གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་རྒྱུས་ཀྱི་བསླབ་བྱ།

2013-03-21 12:57:00 སྲིད་འཛིན་ནཱེ་རཱོ། ཀློག་གྲངས། མཆན ཡོད།

  སྙིང་ཉེ་བའི་བུ་མོ་ལགས། ངས་ཁྱོད་ལ་ཅི་ཞིག་འབྲི་འོས་སམ། སེམས་ནང་གི་སྐད་ཆ་འདི་དག་ངས་གང་ནས་འགོ་བཙུགས་ཏེ་འཆད་དམ། ངས་འདི་ལྟར་འདས་དོན་ལ་བསམ་བློ་གཏོང་དུས། ཕྱིར་འདང་ཁྲོད་ཀྱི་དྲན་སྣང་མང་པོ་ཞིག་ངའི་ཡིད་ངོར་འཚང་འོང་གི་འདུག།ཡང་དྲན་ཚོར་ཁ་ཤས་ཤིག་ངའི་སེམས་པའི་སྣང་ངོར་འཇགས་ནས་ཡུན་རིང་སོང་། དྲན་པའི་ཚོར་བ་འདི་དག་ལ་ང་ནི་ཤིན་ཏུ་མོས་ཏེ་བསམ་མནོ་གཏོང་འགོ་བརྩམས་ཤིང་། སྣང་མེད་ངང་ངས་སྔོན་བྱུང་གི་ལོ་རྒྱུས་ཡོད་ཚད་དེ་རིང་གི་དངོས་ཡོད་གནས་ཚུལ་དང་སྡུར་བཞིན། དེ་དག་གི་གསེང་ནས་རང་ཉིད་ལ་ལམ་སྟོན་བསླབ་བྱ་རེ་འཚོལ་གྱིན་ཡོད། ཡིན་ཡང་། མིའི་སེམས་ནི་ཇི་འདྲའི་རྒྱུས་མངའ་མེད་ཅིང་གོ་རིམ་འཆོལ་བ་ཞིག་རེད་ཨང་། གཏད་སོ་མེད་ལ་སྟོང་བསམ་གྱི་འཆར་ཡན་འདི་དག་ནི་སྒྲིག་རིམ་འཆོལ་བའི་པར་སྒྲོམ་ཞིག་ཏུ་འདྲ་ཡང་། ནོངས་པ་དེ་ང་རང་ཚོ་ཁོ་ན་ལན་པའང་མིན་ལས་ཆེ། ང་ཚོ་མི་མང་ཆེས་ཤོས་ཤིག་བྱ་གཞག་གང་ལ་གཞོལ་རུང་དེ་ལ་རང་སེམས་ནས་གྲ་སྒྲིག་ཚགས་སུ་ཚུད་པ་བྱེད་ནུས། འོན་ཀྱང་དོན་དག་ལ་ལ་ཞིག་སྐབས་རེར་དོན་དག་རང་ངོས་ནས་ང་ཚོའི་འཆར་བཀོད་ནང་བཞིན་འགྲུབ་དཀའ།
  ཐེངས་ཤིག་ངས་ཁྱོད་རང་ལ་ལོ་རྒྱུས་རྟོག་དཔྱོད་ཀྱིས་ང་ཚོར་གོ་ལ་ཟླུམ་པོ་འདི་བལྟོས་བཅས་ཀྱིས་ཤིན་ཏུ་དལ་བར་སྣང་མོད།དོན་ལ་དར་ཞིང་རྒྱས་ཚུལ་དང་། ཆེས་ཐོག་མའི་དུད་འགྲོ་ཕལ་བ་ཞིག་ཧ་ཅང་རྙོག་ཟིང་ནས་ཆེས་ཡར་ཐོན་གྱི་སེམས་ཅན་ཞིག་ཏུ་ཅི་ལྟར་འཕེལ་བའི་གོ་རིམ་དང་། མཐར་སེམས་ཅན་འདི་དག་གི་བདག་པོ་སྟེ་མི་ལ་ཅི་ལྟར་འགྱུར་ཚུལ། ཡང་བདག་པོ་དེས་རང་གི་བློ་གྲོས་ལ་བརྟེན་ནས་སེམས་ཅན་གཞན་དག་དབང་འོག་ཏུ་ཅི་ལྟར་བཙུད་པ་སོགས་བྲིས་ཡོད་སྙམ། ཀླ་ཀློའི་སྤྱོད་ཚུལ་ནས་རིག་གནས་དཔལ་ཡོན་དབར་མི་ཞིག་ནར་སོན་པའི་གོ་རིམ་དེ་ལོ་རྒྱུས་ཀྱི་བརྗོད་སྙིང་ཞིག་ཏུ་འདོད་བྱུང་། ཐེངས་སྔོན་མའི་འཕྲིན་ཡིག་ཁ་ཤས་ནང་དུ་ངས་ཁྱོད་རང་ལ་ཕན་ཚུན་རོགས་རེས་སམ། མཉམ་འབྲེལ་བྱ་བའི་འདུ་ཤེས་དེ་ཅི་ལྟར་སྐྱེས་ཚུལ་དང་། དེ་འདྲའི་འདུ་ཤེས་ཤིག་ཡིད་ལ་བརྣགས་ཏེ་ང་ཚོས་སྤྱི་དམངས་ཀྱི་བདེ་དོན་ལ་ཅི་ལྟར་གཞོལ་དགོས་ཚུལ་སོགས་ཁྲིད་སྟོན་གང་ཐུབ་བྱས་ཡོད། འོན་ཀྱང་སྐབས་དང་སྐབས་སུ་ལོ་རྒྱུས་ཀྱི་ཟབ་ཡངས་ལ་བལྟས་པ་ན། དེ་འདྲའི་བསམ་བྱ་ཞིག་དར་རྒྱས་ཀྱི་ཉེར་ལེན་དུ་འགྲོ་བའམ། ཡང་ན་ང་ཚོ་རིག་གནས་དཔལ་ཡོན་ཅན་དང་སྤྱི་ཚོགས་ཡར་ཐོན་ཅན་ལ་བསྐུལ་ཐུབ་ཟེར་ན། ང་རང་གཏན་ནས་ཡིད་ཆེས་ཐབས་མི་འདུག།དེང་གི་མི་ཡིས་མི་བྲན་དུ་བཀོལ་བ་དང་། རྒྱལ་ཁབ་བམ་མིའི་རིགས་ཀྱི་བདག་འཛིན་ཆེ་དྲགས་པས། རང་ཉིད་འདྲ་བའི་འགྲོ་མི་ཉམ་ཆུང་དག་ལ་བཙན་རྒོལ་དང་གཉའ་གནོན་བྱེད་པའི་ཐད་ནས་མཉམ་འབྲེལ་གྱི་དགོས་མཁོ་ཡོངས་སུ་སྐོང་ཐུབ་པ་བྱུང་འདུག།གལ་ཏེ་ཡོད་ཚད་ཡར་ཡར་རྒྱས་ཏེ་ལོ་ངོ་ས་ཡ་མང་པོ་ཞིག་ཆས་རུང་། འོ་སྐོལ་ཚོ་ད་དུང་མར་མར་ལྷུང་ཞིང་རང་རྐྱ་འཕེར་བའི་རང་མགོ་ཡང་མི་ཐོན་པར་གདའ་ན། ང་ཚོ་གནས་ལུགས་སམ་ཚུལ་མཐུན་གྱི་སྐྱེས་བུ་ཞིག་ལྟར་འཚོ་བ་ལ་ད་དུང་མི་ལོ་ག་ཙམ་དགོས་སམ། སྐབས་རེར་ང་ཚོས་སྔོན་བྱུང་ལོ་རྒྱུས་ཀྱི་དུས་སྐབས་བཀླགས་ཚེ། དེ་ནི་རིག་གནས་གོམས་གཤིས་སོགས་ཕྱོགས་གང་ཐད་ནས་དེ་རིང་གི་ང་ཚོའི་གནས་བབས་འདི་ལས་ལེགས་པར་མཐོང་ཞིང་། གདོད་མའི་དུས་སྐབས་སུ་རང་རྒྱལ་དུའང་གཟི་འོད་འབར་བའི་དུས་རབས་མངའ་ན། དེ་ཡང་ཉི་མ་དེ་རིང་གི་ང་ཚོའི་གནས་སྟངས་འདི་ལས་ཤིན་ཏུ་ངོ་མཚར་བ་ཞིག་ཡིན་པ་བདེན་མོད། དོན་ལ་ང་ཚོའི་འཇིག་རྟེན་འདི་ཉིད་ཡར་དང་མར་གང་ཞིག་ཏུ་འཁོར་གྱི་ཡོད་མེད་ལ་ང་རང་དོགས་པ་སྐྱེས་བྱུང་།
  གནའ་བོའི་གྷེ་རི་སི་དང་ཨེ་ཇིབ། རྒྱ་ནག་དང་རྒྱ་གར་སོགས་རྒྱལ་ཁབ་མང་པོ་ཞིག་གི་ནང་འོད་སྟོང་རབ་ཏུ་འབར་བའི་དུས་རབས་ཡོད་མྱོང་བ་བདེན་པར་འཁུམས་མོད། དེང་གི་དུས་སུ་རྒྱལ་ཁབ་འདི་དག་གི་ཁྲོད་ཀྱི་ཁག་ཅིག་རྗེས་ལུས་དང་ཉམས་གུད་དུ་ཕྱིན་ཡོད། འོན་ཏེ་གནས་བབས་འདི་ཙམ་ལས་ང་ཚོའི་རང་རྟོན་རྦད་དེ་བརླགས་སོང་བ་ཞིག་ག་ལ་ཡིན། འཛམ་གླིང་ཡངས་པའི་ཁྱོན་འདིར་རྒྱལ་ཁབ་གང་ཞིག་ཡིན་རུང་། དར་བ་ནས་རྒྱས་པ་དང་། སླར་ཡང་རྒྱས་པ་ནས་ཉམས་རྒུད་དུ་གྱུར་པ་འཛམ་གླིང་ཁྱོན་ཡོངས་དང་བསྡུར་ན་ཧེ་བག་དེ་ཙམ་ཡོད་མི་སྲིད།
  དེང་གི་དུས་སུ་མི་མང་པོ་ཞིག་གིས་རང་རེའི་ངོ་མཚར་བའི་ཚན་རིག་ལག་རྩལ་དང་རིག་གནས་དཔལ་ཡོན་ནི་རང་གི་ང་རྒྱལ་ཞིག་ཏུ་རློམ་ཆོག་ཆོག་བྱེད་པ་དེ་འོས་ཤིང་འཚམ་པ་ཞིག་ཡིན། དེང་དུས་ཀྱི་ཚན་རིག་ལག་རྩལ་ནི་དངོས་གནས་མིའི་བློ་ཡིད་ལས་འགོངས་པ་ཞིག་ཡིན་སྟབས། རླབས་ཆེ་བའི་ཚན་རིག་པ་དག་ལ་ཀུན་གྱིས་གཟེངས་སུ་བསྟོད་པར་ཡང་རིན་ཐང་དེ་ཙམ་མངའ་མོད། མི་འདི་རིགས་ཀྱིས་ང་རྒྱལ་དུ་རློམ་པའི་གཟི་རྔམ་དེ་སྐད་ཅིག་མའི་ཡུན་ཙམ་ལས་མི་འདའ་ན། ང་རང་ཚོ་ཐོག་མར་སྲོག་ཆགས་རིགས་ཤིག་ལས་རིམ་གྱིས་དར་ཞིང་རྒྱས་པའི་གོ་རིམ་དེའང་དྲན་ན་ལེགས།
