ཤུབས་ནང་གི་མི།

ཨན་ཏྲོན་ཆི་ཧོ་ཧྥིས།༼ ཨུ་རུ་སུ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-05-16

  གྲོང་ཚོ་རྨཱེར་ནོབ་ཟུ་ཀྲེ་ཁོའུའི་མཐའ་རུ།སྡེ་དཔོན་ཕུ་རོབ་ཁབ་ཧྥ་ཡེ་ཚང་གི་འབྲུ་མཛོད་དུ།དུས་འཛོལ་བའི་རྔོན་པ་ཞག་སྡོད་བྱ་རྩིས་ཡོད།ཁོ་ཚོ་ནི་མི་གཉིས་ཏེ།ཕྱུགས་ནད་སྨན་པ་ཡེ་བན་ཡེ་བན་ནེ་ཆ་དང་སློབ་འབྲིང་དགེ་རྒན་པོར་ཁིན་གཉིས་རེད།ཡེ་བན་ཡེ་བན་ནེ་ཆ་ལ་རུས་བསྐྱར་མ་མཚར་པོ་ཞིག་ཡོད།ཅེམ་སཱ—ཧེམ་ལཱ་ཡེ་ཟུ་ཁཱེ།འདི་ཁོ་ལ་ཤིན་ཏུ་མི་མཛའ་བས།ཡུལ་འདིའི་མི་རྣམས་ཀྱིས་ཐད་ཀར་ཁོའི་མིང་ངམ་ཁོའི་ཕའི་མིང་ནས་འབོད།ཁོ་གྲོང་མཐའི་རྟ་གསོ་ར་བར་གཞིས་ཆགས་ཡོད།ཐེངས་འདིར་ཕྱི་ལ་རི་དྭགས་རྔོན་དུ་ཡོང་དོན་ནི་དྭངས་གཙང་གི་མཁའ་དབུགས་ཤིག་རྔུབ་པའི་ཆེད་དུ་ཡིན།སློབ་འབྲིང་དགེ་རྒན་པོར་ཁིན་ལོ་རེའི་དབྱར་ཁར་དཔོན་ཚང་དུ་མགྲོན་ལ་ཡོང་བཞིན་ཡོད་པས་སྔ་མོ་ནས་ས་ཆ་འདིའི་མི་ཆ་ཡོད་ཅིག་ཏུ་གྱུར་ཡོད།
  ཁོ་ཚོ་མལ་དུ་ཉལ་མེད།ཡེ་བན་ཡེ་བན་ནེ་ཆ་ནི་གཟུགས་རིང་ཞིང་ཤ་རིད་ལ་སྨ་ར་རིང་བོ་བཞག་ཡོད།སྒོ་ནས་བཙོག་སྟེ་ཐ་མག་འཐེན་པས་ཟླ་འོད་ཀྱིས་ཁོ་རང་གསལ་བར་བྱས།པོར་ཁཱིན་ཁང་བའི་ནང་གི་རྩྭ་ཕུང་སྐམ་པོ་སྤུངས་བའི་སྟེང་དུ་གན་རྐྱལ་དུ་ཡོད་པས་གཟུགས་བརྙན་ནི་མུན་ནག་ཁྲོད་ནས་མི་སྣང་ངོ་།།
  ཁོ་ཚོས་གཏམ་རྒྱུད་མང་བོ་ཞིག་བཤད་པའི་ཞོར་ལ་སྡེ་དཔོན་གྱི་ཆུང་མ་སྨཱ་ཧྥོ་རཱ་ཡང་གླེང་བྱུང་།ཕུང་ཁམས་བདེ་ཞིང་རིག་པ་མི་རྟུལ་བའི་བུད་མེད་ཅིག ཁོ་མོ་ཐ་ན་གྲོང་ཚོ་འདིའི་ཕྱི་རོལ་ཏུ་འགྲོ་མ་མྱོང་ལ་གྲོང་ཁྱེར་དང་ལྕགས་ལམ་ཡང་མཐོང་མྱོང་མེད།ལོ་ཡི་བགྲང་བྱ་བཅུ་ལ་ཉེ་བའི་དུས་ཡུན་དུ་མོས་ཐབ་ཚང་སྲུང་ནས་བསྡད་ལ་མཚན་གུང་དུ་སླེབས་ཚེ་ད་གཟོད་སྲང་དུ་ཉུལ་ཙམ་རེ་བྱེད་ཀྱིན་ཡོད།
  “འདི་མཚར་པོར་འཛིན་རྒྱུ་ཅི་ཞིག་ཡོད།”པྰོར་ཁིན་གྱིས་བཤད་བྱུང་།“ཁེར་རྐྱང་གིས་རྒྱུད་བརླམས་ཤིང་གཞན་བརྟེན་སྲིན་བུའམ་འབུ་ཨ་རུ་ར་དང་འདྲ་བར་ཅི་ནུས་ཀྱིས་རང་གི་ཤུན་ལྐོག་ཏུ་འཛུལ་བའི་མི་ནི་འཇིག་རྟེན་དུ་ཉུང་ཉུང་ཞིག་ལས་མེད་པ་མིན།སྐལ་བས་མ་ཆོད་པའི་རྒྱུད་འདེད་ཡིན་ཡང་སྲིད།དེ་དུས་ཀྱི་མི་ནི་ཁྱུ་ཚོགས་འདུ་སྡོད་བྱེད་པའི་སྲོག་ཆགས་མིན་པས།རང་རང་གི་བྲག་ཕུག་ཏུ་གནས་བཅས་ནས་ཡོད།ཡང་ན་འདི་ནི་གཤིས་ཀའི་འགྱུར་ལྡོག་ཅིག་ཡིན་སྲིད།དེ་སུས་ཤེས།ང་རང་བྱུང་ཚན་རིག་པ་མིན་པས་གནད་དོན་དེའི་རིགས་ལ་ཞིབ་འཇུག་མི་བྱ།ངས་སྨཱ་ཧྥོ་རཱ་ལྟ་བུའི་མི་ནི་སྣང་ཚུལ་ཉུང་ཉུང་ཞིག་གཏན་ནས་མིན་ཞེས་བཤད་འདོད་པ་ཡིན།ཡིན་ཏེ།ཐག་རིང་གི་ས་ནས་འཚོལ་མི་དགོས།ཟླ་གཉིས་ཀྱི་སྔོན་དུ་མིང་ལ་བྷེའེ་ལུ་ཁོབ་བཱུ་ཟེར་བའི་མི་ཞིག་ང་ཚོའི་གྲོང་ཁྱེར་ནས་འདས་སོང་།གྷི་རིག་སྐད་ཀྱི་དགེ་རྒན་དང་ངའི་ལས་གྲོགས་ཡིན།ཁྱོད་ཀྱིས་ཁོ་ཐོས་མྱོང་ཡོད་ཀྱང་སྲིད།ཁོ་མིང་གྲགས་ཆོད་པོ་ཡོད་དེ།གནམ་གཤིས་ཤིན་ཏུ་བཟང་བའི་ཉིན་མོར་སྒོར་འབུད་ཀྱང་ལྷམ་ཡུ་རིང་གྱོན་ནས་ཆར་གདུགས་འཁྱེར་ལ།ད་དུང་སྲིང་བལ་གྱི་ལྭ་རིང་དྲོ་ཞིང་འཇམ་པ་ཞིག་གྱོན་ངེས།
  “ཁོའི་ཆར་གདུགས་ཤུབས་སུ་བཅུག་ཡོད་ལ་ཆུ་ཚོད་ཀྱང་ཀོ་བའི་ཤུབས་སུ་བཅུག་ཡོད།ཞ་སྨྱུག་གཞོགས་་བྱེད་ཀྱི་གྲི་ཆུང་ལེན་སྐབས་དེ་ཡང་ཤུབས་ཤིག་ཏུ་ཡོད་ངེས།ཁོའི་གདོང་ཡང་ཤུབས་སུ་བཅུག་ཡོད་པ་དང་འདྲ་སྟེ་དུས་རྒྱུན་གོང་བའི་ནང་བསྐུམ་འདུག