མ་འདས་ལ།
དེ་ཡང་དོན་དག་མཚར་བོ་དེ་དག་ལ་མཉན་འདོད་ཙམ་མོ།།
འཇིག་རྟེན་བྱེད་པོས་འདས་པོ་རྣམས་ཀྱི་གསལ་རིག་གི་རྣམ་ཤེས་ལ་མཉན་བྱ་སྨྲས་ཤིང་།
མི་རྣམས་ཀྱིས་མི་ཤེས་པའི་དབྱངས་རྟ་བསླབས།
ཕེབས་ཤོག  ང་རང་འདི་ནས་མ་གྱེས་པའི་སྐབས་འདིར།
བདག་གིས་གནའ་བོའི་ཨེར་ལན་དང་གནའ་བོའི་གཏམ་རྒྱུད་གླུ་རུ་ལེན་དགོས།
བདག་དང་སྐྱེ་བ་གཅིག་ལ་འགྲོགས་པའི་རྒྱ་སེ། ཁེངས་རློམ་གྱི་རྒྱ་སེ། སྐྱོ་གདུང་གི་རྒྱ་སེ།

 
བསྒྱུར་མཆན།
[1] ཁཱེར་ན་ནོ། ཁུག་ཨར་གཞིས་ཀའི་མཐའ་འཁོར་གྱི་ནགས་ཚལ་བདུན་གྱི་ཡ་གྱལ་ཞིག
[2] ཡེལ་ཚིའི་སྙན་ངག་གི་ནང་དུ་རྒྱ་སེ་ལ་རྙོག་འཛིང་གི་མཚོན་རྟགས་ཀྱི་གོ་དོན་ལྡན་ཏེ། རྒྱུན་པར་རྟག་བརྟན་གྱི་བསམ་བློའི་མཛེས་པ་ཡི་
དཔེ་རུ་བྱེད་ཅིང་། མཚམས་རེར་ཨེར་ལན་གྱི་ངོ་མཚར་བའི་གཏམ་རྒྱུད་ནང་གི་གནའ་བོའི་དཔའ་བོ་དང་།  ཡེལ་ཚི་ཁོང་གིས་མོའོ་ཐུ་ཀང་
ལ་བཅངས་པའི་བརྩེ་དུང་གི་དཔེ་རུའང་འགོད།  རྒྱ་གྲམ་ནི་དཀའ་སྡུག་གི་དཔེའོ།།
[3] ཁོའུ་ཧུའུ་ལེན། ཨེར་ལན་གྱི་ངོ་མཚར་བའི་སྒྲུང་གི་ནང་གི་རླབས་ཆེ་བའི་དྲག་རྩལ་བ།
[4] ཧྥི་ལོ་ཟི། ཨེར་ལན་གྱི་ངོ་མཚར་བའི་སྒྲུང་གི་ནང་གི་ཨེར་ལན་བྱང་མའི་རྒྱལ་བོ། གཞན་གྱིས་གཡོ་ཇུས་ལ་བརྟེན་ནས་རྒྱལ་ས་འཕྲོག་པས་ནགས་
ཚལ་དུ་གབ་སྡོད་བྱས་པ།
                                    ༼འཆིང་གྲོལ་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།