  ད་དུང་ཡང་དེང་དུས་གོ་རིམ་ངེས་ཅན་ཞིག་གི་ཐད་ནས་སྲོག་ཆགས་ཁ་ཅིག་སྲོག་ཆགས་གཞན་དག་ལས་ཅུང་བླ་རུ་མཐོ་བ་ཞིག་ཡིན་སྲིད་ཀྱང་། ཁྱོད་ཀྱིས<<གྲོག་མ་དཀར་པོ་དང་གཞན་དག>>ཅེས་པའི་བརྩམས་ཆོས་ཁྲོད་ཀྱི<<སྦྲང་མའི་མི་ཚེ>>ཞེས་པའི་གཏམ་རྒྱུད་དེ་བཀླགས་རྗེས། སྲོག་ཆགས་ཕྲ་མོ་འདི་རིགས་ཀྱི་ཕན་ཚུན་རོགས་རེས་ཀྱི་འདུ་ཤེས་ལ་ཁྱོད་རང་ཧ་ལས་པ་ཞིག་བྱུང་ཡོད་ངེས། ང་ཚོས་སྐྱེ་འགྲོ་ཡོངས་ཀྱི་ཁྲོད་དུ་སྐྱེ་བ་ཆེས་དམན་པའི་ཕྲ་ཕུང་གི་སྲོག་ཆགས་འདི་རིགས་ལ་ཞིབ་ཏུ་བརྟགས་ཚེ། ཁོ་པ་ཚོས་ཀྱང་སྤྱི་བའི་བདེ་དོན་སླད་དུ་འགྲོ་བ་མི་ལས་ཀྱང་རང་དོན་ཉི་ཚེ་བ་བློས་བཏང་སྟེ། ཕན་ཚུན་རོགས་རེས་ཀྱི་ལག་རྩལ་ལ་སྦྱངས་པ་མི་དམུན་པ་ཐོབ་ཡོད། ངས་ནི་རང་གི་རིགས་མཐུན་གྱི་ཕྱིར་གཅེས་པའི་སྲོག་ཀྱང་འདོར་བར་སྤོབས་པའི་གྲོག་མ་དཀར་པོའི་གཏམ་རྒྱུད་བཀླགས་ཉིན་ནས་བཟུང་། དེས་རང་སེམས་ཡར་ཐོན་གྱི་བློ་རྒྱ་ཡངས་པོར་བསྐྱེད་བྱུང་།
  གལ་ཏེ་ཕན་ཚུན་རོགས་རེས་དང་སྤྱི་བའི་བདེ་སྡུག་གཙིགས་སུ་འཛིན་པ་ནི་རིག་གནས་དཔལ་ཡོན་གྱི་ཚོད་ལྟའི་ཡིག་རྒྱུགས་ཤིག་ཡིན་པའི་དབང་དུ་བཏང་ན། ང་ཚོས་འདི་ལྟར་གླེང་ན་འགྲིག་སྟེ། གཏམ་རྒྱུད་འདིའི་ཁྲོད་ཀྱི<<གྲོག་མ་དཀར་པོ་དང་གཞན་དག>>ནི་འགྲོ་བ་མིའི་རིགས་ལས་ཀྱང་ཁྱད་དུ་འཕགས་པར་བསྔགས་འོས་པ་ཞིག་ཡིན།
  འོ་སྐོལ་ཚོའི་གདོད་མའི་ལེགས་སྦྱར་སྐད་ཀྱི་བརྩམས་ཆོས་ཁྲོད་དུའང་འདི་འདྲའི་ལེགས་བཤད་ཅིག་ཡོད། དེའི་དོན་འགྱུར་གྱི་བུ་ཡིག་གཤམ་གསལ་ལྟར། "ཁྱིམ་ཚང་གི་དོན་བྱ་གཙིགས་སུ་འཛིན་པ་མི་སྒེར་གྱི་དོན་དུ་ཡིན་ལ། སྤྱི་ཚོགས་ཀྱི་དོན་བྱ་གཙིགས་སུ་འཛིན་པ་ནི་ཁྱིམ་ཚང་གི་ཆེད་དུ་ཡིན། རྒྱལ་ཁབ་ཀྱི་དོན་བྱ་གཙིགས་སུ་འཛིན་པ་སྤྱི་ཚོགས་ཀྱི་ཕྱིར་དུ་ཡིན་ལ། ཚེ་སྲོག་གི་དོན་བྱ་གཙིགས་སུ་འཛིན་པ་ནི་འཛམ་བུ་གླིང་གི་སླད་དུའོ།།"