མིག་ར་ནག་པོ་བསྣམས་ཤིང་སྒྲོ་སྤུའི་སྟོད་ཙེ་གྱོན།རྣ་བའི་ནང་དུ་སྲིང་བལ་བརྫངས་ཡོད།གལ་སྲིད་ཤིང་རྟར་བསྡད་དེ་འགྲོ་དགོས་ཚེ་འདུག་སྒམ་གྱི་ཀླད་འགེབས་རོགས་ཞེས་གདམས་ངེས། མདོར་དྲིལ་ན། མི་འདིར་ཤུན་ལྐོག་ལ་བརྟེན་ནས་རང་ཉིད་གཡོགས་པའི་སེམས་འདུན་གཏན་ཏུ་འགོག་མི་བཏུབ་པ་ཞིག་ཡོད། རང་ལ་ཤུབས་ཤིག་བཟོས་ནས་འཇིག་རྟེན་དང་འབྲེལ་ཐག་གཅོད་འདོད་པ་ཇི་བཞིན་ནོ། དངོས་ཡོད་འཚོ་བས་ཁོ་ལ་གཙེས་ཤིང་དངངས་པ་བསྐྱེད་པས།ཁོ་དུས་རྒྱུན་འཇིགས་སྐྲག་ཁྲོད་ན་ལུས་ཡོད།ཡང་ན་རང་ཉིད་ཀྱི་སྡར་མའི་རང་གཤིས་དང་དངོས་ཡོད་འཚོ་བར་བཟུང་བའི་སྡང་སེམས་ལ་དག་སེལ་བྱ་ཆེད་ཡིན་ཡང་སྲིད།ཁོས་ཅི་ནུས་ཀྱིས་འདས་སོང་དང་གཏན་ནས་ཡོད་མ་མྱོང་བའི་དངོས་པོ་ལ་བསྟོད་བསྔགས་ཏག་ཏག་བྱེད། ཁོའི་ཁྲིད་བྱ་གནའ་རབས་ཀྱི་སྐད་ཡིག་ཀྱང་ཁོར་མཚོན་ན་ལྷམ་ཆ་གཅིག་དང་ཆར་གདུགས་ཀྱི་ཤུབས་ཤིག་ཡིན།ཁོས་དེ་དག་གི་རོགས་རམ་ལ་བརྟེན་ནས་དངོས་ཡོད་འཚོ་བར་གཞའ་བཞིན་ཡོད།
  “‘ཨ།གྷི་རིག་སྐད་ནི་ཅི་འདྲའི་རྣ་བར་སྙན་ཞིབ་ཁྱད་མཚར་ཞིག་རེད་ཨང་།’ཁོས་སྤྲོ་བའི་ཉམས་ཀྱིས་འཛུམ་དམུལ་ལེར་བཤད།རང་གི་སྐད་ཆར་གནས་ལུགས་ཡོད་པ་བདེན་དཔང་བྱེད་ཕྱིར་མིག་ཟུང་ཅུང་ཙམ་བཙུམས་ནས་མཛུབ་མོ་གཅིག་ཡར་བསྒྲེངས་ཏེ་‘ཨན་རྡུ་རོབ་ཕཱུ་ཟུ་’ཞེས་བཤད།
  “བྷེ་ལཱུ་ཁོབ་བཱུས་ཅི་ནུས་ཀྱིས་རང་གི་བསམ་བློ་ཤུབས་སུ་བཅུག་ཡོད།གང་ཞིག་དམ་བསྒྲགས་བྱས་པའི་སྲིད་གཞུང་གི་གསལ་བརྡ་དང་ཚགས་ཤོག་དཔྱད་བརྗོད་སོགས་བཀྲམ་ཚེ།ཁོར་མཚོན་ན་དེ་ད་གཟོད་གསལ་ཐག་ཆོད་པ་ཞིག་རེད།དགོང་མོའི་ཆུ་ཚོད་དགུ་བའི་རྗེས་སུ་སློབ་འབྲིང་སློབ་མ་སྲང་ལ་འགྲོ་མི་ཆོག་པའི་གསལ་བརྡའམ་ཡང་ན་ཚགས་ཤོག་གང་ལས་འཁྲིག་སྤྱོད་འགོག་པར་སྐུལ་བའི་རྕོམ་མཐོང་ཚེ།ཁོས་དེ་ནི་ཁ་གསལ་བར་འདོད་དེ།དམ་བསྒྲགས་བྱས་ནས་ཐག་བཅད་པས་སོ།།ཁོས་བཀག་རྒྱ་གློད་པ་ཐམས་ཅད་ཀྱི་ཕག་ཏུ་རྒྱུ་རྐྱེན་སྨྲ་མི་བཏུབ་པའི་དོགས་གཞི་ཞིག་ཡོད་པར་འདོད།འབྲེལ་ཡོད་སྡེ་ཁག་གིས་གྲོང་ཁྱེར་ནས་ཟློས་གར་ཁང་འཛུགས་པའམ་དཔེ་ཀློག་ཁང་དང་ཇ་ཁང་སྒོ་ཕྱེ་བར་ཆོག་མཆན་བཀོད་ཚེ།ཁོས་མགོ་བོ་གཡུགས་ཞོར་སྐད་དམའ་མོས་འདི་ལྟར་སྨྲ།
  “‘འདི།ལོས་བཟང་མོད།རྙོག་དྲ་འདྲ་མི་འབྱུང་ངམ།’
  “སྒྲིག་གཞི་ལས་འགོངས་ཤིང་ཚད་གཞི་དང་འགལ་བའི་དོན་ཕྲན་ཚེགས་ཙམ་གྱིས་ཀྱང་ཁོ་རང་བློ་ཕམ་ཡིད་ཆད་དུ་བཟོ་ངེས།འདི་དག་ཁོ་དང་འབྲེལ་བ་མེད་རུང་།གལ་སྲིད་ལས་གྲོགས་ཤིག་དུས་ལྟར་སྨོན་ལམ་གྱི་ཆོ་གར་མ་སླེབས་པའམ་སློབ་འབྲིང་སློབ་མས་པྲ་ཚགས་བྱེད་པ་ཐོས་པའམ་ཡང་ན་དགེ་རྒན་བུད་མེད་དང་དམག་དཔོན་རེ་ཟུང་དགོང་མོར་མཉམ་དུ་སྤྲོ་འཆམ་ལ་འགྲོ་བ་མཐོང་ཚེ།ཁོས་མི་བཟོད་པར་གྱུར་ཏེ་ངག་ནས་འདིས་རྙོག་དྲ་འདྲ་མི་བཟོ་བ་ཅི་ལ་སྲིད་ཅེས་ཟློ་བར་བྱེད།སློབ་སྟོན་ཚོགས་འདུ་རུ་ཁོས་ང་ཚོའི་གཉའ་ནས་མནན་ཡོད་དེ།སེམས་ཆུང་ཡིན་ལ་བློ་ཞིབ་པ་ནི་ཁོའི་ཁྱད་ཆོས་ཤིག་ཡིན།ཁོས་བུ་མོ་སློབ་གྲྭ་དང་བུའི་སློབ་གྲྭའི་ན་གཞོན་ཚོའི་སྤྱོད་པ་འཆལ་ཞིང་སློབ་ཁང་འུར་གྱིས་ཁེངས་འདུག་ཅེས་ཐ་ཚིག་བསྒྲགས་ཤིང་།འདི་གོང་རིམ་གྱིས་མི་གོ་བ་ག་ལ་སྲིད།ཨ་ཧེ།འདིས་རྙོག་དྲ་འདྲ་མི་བཟོ་ཅི་ལ་སྲིད་ཅེས་སྨྲས།ཡང་ཁོས་ལོ་རིམ་གཉིས་པའི་ཕཱའེ་ཁྲུ་རོ་བཱུ་དང་ལོ་རིམ་བཞི་བའི་ཡཱའེ་སྒོ་རོབ་བཱུ་སློབ་དབྱུང་བཏང་ན་ལེགས་ཚུལ་ལབ།མཇུག་འབྲས་ཅི་ཡིན་ནམ།ཁོས་རེ་ཆད་ཀྱི་རྔན་པ་འཐེན་ཞིང་འཁང་ར་བྱས།གདོང་ལ་སྦྱར་བའི་མིག་ཤེལ་ནག་པོ་དེ།ཁྱེད་ཀྱིས་ཤེས་ངེས་རེད།ཁོའི་སྲེ་མོང་གི་གདོང་དང་ཧ་ཅང་འདྲ་བོ་ཆགས་པའི་ངོ་གདོང་ལེབ་ཆུང་དེས་ང་ཚོའི་རྒྱབ་ནས་མནན་པས།ང་ཚོས་བཟོད་སྒོམ་མི་བྱེད་ག་མེད་བྱུང་།ང་ཚོས་ཕཱེ་ཁྲུ་རོབ་བཱུ་དང་ཡཱའེ་སྒོ་རོབ་བཱུའི་ཀུན་སྤྱོད་ཀྱི་སྐར་གྲངས་ཕབ་ཅིང་བཀག་བསྐྱིལ་བྱས།མཐར་སློབ་དབྱུང་བཏང་ནས་ཐག་གཅོད་བྱས།ཁོ་ལ་གོམས་སྲོལ་ངན་པ་ཞིག་ཆགས་ཡོད་པ་ནི་རྒྱུན་དུ་ང་ཚོའི་སྡོད་ཤག་ཏུ་འགྲོ་འདུག་བྱེད་པ་དེ་ཡིན།དགེ་རྒན་ཞིག་གི་ཁྱིམ་དུ་ཐོན་ཚེ་ཅི་ཡང་མི་སྨྲ་བར་བཙོག་ནས་འདུག་ངེས།ལྟ་རྟོག་པ་ཞིག་དང་འདྲ་བར་ཆུ་ཚོད་གཅིག་ནས་གཉིས་ཙམ་ལ་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར་བསྡད་རྗེས་བུད་འགྲོ།ཁོས་བྱ་སྤྱོད་འདིར་ལས་གྲོགས་དང་མཛའ་མཐུན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་ཟེར།ང་ཚོར་བལྟ་རུ་ཡོང་ནས་ཆུ་ཚོད་གཉིས་ཙམ་ལ་འདུག་པ་ནི་ཁོར་མཚོན་ན་ཡང་ལས་སྡུག་པོ་ཞིག་རེད།ཁོས་འདི་ནི་རང་གི་འགན་འཁྲི་ཞིག་སྒྲུབ་ཀྱིན་ཡོད་པར་འདོད་པས་རེད།དགེ་རྒན་ཚོ་ཁོར་སྐྲག་པ་མ་ཟད་སློབ་གཙོ་ཡང་ཁོ་ལ་སྐྲག ཁྱོད་ཀྱིས་བསམ་གཞིགས་ཤིག་བྱོས་དང་།དགེ་རྒན་ང་ཚོ་བློ་གྲུང་བོ་ཏག་ཏག་ཡིན་པ་མ་ཟད་ཀུན་སྤྱོད་ལ་ཡང་ཁྲོར་རྒེན་ཉེའུ་བཱུ་དང་ཤཱ་སྒྲི་རེན་སོགས་ཀྱི་ཤུགས་རྐྱེན་བཟང་བོ་ཐེབས་ཡོད།འོན་ཀྱང་རྒྱུན་པར་ཆུ་ལྷམ་གྱོན་ཞིང་ཆར་གདུགས་བཀར་བའི་མི་འདིས་ཏག་ཏག་ལོ་ངོ་ལྔ་བཅུའི་རིང་ལ་སློབ་གྲྭ་ཁ་ལོ་བསྒྱུར་བ་རེད།སློབ་གྲྭ་མ་ཟད་གྲོང་ཁྱེར་ཧྲིལ་བོ་ཡང་ཁ་ལོ་བསྒྱུར་འདུག གཟའ་སྤེན་པའི་ཉིན་མོར་བུད་མེད་ཚོས་ཟློས་གར་འཁྲབ་སྟོན་གྱི་འདུ་ཚོགས་བསྡུ་མི་ཕོད་དེ་ཁོས་ཤེས་འགྲོ་བར་དོགས་པས་ཡིན།ཁོ་ཡོད་ས་ཞིག་ཏུ་ཆོས་དཔོན་གྱིས་ཤ་བཟའ་མི་ཕོད་ལ་ཤོའང་རྒྱག་མི་ཕོད།བྷེ་ལུ་ཁོབ་བཱུ་འདྲ་བ་དག་གི་ཤུགས་རྐྱེན་འོག་ང་ཚོའི་གྲོང་ཁྱེར་འདིའི་སྡོད་དམངས་ཚོ་ཉེ་དུས་ཀྱི་ལོ་བཅུ་ནས་བཅོ་ལྔ་ལོན་པའི་བར་དུ་ཡོད་ཚད་ལ་སྐྲག་སྣང་སྐྱེས་མཁན་ཞིག་ཏུ་གྱུར་འདུག སྐད་མཐོན་པོས་ཁ་བརྡ་བྱེད་མི་ཕོད་ཅིང་འཕྲིན་སྤྲིངས་པར་འཇིགས།གྲོགས་སྒྲིག་མི་ཕོད་ལ་དཔེ་དེབ་ཀྱང་ཀློག་མི་ཕོད།དབུལ་བོར་མུག་སྐྱོབ་བྱེད་པར་སྐྲག་ལ་རིག་གནས་སྤྱོང་བར་ཡང་འཇིགས།”
  ཡེ་བན་ཡེ་བན་ནེ་ཆཱས་གློ་ལུད་ཅིག་བྱས་རྗེས་ཅི་ཞིག་བཤད་རྩིས་བྱས་མོད།སྔོན་ལ་ཐ་མག་རྔུབས་ནས་ཟླ་བར་བལྟས་ཤིང་།དེ་ནས་་་་་་རེད་ཡ།རིག་པ་ཡག་ལ་ཀུན་སྤྱོད་ཡག་པ།ད་དུང་ཤཱ་སྒྲི་རེན་དང་ཁྲོར་རྒེན་ཉེའུ་བཱུའི་དཔེ་དེབ་བཀླགས་ཞིང་།པཱ་ཁིལ་སོགས་མིང་གྲགས་ཅན་དག་གི་དཔེ་དེབ་བཀླགས་རུང་།སྡུག་ཁོག་ལ་བཟུང་ཞིང་བཟོད་བསྲན་བྱས་ནས་ཚོད་འཛིན་ལ་བསྟུན་དགོས་འདུག་་་་་་གནས་ཚུལ་འདི་འདྲ་ཞིག་རེད”ཅེས་སྐད་ཆར་བར་མཚམས་འཇོག་ཞོར་བཤད།
  “བྷེ་ལུ་ཁོབ་བཱུ་དང་ངེད་གཉིས་ཁྱིམ་མཚེས་ཡིན་”པོར་ཁཱིན་གྱིས་མུ་མཐུད་དུ་སྨྲས་བྱུང་།“ཁང་བའི་ཐོག་རིམ་གཅིག་ཏུ་ཡོད་ཅིང་སྒོ་གཉིས་ཁ་གཏད་དུ་གནས་ཡོད།ང་ཚོ་རྒྱུན་པར་འཕྲད་ལ་ངས་ཁོའི་འཚོ་བའང་ཤེས།ཁྱིམ་ཡང་ཤུབས་ཤིག་ཡིན་ཏེ།ཉལ་ལྭ་དང་ཉལ་ཞྭ།འཕྲེད་གཏན།སྒེའུ་ཁུང་རྩིབ་ལག་མ།འཛེམ་བྱ་དང་བཀག་བྱ་སྣ་ཚོགས།ད་དུང་‘འདིས་རྙོག་དྲ་འདྲ་མི་བཟོ་བ་ཅི་ལ་སྲིད’ཅེས་པ་དེའོ།།དཀར་ཟས་གནོད་པར་དོགས་ལ་དམར་ཟས་ཀྱང་བཟའ་མི་ཕོད། རྒྱུ་མཚན་མི་རྣམས་ཀྱིས་བྷེ་ལུ་ཁོབ་བཱུས་སྡོམ་པ་མི་སྲུང་ཞེས་མི་ཁ་འཁོར་བར་སྐྲག་པས་རེད།དེའི་རྐྱེན་ཁོས་མར་དུ་བཙོས་པའི་ཉ་བཟའ་བཞིན་ཡོད།འདི་དཀར་ཟས་མིན་ལ་དམར་ཟས་ཞེས་ཀྱང་བརྗོད་མི་བཏུབ།གཞན་གྱི་མི་ཁ་འཁོར་བར་སྐྲག་ནས་ཁོས་གཡོག་མོ་གླས་མེད།ཨ་ཧྥ་ནཱ་སའེ་ཇ་མར་གླས་ཡོད།ཨ་ཧྥ་ནཱ་སའེ་ནི་ལོ་དྲུག་ཅུར་་ལོན་པའི་རྒན་པོ་ཞིག་ཡིན་ལ་ཆང་འཐུང་བར་ཞེན་ཞིང་རིག་པ་རྟུལ།སྔོན་ཆད་ལས་དམག་བྱས་མྱོང་བས་ཚོད་མ་འགའ་རེ་བརྔོ་ཤེས་ཀྱིན་འདུག ཨ་ཧྥ་ནཱ་སའེ་རྒྱུན་པར་སྒོ་ཁར་འགྲེང་སྟེ་ལག་པ་གཉིས་གྱིས་དཔུང་བ་བསྡམས་ནས་དངན་པ་འཐེན་ཞོར་‘ད་སྐབས་ཁོ་དང་འདྲ་བའི་མི་མང་བོ་འདུག་’ཅེས་ངག་ནས་ཡང་དང་བསྐྱར་དུ་ཟློ།
  “ཁོའི་ཉལ་ཤག་ཤིན་ཏུ་ཆུང་བས་ཤིང་གི་སྒམ་ཞིག་དང་འདྲ།ཉལ་ཁྲིའི་ཀླད་དུ་ཉལ་གུར་བཀལ་ཡོད་ལ་རྒྱུན་པར་ཉལ་ཐུལ་གྱིས་མགོ་བཏུམས་ནས་ཉལ་གྱིན་ཡོད།ཁང་བའི་ནང་ཚ་བ་ཆེ་ལ་བརྟན་པོར་རྒྱབས་པའི་སྒོ་མོར་རླུང་གིས་བརྡེགས།ཐབ་ཀའི་ནང་བཱུར་བཱུར་གྱི་སྒྲ་གྲགས་ལ།གཡོས་ཁང་ནས་ཀྱང་དངན་པ་འཐེན་པའི་སྒྲ་མཆེད་འོང་།དེ་ནི་བཀྲ་མི་ཤིས་པའི་དངན་པའི་སྒྲ་ཞིག་རེད།