  ལར་ཚེ་སྲོག་གི་རིན་ཐང་ཇི་འདྲ་ཡིན་པ་ང་ཚོའི་ཁྲོད་ཀྱི་མི་ཁ་ཅིག་གིས་རྟོགས་ཤིང་འཆད་ཀྱང་སྲིད། ང་ཚོ་མི་རེ་རེར་ཚེ་སྲོག་གི་རིན་ཐང་འགྲེལ་སྟངས་མི་འདྲ་བ་རེ་ཡོད་ངེས། ལེགས་སྦྱར་སྐད་ཀྱི་བསླབ་བྱའི་ལེགས་བཤད་འདིས་ང་ཚོར་གོང་དུ་སྨོས་ཟིན་པའི་ཕན་ཚུན་རོགས་རེས་དང་སྤྱི་བའི་དོན་བྱ་གཙིགས་སུ་འཛིན་པའི་བསླབ་བྱ་དེ་ལས་ཀྱང་བླ་ལྷག་ཏུ་གདམས་ཡོད།
  རང་རྒྱལ་ནང་ང་ཚོས་ཆེས་བླ་ན་མཐོ་བའི་ཕུགས་རེ་ཞིག་ཏུ་སྙེག་བའི་ལམ་བུ་དེ་བརྗེད་ནས་ཀྱང་ཡུན་རིང་འགོར། དེ་བས། ང་ཚོ་ནམ་ཡང་ཕམ་ཉེས་བྱུང་བ་རེད། ཡིན་ནའང་ང་ཚོས་དེ་སྔ་བགྲོད་ལམ་དེར་མིག་བཤེར་ཐེངས་གཅིག་བྱས་ཡོད་ལས་ཆེ་སྟེ། རང་རྒྱལ་ནང་སླར་ཡང་རྟོགས་སད་ཀྱི་ཡོ་ལང་རྒྱས་པས་སོ།།
  དེ་ལྟར་དཀའ་སྡུག་དང་མནར་གཅོད་ལ་ཅི་མི་སྙམ་པར། སྐྱེས་པ་དང་བུད་མེད། ཐ་ན་ཆུང་ཆུང་བྱིས་པ་དག་ཀྱང་ཕོ་མོ་དབྱེར་མེད་ལ་སྤྲོ་དགའི་འཛུམ་ཤིག་ཤིག་ཏུ་རང་གི་མེས་རྒྱལ་གྱི་གནད་དོན་ཁུར་དུ་བླངས་ཤིང་མཆིས་པ་འདི་ཇི་འདྲའི་གཟི་བརྗིད་དང་ལྡན་པ་ཞིག་རེད་ཨང་། ཁོ་པ་ཚོ་འཛུམ་དང་སྤྲོ་བས་མྱོས་དོན་ཡང་། ཁོ་ཚོས་གཞི་རྒྱ་ཆེ་བའི་རང་དབང་གི་ལས་འགུལ་ཁྲོད་ཕྱར་བ་གྲུ་འདེགས་བྱེད་པ་མ་གཞི་རང་ཉིད་ཀྱི་ཕྱིར་དུ་ཡིན་པས་དང་། མ་ཟད་ལས་བསོད་བཟང་བའི་མི་འདི་དག་གིས་ད་དུང་སྲོག་གི་དབང་པོ་ཡང་རང་གི་མེས་རྒྱལ་ལ་བསྩལ་ཡོད།