“ཁོར་ཉལ་ཐུལ་གྱི་ནང་ནས་ཀྱང་སྐྲག་སྣང་སྐྱེས་ཡོང་ལ་རྙོག་དྲ་འདྲ་བཟོས་མི་ཡོང་ངམ་སྙམ་ནས་སེམས་ཁུར་བྱེད་བཞིན་ཡོད།ཨ་ཧྥ་ནཱ་སའེས་ཁོ་རང་གསད་ཡོང་སྙམ་ཞིང་རྐུན་མས་སྒོ་གཏོར་ནས་ཁྱིམ་ལ་འཛུལ་འོང་ སྙམ་ནས་སེམས་ཁུར་བྱས་པས།མཚན་མོ་ཞིག་ལ་ཁོས་རྨི་ལམ་ངན་པ་ཞིག་རྨིས།ཞོགས་པར་ངེད་གཉིས་མཉམ་དུ་སློབ་གྲྭར་འགྲོ་དུས་ཁོའི་གདོང་སྐྱ་བོར་གྱུར་ཅིང་སེམས་སྡུག་གིས་མནར་འདུག ཤེས་སླ་སྟེ།ཁོ་རང་འུར་གྱིས་ཁེངས་པའི་སློབ་གྲྭ་དེར་འགྲོ་དགོས་པས་སྐྲག་སྣང་སྐྱེས་ཤིང་སུན་པོ་བྱུང་འདུག ང་དང་འགྲོགས་ནས་འགྲོ་དགོས་པ་ནི་ཁེར་རྐྱང་གཤིས་སུ་གྲུབ་པའི་ཁོར་མཚོན་ན་ལས་སྡུག་པོ་ཞིག་རེད།
  “ང་ཚོའི་སློབ་གྲྭའི་སློབ་ཁང་འུར་གྱིས་ཁེངས་འདུག’ཁོས་འདི་ལྟར་སྨྲས།རང་ཉིད་ཀྱི་སེམས་ཁམས་སྡུག་པོར་རྒྱུ་རྐྱེན་ཞིག་རྙེད་པ་དང་འདྲ་བར་‘འདི་དངོས་གནས་བྱ་བཙོག་གི’ཟེར།
  “ཁྱེད་ཀྱིས་འདང་ཞིག་རྒྱོབས་དང་།གྷི་རིག་སྐད་ཀྱི་དགེ་རྒན་འདི།ཤུབས་ནང་གི་མི་འདི་ཅུང་ཙམ་མིན་ན་གཉེན་སྒྲིག་སོང་།
  ཡེ་བཱན་ཡེ་བཱན་ནེ་ཆཱས་མྱུར་མོར་འབྲུ་མཛོད་ཀྱི་ནང་དུ་བལྟས་རྗེས།“ཁྱེད་ཀྱིས་ཀུ་རེ་རྩེ་བཞིན་འདུག”ཅེས་བཤད་བྱུང་།
  “ངོ་མ།དོན་འདི་མཚར་པོ་ཞིག་ཡིན་རུང་།ཁོ་ཅུང་ཙམ་མིན་ན་གཉེན་སྒྲིག་སོང་།སློབ་གྲྭར་ལོ་རྒྱུས་དང་ས་ཁམས་ཀྱི་དགེ་རྒན་གསར་བ་ཞིག་སླེབས་བྱུང་།མིང་ལ་མེའལ་ཧེལ་བེ་ཆཱི་ཁོབ་ལུན་ཁཱ་ཟེར་ཞིང་ཨུག་རན་གྱི་མི་ཡིན།གཟུགས་རིང་ལ་སྤར་མོ་ཆེ། ཁོའི་བཞིན་བྱད་ལས་ཁོ་ནི་སྐད་དམའ་མོས་ཁ་བརྡ་བྱེད་མཁན་ཞིག་ཡིན་པ་དཔོག་ཐུབ།ཁོའི་སྐད་གདངས་ནི་ཤིང་ཟོམ་ལས་མཆེད་པ་ལྟར་‘པོམ།པོམ།པོམ།’ འོན་ཀྱང་ཁོ་མོ་མི་གཞོན་ཏེ་ལོ་ན་སུམ་ཅུར་བུད་ཅིང་གཟུགས་རིང་ལ་རྒྱགས། སྨིན་མ་ནག་ཅིང་མཁུར་ཚོས་དམར།ཁོ་མོ་རྟག་པར་མངར་ཆའི་བྱེ་རིལ་ཞིག་དང་འདྲ་བོ་ཆགས།སྤྱང་གྲུང་འཛོམས་ཤིང་གྲུང་ཤ་དོད་པོ་ཡོད།རྒྱུན་པར་ཨུག་རན་གྱི་དམངས་གཞས་དབྱངས་སུ་གྱེར་ཞིང་ལྷང་ལྷང་གི་དགོད་སྒྲས་ཁེངས།
  བར་གླགས་རེ་ནས་ཁོ་མོས་སྤྲོ་སྣང་དང་བཅས་‘ཧ་ཧ་ཧ’ཞེས་ཧབ་ཆ་རྒྱག་ངེས།ཁོབ་ལུན་ཁཱ་མིང་སྲིང་གཉིས་དང་ཐོག་མར་ངོ་ཤེས་དུས་ནི་སློབ་གཙོའི་མིང་འདོགས་ཉིན་མོའི་སྤྲོ་ཚོགས་ཀྱི་སྐབས་ཡིན།
  གཟབ་ནན་ཡིན་ཞིང་རྒས་ཉམས་དོད་པ།མིང་འདོགས་ཉིན་མོའི་འདུ་འཚོགས་ལ་ཞུགས་པ་དེ་ཁ་གཏད་ལྕོག་དགོས་པའི་གཞུང་དོན་ཞིག་ཏུ་ངོས་འཛིན་པའི་དགེ་རྒན་ཚོའི་གྲས་ནས།ང་ཚོས་གློ་བུར་དུ་འདོད་ལྷ་ཨ་ཧྥོ་རའོ་ཊེ་ཁཱེ་གསར་བ་ཞིག་རླབས་ངོགས་ནས་འཕགས་པ་མཐོང་།ཁོ་མོས་ལག་པ་གཉིས་རྐེད་པར་བཙུགས་ནས་དགོད་ཞོར་འཁྲབ་ཞོར་ལྡིང་ཞོར་བྱེད་ཅིང་།དུང་བའི་ཚོར་ཉམས་དང་འགྲོགས་ནས་《རླུང་གི་གཞས》ཞེས་པ་ཞིག་དབྱངས་སུ་འཐེན་པས།བྷེ་ལུ་ཁོབ་བཱུ་དང་བཅས་པའི་ང་ཚོ་ཚང་མའི་ཡིད་སེམས་བཀུག་སོང་།བྷེ་ལུ་ཁོབ་བཱུ་ཁོ་མོའི་བདུན་དུ་སོང་ནས་འཛུམ་དམུལ་ལེར་‘ཨུག་རན་སྐད་ཀྱི་སྙན་འཇེབ་ཀྱིས་གྷི་རིག་གི་གནའ་བོའི་སྐད་དྲན་དུ་འཇུག’ཅེས་སྨྲས།
  “སྐད་ཆ་འདིས་ཁོ་མོའི་གྲགས་འདོད་ཀྱི་འདུན་པ་བསྐངས་པས།ཁོ་མོས་དུང་བ་འདྲེས་ཤིང་ནན་ཏན་གྱི་ངག་གིས་ཁོ་ལ་མོའི་ཕ་གཞིས་ནི་སྒ་སྒྲེ་ཡ་ཆི་ཟུ་ཁཱེ་རྫོང་གི་ཞིང་ར་ཞིག་ཏུ་ཡོད་པ་དང་མོའི་མ་ལགས་ད་ལྟ་དེ་རུ་བསྡད་ཡོད་ཅེས་བཤད་བྱུང་།གནས་དེ་རུ་དེ་འདྲའི་ཤིང་ཏོག་ལི་ལེགས་པོ་དང་དེ་འདྲའི་བསིལ་ཀྭ་ལེགས་པོ།དེ་འདྲའི་ཀྭ་བ་ཀྭ་ལེགས་པོ་ཡོད་ཨང་།ཨུག་རན་པས་ནཱན་ཀྭའི་མིང་ལ‘ཀྭ་བ་ཀྭ’ཞེས་འབོད་ཅིང་ཆང་ཁང་གི་མིང་ལ‘ཧྲིན་ཁཱི’ཞེས་འབོད།ཁོ་ཚོས་ཀྲོ་མ་ཀྲུ་དང་སྔོ་ཚོད་ཀྱིས་གཡོས་པའི་འཚལ་ཐང་དེ‘ཧ་ཅང་ཞིམ།ཁ་ཉོག་འགྲོ’
  “ང་ཚོས་ཉན་གྱིན་ཉན་གྱིན་སེམས་ལ་བསམ་ཚུལ་གཅིག་འདྲ་ཞིག་ཤར་ཡོང་།
  “ཁོ་རང་གཉིས་གཉེན་སྒྲིག་ཏུ་བཅུག་ན་བཟང་བ་ལ།’སློབ་གཙོའི་ཆུང་མས་ང་ལ་སྐད་དམའ་མོས་བཤད།
  “ཚང་མས་གཞི་ནས་བྷེ་ལུ་ཁོབ་བཱུ་མི་ཕོ་ཁེར་རྐྱང་ཞིག་ཡིན་པ་དྲན་ཞིང་།རང་ཉིད་ཀྱིས་ཁོའི་འཚོ་བའི་ཐད་དོ་སྣང་བྱ་མྱོང་མེད་པར་སྣང་མེད་དུ་བཞག་པར་ཚང་མ་མཚར་སྣང་སྐྱེས།ཁོས་བུད་མེད་ལ་ལྟ་ཚུལ་ཅི་འདྲ་བཟུང་ཡོད་པ་དང་།རང་གི་མི་ཚེའི་དོན་ཆེན་བཀོད་སྒྲིག་ག་འདྲ་བྱེད་པའི་གནད་དོན་སྐོར་གྱིས་སྔ་མོ་ནས་ང་ཚོའི་སྤྲོ་བ་འདྲེན་མི་སྲིད་ལ།ང་ཚོས་འདིའི་ཕྱོགས་ལ་བསམ་བློ་ཨེན་ཙམ་ཡང་གཏོང་མི་སྲིད།གནམ་གཤིས་ལ་མི་ལྟོས་པར་ཆུ་ལྷམ་གྱོན་ནས་སྲང་དུ་བགྲོད་པ་དང་ཉིན་རྒྱུན་ཉལ་བཀུར་བཀལ་ནས་ཉལ་མཁན་ཞིག་གིས་མཛའ་གྲོགས་བསྒྲིག་ག་ལ་སྲིད།
  “ཁོ་ལོ་བཞི་བཅུར་བུད་ཡོད་མོད།འོན་ཀྱང་ཁོ་མོ་ལོ་སུམ་ཅུ་་་་་་’སློབ་གཙོའི་ཆུང་མས་རང་གི་བསམ་ཚུལ་བརྗོད་བྱུང་།‘ངས་མོ་རང་ཁོ་དང་གཉེན་སྒྲིག་བྱས་ཆོག་པར་འདོད།’
  “ང་ཚོའི་ས་ཁུལ་འདི་རུ།མི་རྣམས་ཁོམ་ལོང་ཆེ་དྲགས་པས་ལས་ཅི་ཡང་བསྒྲུབ་ངེས།མི་འོས་པའི་གླེན་རྟགས་སྣ་ཚོགས་བསྟན་མྱོང་།དེ་ནི་ཚུལ་མཐུན་གྱི་དོན་གཅིག་ཀྱང་མི་བསྒྲུབས་པས་རེད།དཔེ་ཞིག་བཞག་ན།བྷེ་ལུ་ཁོབ་བཱུ་གཉེན་སྒྲིག་བྱ་བའི་དོན་འདི་ཚང་མའི་ཡིད་ཀྱི་དགུ་ལའང་འཁོར་དཀའ།འོན་ཀྱང་གློ་བུར་དུ་ཚང་མས་བྷེ་ལུ་ཁོབ་བཱུའི་ཆེད་དུ་སེམས་ཚེགས་བྱས་ནས་བར་བ་བྱེད་དོན་ག་རེ་ཡིན།སློབ་གཙོའི་སྐུ་ལྕམ་དང་སློབ་བཤེར་འགོ་བའི་སྐུ་ལྕམ་བཅས་པའི་སློབ་གྲྭའི་ནང་གི་བུད་མེད་ཡོངས་ལ་སྤྲོ་སེམས་འགོག་མེད་ཅིག་རྒྱས་ཤིང་།སྔར་བས་མཛེས་ཉམས་དོད་པོར་གྱུར་འདུག འཚོ་བའི་དམིགས་བྱ་གསར་བ་ཞིག་རྙེད་པ་ཇི་བཞིན་ནོ།།སློབ་གཙོའི་སྐུ་ལྕམ་གྱིས་ཟློས་གར་ཁང་ནས་སྒེར་སྤྱོད་ཁང་ཆུང་ཞིག་གླས་འདུག ལྟོས་དང་།ཁོ་མོའི་ཁང་ཆུང་དུ་བཱ་རན་ཁཱ་བཙོག་འདུག ཁོ་མོས་རླུང་གཡབ་གཡུག་བཞིན་འདུག་ལ་སྤྲོ་བ་གདོང་དུ་ཤར་ནས་འཛུམ་བཞིན་འདུག ཁོ་མོའི་མཁྲིས་སུ་བྷེ་ལུ་ཁོབ་བཱུ་ཡོད།ཁོའི་ལུས་པོ་འཁུམས་ཤིང་ཆུང་ལ་ཉམ་ཐག་པར་གྱུར་འདུག་པས།མི་ཞིག་གིས་སྐམ་པའི་བར་དུ་བཙིར་ནས་འདིར་ཁྱེར་ཡོང་བ་དང་འདྲ།ངས་དགོང་འཚོགས་ཞིག་བསྒྲུབ་དགོས་པ་ལ་བུད་མེད་ཚོས་ང་ལ་བྷེ་ལུ་ཁོབ་བཱུ་དང་བཱ་རན་ཁཱ་གཉིས་ངེས་པར་འཁྲིད་འོང་དགོས་པའི་རེ་བ་བཏོན།གང་ལྟར།འཕྲུལ་ཆས་འདིས་བྱ་བ་བྱེད་མགོ་བརྩམས་བྱུང་།ང་ཚོས་ད་དུང་བཱ་རན་ཁཱས་གཉེན་སྒྲིག་ལ་ངོ་རྒོལ་མི་བྱེད་པའང་ཤེས་བྱུང་།ཁོ་མོ་ཕུ་བོ་དང་ལྷན་དུ་བསྡད་ན་རྒྱུན་པར་ཁ་རྩོད་ཤོར་གྱིན་ཡོད་པས་སྐྱིད་པོ་འཁྱོངས་ཀྱིན་མེད།ཁྱེད་ཀྱིས་སྣང་ཚུལ་འདི་འདྲ་ཞིག་ལ་གཟིགས་དང་།སྲང་ནས་ཁོབ་ལུན་ཁཱ་སྔོན་དུ་འགྲོ་བཞིན་འདུག ཁོ་ནི་གཟུགས་པོ་རིང་ཞིང་སྟོབས་ཆེ།སྟེང་ལ་མེ་ཏོག་བཙགས་པའི་ཚི་ལེན་གྱོན་ཞིང་སྐྲ་ཉག་མ་འགའ་ཞྭ་མོའི་ནང་ནས་ཐོད་པའི་ངོས་སུ་བབས་འདུག ལག་པ་གཅིག་གིས་དཔེ་དེབ་ཐུམ་གཅིག་ཁྱེར་ཡོད་ལ་གཅིག་གིས་ལྷུ་ཚིགས་མང་བའི་དབྱུག་པ་ཞིག་བཟུང་ཡོད།གཅེན་མོ་རྗེས་ན་ཡོད་ལ་དེའི་ལག་ཏུའང་དཔེ་དེབ་ཐུམ་གཅིག་བཟུང་འདུག
  “མེའལ་ཧེལ་ལེ་ཁུ།ཁྱོད་ཀྱིས་དེབ་འདི་བཀླགས་ཨེ་མྱོང་།’ཁོ་མོས་སྐད་མཐོན་པོས‘ངས་ཁྱོད་ལ་མནའ་བསྐྱལ་ཆོག ཁྱོད་ཀྱིས་ཡེ་ནས་བཀླགས་མྱོང་མེད’ཅེས་ཁ་རྩོད་བྱས་བྱུང་།
  “འོན་ཀྱང་ངས་ཁྱོད་ལ་བཤད།ངས་བཀླགས་མྱོང་།’ཁོབ་ལུན་ཁཱས་སྐད་གདངས་མཐོན་པོས་བཤད་ཅིང་དབྱུག་པས་ས་ལ་བརྡབས།
  “དཀོན་མཆོག་གིས་མཁྱེན།མེའལ་ཧེལ་ལེ་ཁུ།ཁྱོད་འདི་འདྲིའི་ཁྲོ་སླ་དོན་ཅི་རེད།འུ་གཉིས་ཀྱིས་རྩ་དོན་སྐོར་ནས་ཁ་བརྡ་བྱེད་བཞིན་ཡོད།’
  “ངས་ཁྱོད་ལ་བཤད།ངས་བཀླགས་མྱོང་།’ཁོབ་ལུན་ཁཱའི་སྐད་གདངས་སྔར་བས་མཐོན་པོར་གྱུར།