  ཉི་མ་དེ་རིང་ང་ཚོས་རྒྱ་གར་རང་བཙན་བྱ་བ་ལ་འབད་འཐབ་བྱེད་བཞིན་ཡོད་ན། དེ་ཡང་རླབས་ཆེན་གྱི་བྱ་གཞག་ཅིག་ལོས་ཀྱང་ཡིན་མོད། དེ་ལས་ཀྱང་གལ་འགངས་ཆེ་བ་ནི་མིའི་རིགས་ཀྱི་རང་དབང་གི་གནད་དོན་ཡིན་པ་རེད། ཅིའི་ཕྱིར་ཞེ་ན།ང་ཚོས་རང་ཉིད་ཀྱི་འཐབ་རྩོད་ནི་འགྲོ་བ་མིའི་རིགས་དཀའ་སྡུག་གི་མེ་འོབས་ལས་ཡོངས་སུ་འགྲོལ་བའི་འཐབ་རྩོད་ཅིག་ཏུ་ཚོར་ན། ང་ཚོས་འཛམ་བུ་གླིང་འདི་ཉིད་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་ཕན་རླབས་ཆེ་བའི་དོན་བྱ་ཕྲན་བུ་ཙམ་སྒྲུབ་པ་ལ་དགའ་མགུ་ཡི་རངས་བྱ་རིགས།
  དུས་སྐབས་འདིར་ཐུག་དུས། ཁྱོད་རང་ཨཱན་རྡཱ་བྷ་བཱན་ས་ཆར་ཡོད་ལ། ཁྱེད་རང་གི་ཡུམ་ཆེན་ནི་མཱ་ལཱ་ཁཱ་བཙོན་ཁང་དུ་མཆིས། མ་ཟད་ང་རང་ཡང་ནཱེ་ཡཱ་ནཱ་བཀག་བསྐྱིལ་ཁང་དུ་ཡོད་ན། མཚམས་རེར་ང་ཚོས་ཕན་ཚུན་ཧ་ཅང་དྲན་བཞིན་ཡོད། བུ་མོ་ལགས། དེ་འདྲ་མ་རེད་དམ།ཡིན་ནའང་། ངེད་གསུམ་སླར་ཡང་འཛོམས་པའི་ཉིན་མོ་དེར་སོམས་དང། ངས་ཀྱང་ལྷན་འཛོམས་ཀྱི་ཉིན་མོ་དེ་ལ་རེ་བས་འཁྲེང་ཡོད། ཉི་མ་དེ་བསམས་ན། བདག་སེམས་གྱི་དགའ་སྤྲོའི་ཀློང་བརྡོལ་འགྲོ་ཡི་འདུག།
                     ཞེས་སྤྱི་ལོ 1931 ཟླ 1 ཚེས 5 ཉིན་ཕ་རྒན་ནཱེ་རཱོ་ཡིས་ནཱ་ཡ་ནཱ་བཙོན་ཁང་ནས་སྤྲིངས།
                   ༼ན་བུན་གྱིས་བསྒྱུར༽
 
   བསྒྱུར་མཁན་གྱི་གསལ་བཤད། གོང་གི་ལོ་རྒྱུས་བརྩམས་ཆོས་འདི་ཉིད་རང་སྐད་དུ་བསྒྱུར་བའི་ཆོག་མཆན་ཐོབ་སོང་ན། རང་ངོས་ཀྱི་དགེ་མཚན་དང་དུས་ཀྱི་དགོས་མཁོ་གཉིས་ཀར་གཞིགས་ཏེ། ལོ་རྒྱུས་ཡིག་ཚང་འདི་སྒྱུར་བའི་ངལ་བ་ཁུར་དུ་བླངས་ཡིན་པས། རྒྱ་ཆེ་བའི་ཀློག་མཁན་རྣམས་ཀྱིས་དགོངས་འཆར་དང་སྐྱོན་བརྗོད་ལྷུག་པོར་གནང་བར་འཚལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།