  “རང་ཁྱིམ་དུ་མགྲོན་པོ་ཡོད་དུས་ཀྱང་འདི་ལྟར་ཁ་འཛིང་བྱེད་པས།ཁོ་མོ་ཕལ་ཆེར་འདི་འདྲའི་འཚོ་བར་སུན་སྣང་སྐྱེས་ནས་རང་ལ་ཡང་ཁྱིམ་ཚང་ཞིག་ཡོད་ན་སྙམ་པ་ལོས་ཡིན།ཡང་གཅིག་བཤད་ན།མོའི་ལོ་ཚོད་ཀྱིས་གདམ་གསེས་མང་བོ་བྱེད་པའི་དུས་ཚོད་མི་བྱིན་པས།གནས་ལ་འགྲོ་ས་ཞིག་རྙེད་ན་གྷི་རིག་སྐད་ཀྱི་དགེ་རྒན་ཡིན་ཡང་ཆོག ང་ཚོའི་ཡུལ་འདིའི་གཞོན་ནུ་མ་མང་ཤོས་ཀྱིས་སུ་དང་གཉེན་སྒྲིག་པ་ལ་དེ་འདྲའི་དོ་སྣང་མི་སྣང་མི་བྱེད་པར་གཙོ་བོ་གནས་ལ་འགྲོ་ཐུབ་རྒྱུ་དེ་དོན་འགངས་ཆེན་ཞིག་ཏུ་བརྩི།གང་ལྟར།བཱ་རན་ཁཱས་བྷེ་ལུ་ཁོབ་བཱུའི་སྟེང་ལ་སྤྲོ་བ་སྐྱེས་པའི་ཚུལ་མངོན་བྱུང་།
  “འོ་ན་བྷེ་ལུ་ཁོབ་བཱུ? ཁོ་ཡང་རྒྱུན་པར་ཁོབ་ལུན་ཁཱ་ཚང་དུ་འགྲོ་བཞིན་འདུག ནམ་རྒྱུན་ང་ཚོའི་གློར་ཡོང་བ་ཇི་བཞིན་ཐོན་མ་ཐག་བཙོག་པུར་བསྡད་དེ་ཚིག་གཅིག་ཀྱང་མི་སྨྲ།ཁོས་ཅི་ཡང་མ་བཤད་ཚེ་བཱ་རན་ཁཱས་ཁོར་《རླུང་གི་གཞས》དབྱངས་སུ་གྱེར་ནས་ལེན་པའམ་ཁོ་མོའི་མིག་ཟུང་ནག་པོས་ཁོ་ལ་འདང་རྒྱག་གིས་བལྟ་བའམ།ཡང་ན་གློ་བུར་དུ་‘ཧ་ཧ་ཧ’ཞེས་ཧབ་ཆ་རྒྱག་པར་བྱེད།
  “རོགས་སྒྲིག་པ་དང་ལྷག་པར་གཉེན་སྒྲིག་གི་གནད་དོན་ཐད་ནས།སྐུལ་མ་ཡིས་ནུས་པ་བླ་ལྷག་ཐོན་གྱིན་འདུག་སྟེ།ལས་གྲོགས་ཚོ་དང་ལས་གྲོགས་ཚོའི་ལྕམ་སུ་ཞིག་ཡིན་རུང་ཚང་མས་བྷེ་ལུ་ཁོབ་བཱུ་ལ་ཁོ་རང་གཉེན་སྒྲིག་བྱ་འོས་ཤིང་།ཁོའི་འཚོ་བའི་ཁྲོད་གཉེན་སྒྲིག་ལས་གལ་འགངས་ཆེ་བ་ཞིག་མེད་པར་ཡིད་ཆེས་སུ་འཇུག་ཐབས་བྱེད་ཀྱིན་ཡོད།ང་ཚོས་ཁོ་ལ་རྟེན་འབྲེལ་ཞུས་ཤིང་།ནན་ཏན་དང་གཟབ་ནན་གྱི་ཉམས་ཀྱིས་དགོས་མེད་ཀྱི་སྐད་ཆ་མང་བོ་ལབ།གཉེན་སྒྲིག་ནི་མི་ཚེའི་དོན་ཆེན་ཡིན་པ་དང་།དེ་མ་ཟད་བཱ་རན་ཁཱའི་སྐྱེས་འབྲས་ལེགས་ལ་ངང་རྒྱུད་བཟང་།ད་དུང་མོ་ནི་དཔོན་རིམ་ལྔ་བའི་ཞི་དཔོན་གྱི་བུ་མོ་ཡིན་ལ་གཞིས་ཀ་ཞིག་ཀྱང་ཡོད།ཆེས་གལ་ཆེ་བ་ནི་མོ་ནི་ཁོ་ལ་བཟང་ཞིང་རྣམ་འགྱུར་དྲང་བའི་བུ་མོ་ཐོག་མ་དེ་ཡིན་ཚུལ་སོགས་ལབ་པས།མཇུག་མཐར་ཁོ་གཞི་ནས་མགོ་འཐོམས་ཏེ་ད་ནི་རང་ཉིད་དངོས་གནས་གཉེན་སྒྲིག་འོས་པར་སྙམ།”
  “ད་ནི་ཁོས་ཆུ་ལྷམ་དང་ཆར་གདུགས་ཕར་ལ་གཡུག་འོས།”ཡེ་བན་ཡེ་བན་ནེ་ཆཱས་འདི་སྐད་སྨྲས།
  “ཤེས་དགོས་རྒྱུ་ཞིག་ལ་འདི་ནི་དཔེ་མི་སྲིད་དོ།།ཁོས་བཱ་རན་ཁཱའི་འདྲ་པར་རང་གི་དཔེ་སྒྲོམ་དུ་བཞག ཁོ་སྔར་ལྟར་ངའི་གློར་ཡོང་ལ།བཱ་རན་ཁཱ་གླེང་ཞིང་ཁྱིམ་ཚང་གླེང་།གཉེན་སྒྲིག་ནི་མི་ཚེའི་དོན་ཆེན་ཞིག་ཡིན་ཚུལ་ཡང་གླེང་།ཁོ་ཁོབ་ལུན་ཁཱའི་ཁྱིམ་དུའང་རྒྱུན་པར་འགྲོ་མོད།ཁོའི་འཚོ་བ་རོལ་སྟངས་ལ་འགྱུར་བ་ཅི་ཡང་བྱུང་མེད།ཐ་ན་གཉེན་སྒྲིག་བྱེད་པའི་ཐག་གཅོད་ཀྱིས་ཁོ་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པ་དང་འདྲ་སྟེ།སྔར་བས་རིད་ཅིང་ངོ་གདོང་སྐྱ་བོར་གྱུར་ནས་སྔར་ལས་ཀྱང་ཟབ་པའི་ཤུབས་ཤིག་ཏུ་འཛུལ་བ་དང་འདྲ།
  “ང་བཱར་བ་རཱ་ཧྲ་བེ་ཞ་ན་ལ་དགའ་བོ་འདུག’ ཁོས་བཅོས་མའི་འཛུམ་ཞིག་བསྟན་ནས་ང་ལ་‘མི་ཚང་མ་གཉེན་སྒྲིག་བྱེད་འོས་པ་ངས་ཤེས་ཡོད་མོད།འོན་ཀྱང་་་་་་ཁྱོད་ཀྱིས་ཨེ་ཤེས།འདི་ཐམས་ཅད་ཀྱི་བྱུང་བ་ཤིན་ཏུ་གློ་བུར་བ་ཞིག་ཡིན་པས་་་་་་ངས་བློ་ཞིབ་མོས་འདང་ཞིག་རྒྱག་དགོས།’
 “ད་འདང་རྒྱག་རྒྱུ་ཅི་ཞིག་ཡོད?’ངས་ཁོ་ལ་‘གཉེན་སྒྲིག་བྱས་རྗེས་དོན་འགྲུབ་སོང་བ་རེད’ཅེས་བཤད།
  “གཉེན་སྒྲིག་ནི་མི་ཚེའི་དོན་ཆེན་ཡིན་པས།སྔོན་ལ་རང་གི་མིག་མདུན་དུ་ལྷག་པའི་འོས་འགན་ལ་འདང་རྒྱག་དགོས་་་་་་དེ་མིན་ན་རྗེས་ནས་རྙོག་དྲ་འདྲ་བྱུང་འོང་།འདིས་ང་རང་སེམས་ཁུར་ལ་གཏད་བྱུང་བས་ད་ལྟ་ང་རྒྱུན་པར་གཉིད་མི་ཁུགས། ངས་རང་ཉིད་དངངས་སྐྲག་སྐྱེས་བཞིན་ཡོད་པ་ཁས་ལེན་ཏེ།མོའི་ནུ་བོ་དང་མོའི་བསམ་གཞིག་བྱེད་སྟངས་མཚར་པོ་ཞིག་རེད།སྐད་ཆ་འཆད་ཚུལ་ཡང་དེ་འདྲ་རེད།དེ་མ་ཟད་གཤིས་ཀ་རྒོད་དུ་ཤོར་འདུག་པས།གཉེན་སྒྲིག་བྱས་ན་དཀའ་ལས་མི་ཉུང་བར་འཕྲད་ངེས།’
  “ཁོས་དུས་ཚོད་འགོར་འགྱངས་བྱས་ནས་གཉེན་མ་བསླང་བས།སློབ་གཙོའི་སྐུ་ལྕམ་དང་བཅས་པའི་བུད་མེད་ཚོ་བློ་ཕམ་བྱུང་ཡོད།ཁོས་རང་གི་མིག་མདུན་གྱི་འོས་འགན་ལ་ཡང་དང་བསྐྱར་དུ་འདང་རྒྱག་གིན་ཡོད་ལ།དེ་མཚུངས་སུ་ཉིན་རྒྱུན་དུ་བཱ་རན་ཁཱ་དང་ལྷན་དུ་ཕྱི་ལོགས་སུ་འཆམ་འཆམ་དུའང་འགྲོ་བཞིན་ཡོད།ཁོས་རང་གི་ད་ལྟའི་ཐོབ་ཐང་ལ་གཞིགས་ནས་ངེས་པར་འདི་ལྟར་སྒྲུབ་དགོས་སྙམ་པ་ཡིན་སྲིད།ཁོ་ངའི་གློར་ཡོང་ནས་ཁྱིམ་ཚང་གི་སྐོར་ཡང་གླེང་གི་ཡོད།གལ་ཏེ་གླན་ཀ་ཞིག་བྱུང་བ་མིན་ན་ཁོས་མཐའ་རྔ་མར་གཉེན་བསླང་ནས་དགོད་སྤྲོ་བའི་གཉེན་སྒྲིག་འདི་འགྲུབ་པར་བྱེད་ངེས།ང་ཚོའི་ས་ཆ་རུ་སུན་སྣང་དང་བྱ་བ་ཅི་ཡང་ལས་རྒྱུ་མེད་པའི་དབང་གིས་གཉེན་སྒྲིག་བྱས་པ་བརྗོད་ཀྱིས་མི་ལང་།བཱ་རན་ཁཱའི་ནུ་བོ་ཁོབ་ལུན་ཁཱ་གླེང་དགོས་འདུག་སྟེ།ཁོས་བྷེ་ལུ་ཁོབ་བཱུ་ངོ་ཤེས་པའི་ཉིན་དང་བོ་ནས་བཟུང་ཁོའི་སྟེང་ལ་སྙིང་ན་ཞིང་ཞེ་མེར་འདུག
  “ངས་དངོས་གནས་ཧ་མི་གོ’ཁོབ་ལུན་ཁཱས་ཕྲག་པ་འགུལ་ཙམ་བྱས་ནས་‘ཁྱོད་ཚོས་ལྐོག་ཞུ་བ་ཞིག་ཅི་ལྟར་བཟོད་བསྲན་བྱས་པ་ཡིན།སུན་སྣང་བསྐྱེད་པའི་ངོ་གདོང་རྫོབ་པོ་འདི།ཨ་ཧེ།ཁྱོད་ཚོས་འདི་ནས་འཚོ་བ་ཅི་ལྟར་རོལ།གནས་འདིའི་མཁའ་དབུགས་རྫོབ་ཅིང་ཉོག ཁྱོད་ཚོ་ལ་སློབ་གསོ་བ་དང་དགེ་རྒན་ཞེས་འབོད་འོས་སམ།ཁྱོད་ཚོ་ནི་དཔོན་ངན་ཁྱུ་གཅིག་གོ། ཁྱོད་ཚོའི་གནས་འདི་ཚན་རིག་གི་ཞིང་ས་མིན་པར་སྲིད་གཞུང་གི་སྡེ་ཁག་ཅིག་རེད།ཉེན་རྟོག་ཁང་ནས་ད་གཟོད་སྣོམ་ཐུབ་པའི་རུལ་དྲི་དེ་འཐུལ་གྱིན་འདུག མིན།གྲོགས་པོ་ལྷན་རྒྱས།ང་ཁྱོད་ཚོ་དང་ལྷན་དུ་ཡུན་རིང་མི་སྡོད་པར་ཕྱིར་རང་གི་གཞིས་ཀར་ལོག་འགྲོ ཡུལ་དེ་ནས་ཉ་གཟུང་ཞིང་ཨུག་རན་གྱི་བྱིས་པ་ཚོར་ཡི་གེ་བསླབ་ནས་འདུག ང་འགྲོ་སྲིད།ཁྱོད་ཚོ་འདི་ནས་ཁྱེད་ཅག་གི་རྗོའུ་སྒྲ་སི་དང་མཉམ་དུ་སྡོད།ཁོའི་རྣམ་ཤེས་དམྱལ་བར་ཕོངས།’
  “སྐབས་རེར་ཁོས་ཧབ་ཆ་བརྒྱབས་ནས་མིག་ནས་མཆི་མ་ཐོན་པར་བྱེད།དགོད་སྒྲས་རྣར་གཟན་པར་བྱེད་ལ་དེའི་རྗེས་ཁྲེལ་དགོད་བྱེད།ལག་པ་གཉིས་ཡར་བཀྱགས་ནས་གཡུག་ཞོར་དུ་ང་ལ‘ཁོའི་ངའི་ཁྱིམ་དུ་ཡོང་ནས་ཅི་ཞིག་བྱེད་བསམ་པ་རེད? ཁོ་ལ་ཅི་ཞིག་མཁོ་བ་རེད? ཁོ་བཙོག་པུར་བསྡད་རྗེས་མིག་གིས་ཅེར་འདུག’ཅེས་དྲིས་བྱུང་།
  “ཁོས་བྷེ་ལུ་ཁོབ་བཱུར་མཚང་མིང་ཞིག་ཀྱང་བཏགས་ཡོད། ‘སྡོམ།’ དོན་ཤིན་ཏུ་གོ་སླ་བས།ང་ཚོས་ཁོ་ལ་རང་གི་གཅེན་མོ་‘སྡོམ’་དང་གཉེན་སྒྲིག་བྱ་རྩིས་ཡོད་པ་ལགླེང་གི་མེད།ཐེངས་ཤིག་སློབ་གཙོའི་སྐུ་ལྕམ་གྱིས་ཁོ་ལ་གལ་ཏེ་རང་གི་གཅེན་མོ་བྷེ་ལུ་ཁོབ་བཱུ་ལྟ་བུའི་གཞན་གྱིས་ཡིད་རྟོན་བྱེད་ཅིང་རྩིས་མཐོང་ཆེ་བའི་མི་ཞིག་དང་གཉེན་སྒྲིག་བྱ་ཐུབ་ན་ཤིན་ཏུ་བཟང་ཚུལ་སོགས་ལབ་སྟེ་ཚིག་ཟུར་ནས་བརྡ་བསྟན་མོད།ཁོས་ངོ་གནག་ནས་‘འདི་ང་དང་འབྲེལ་བ་མེད།མོས་དུག་སྦྲུལ་ཞིག་དང་གཉེན་སྒྲིག་བྱས་ནའང་ངས་ཁ་ཡ་མི་བྱེད།ང་གཞན་གྱི་དོན་ལ་ཐེ་གཏོགས་བྱ་རྒྱུར་མི་དགའ’ཞེས་བཤད།
  “ད་ནི་དེའི་རྗེས་སུ་བྱུང་བའི་དོན་རྣམས་འཆད་པར་བྱ།པྲ་ཚགས་སུ་ཞིག་གིས་ཟུར་ཟའི་རི་མོ་ཞིག་བྲིས་འདུག བྷེ་ལུ་ཁོབ་བཱུས་ཆུ་ལྷམ་གྱོན་ཞིང་རྐང་སྣམ་ཡར་ལ་བརྫེས་ནས་ནས་ཆར་གདུགས་བཀར་འདུག་ཅིང་།བཱ་རན་ཁཱའི་ལག་པར་མཇུས་ནས་ལྷན་དུ་འགྲོ་བཞིན་འདུག འབྲི་ཤོག་གི་འདབས་སུ་‘མཛའ་གྲོགས་སྒྲིག་བཞིན་པའི་མི་’ཞེས་བྲིས་འདུག ཁྱོད་ཀྱིས་ཨེ་ཤེས། རི་མོ་འདི་དངོས་གནས་གསོན་ཉམས་ལྡན་པ་ཞིག་བྲིས་འདུག འབྲི་མཁན་གྱིས་ཞག་མ་གཅིག་ལ་དཀའ་ལས་བརྒྱབས་པ་ཙམ་མིན་པ་འདྲ་སྟེ།བུའི་སློབ་གྲྭ་དང་བུ་མོའི་སློབ་གྲྭ་དང་དགེ་ཐོན་སློབ་གྲྭ་བཅས་ཀྱི་དགེ་རྒན་ཚོ་དང་གཞུང་གི་དཔོན་རིགས་རྣམས་མི་རེ་རེའི་ལག་ཏུ་ཟུར་ཟའི་རེ་མོ་རེ་འབྱོར་ཡོད་ལ།བྷེ་ལུ་ཁོབ་བཱུའི་ལག་ཏུའང་འབྱོར་བྱུང་བས།འདིས་ཁོ་ལ་བསྡུག་བསྔལ་བཟོད་ལྷག་མེད་པ་བསྐྱལ་འོངས།
  “ང་ཚོ་མཉམ་དུ་སྒོར་བུད་པ་ཡིན།ཉིན་དེ་ནི་གཟའ་ཉི་མ་ཡིན་ལ་ལྔ་གཅིག་དུས་ཆེན་ཡང་ཡིན།ང་ཚོ་དགེ་སློབ་ཚང་མ་སློང་གྲྭའི་སྒོར་འདུས་ནས་གྲོང་ཆེར་ཕྱི་རོལ་གྱི་ནགས་གསེང་དུ་སོང་བ་ཡིན།ང་ཚོ་ཕྱིར་ལོག་དུས་ཁོའི་ངོ་གདོང་ལྕགས་ལྟར་སྔོ་ཞིང་སྤྲིན་ནག་ལྟར་འཐིབ་འདུག
  “འཇིག་རྟེན་དུ་འདི་འདྲའི་མི་བསམ་ནག་ཀྱང་འདུག’ཁོས་མཆུ་ཏོ་འདར་ཞོར་དུ་བཤད།
  “ངས་ཐ་ན་ཁོ་ལ་སྙིང་རྗེའང་སྐྱེས་བྱུང་།ང་ཚོ་འགྲོ་བཞིན་པའི་སྒང་ལ་གློ་བུར་དུ་ཁོབ་ལུན་ཁཱ་ལྕགས་རྟར་བཞོན་ནས་སླེབས་བྱུང་།བཱ་རན་ཁཱ་ཁོའི་རྗེས་སུ་ཡོད་ལ་མོ་ཡང་ལྕགས་ལྟར་བཞོན་འདུག མོའི་ངོ་གདོང་དམར་པོར་གྱུར་ནས་ཤིན་ཏུ་ཐང་ཆད་པར་སྣང་ཡང་།སེམས་ཁམས་དྭངས་ཤིང་དགའ་སྤྲོས་ཁེངས་འདུག
  “ང་ཚོ་སྔོན་ལ་བུད་འགྲོ’བཱ་རན་ཁཱས་དེ་སྐད་སྨྲས་ཤིང་‘གནམ་གཤིས་བཟང་གི་ཡ།དངོས་གནས་བཟང་གི’ཞེས་བཤད།”
  “ཁོང་གཉིས་ང་ཚོའི་མཐོང་ལམ་ནས་ཡལ་སོང་།བྷེ་ལུ་ཁོབ་བཱུའི་ངོ་མདོག་སྔོ་ནག་ནས་ཐལ་སྐྱ་རུ་གྱུར་ཞིང་ལུས་པོ་འཁུམ་སོང་བ་དང་འདྲ་བར་སྐྱོད་མཚམས་བཞག་ནས་ང་ལ་‘འདི་ཅི་ཞིག་རེད?ང་ལ་ཤོད་དང་’ཞེས་དྲིས།‘ཡང་ན་ང་རང་མིག་འཁྲུལ་བྱུང་བ་ཨེ་རེད? སློབ་འབྲིང་དགེ་རྒན་དང་བུད་མེད་ཚོ་ལྕགས་རྟར་བཞོན་པ་ནི་ཚུལ་མཐུན་ཞིག་རེད་དམ།’
  “ཚུལ་མཐུན་མིན་རྒྱུ་ཅི་ཡིན?’ངས་འདི་སྐད་སྨྲས།‘ཁོ་ཚོར་ཡིད་ཚིམ་པ་ཞིག་བཞོན་དུ་ཆུགས་ཡ།’
  “འདི་ལྟར་བྱེད་ག་ལ་ཆོག’ཁོས་སྐད་ཅོར་རྒྱབ་བྱུང་།ཁོ་ངའི་ཞི་ལྷོད་ཀྱི་ངང་ཚུལ་ལ་ཧ་ལས་ཏེ་‘ཁྱོད་ཀྱིས་ཅི་ཞིག་བཤད་ཀྱིན་ཡོད’ཟེར།
  “ཁོ་རང་ཧ་ལས་ཏེ་ཅི་ཞིག་ལ་འདང་རྒྱབ་ནས་མུ་མཐུད་དུ་མདུན་ལ་འགྲོ་མི་འདོད་པར་གྱུར་བས་ཕྱིར་ཁྱིམ་ལ་ལོག་སོང་།ཕྱིར་ཉིན་ཁོས་ལག་པ་བར་མེད་དུ་ཕུར་ཕུར་བྱེད་ཅིང་ལུས་པོ་རང་རང་དབང་ན་མེད་པར་འདར་སིག་སིག་བྱེད་ཀྱིན་འདུག ཁོའི་ངོ་མདངས་ལས་ལུས་ཁམས་བདེ་ཡི་མེད་པ་ཤེས་ཐུབ།ཁོ་ལས་ཚོགས་མ་གྲོལ་སྔོན་དུ་ཕྱིར་བུད་སོང་།འདི་ནི་ཁོར་མཚོན་ན་ཐེངས་དང་བོ་ཡིན།ཁོས་དྲོས་ཇ་ཡང་མ་འཐུང་།ས་སྲོད་ལ་ཉེ་ཞིང་གནམ་གཤིས་དྲོད་འཇམ་ལྡན་ནའང་།ཁོས་རང་ཉིད་ལྭ་བ་མཐུག་པོས་བཏུམས་ནས་ཁོབ་ལཱུན་ཁཱ་ཚང་གི་ཕྱོགས་སུ་ཆས་སོང་།བཱ་རན་ཁཱ་ཁྱིམ་ན་མེད་པས་མོའི་ནུ་བོ་དང་ཕྲད་བྱུང་།
  “སྡོད།’ ཁོབ་ལཱུན་ཁཱས་སྨིན་མ་བསྡུས་ནས་ཧ་ཅང་མི་འཐད་པའི་སྒོ་ནས་བཤད།ཁོ་ད་སོ་མ་མལ་ལས་ལྡང་བ་བཞིན་གཉིད་མ་སད་ཅིག་ཏུ་འདུག་ལ་སེམས་པའང་སྨྲེང་བས་ཁེངས་འདུག
  “བྷེ་ལུ་ཁོབ་བཱུ་ཁ་རོག་གེར་སྐར་མ་བཅུ་ཙམ་ལ་བསྡད་རྗེས་གཞི་ནས་ཁ་གྲག་བྱུང་།
  “ང་འདིར་ཡོང་དོན་ནི་སེམས་ཁོང་གི་ཁུར་བོ་ཇེ་ཆུང་དུ་གཏོང་བའི་ཆེད་དུ་ཡིན།དཀྲོག་གཏམ་བཟོ་བར་དགའ་བའི་མི་ཞིག་གིས་ང་དང་འུ་གཉིས་ལ་ཆ་རྒྱུས་ཡོད་པའི་བུད་མེད་ཅིག་ལ་ཟུར་ཟའི་རི་མོ་བྲིས་འདུག ངས་ཁྱོད་ལ་གསལ་བཤད་ཅིག་བྱེད་པའི་འོས་འགན་མཆིས་པར་འདོད་ཡོད།དོན་འདི་ང་དང་འབྲེལ་བ་སྤུ་ཙམ་ཡང་མེད།ངས་རང་ཉིད་ལ་གཞན་གྱིས་འདི་འདྲའི་འཕྱ་དམོད་ཅིག་བྱེད་དགོས་པའི་དོན་གང་ཡང་བསྒྲུབས་མེད།དེ་ལས་ལྡོག་སྟེ།ང་ནི་ནམ་ཡང་ཚུལ་ལྡན་གྱི་སྐྱེ་བོ་ཞིག་དང་འདྲ་བར་ལས་ལ་འཇུག་བཞིན་ཡོད།’
  “ཁོབ་ལཱུན་ཁཱ་བཙོག་ནས་འདུག་པ་ལས་ཅི་ཡང་མ་བཤད་མོད།ཁོང་ཁྲོ་ལངས་ནས་བསྲན་མི་ཚུགས་པར་གྱུར་ཡོད།ཡུད་ཙམ་འགོར་རྗེས་བྷེ་ལུ་ཁོབ་བཱུས་སྐྱོ་ཤས་ཁ་བོས་‘ངས་ད་དུང་ཁྱོད་ལ་དོན་དག་ཅིག་བཤད་དགོས་འདུག ངས་དཔེ་ཁྲིད་བྱས་ནས་ལོ་མང་བོ་ཞིག་འགོར་ཡོད།ཁྱེད་རང་ལས་ཀར་ཞུགས་མ་ཐག་ཡིན་པས།དགེ་རྒན་རྒན་པ་ཞིག་གི་ཆ་ནས་ཁྱོད་ལ་གསལ་བརྡ་ཞིག་གཏོང་བའི་འོས་འགན་ཡོད།ཁྱེད་ལྕགས་རྟར་བཞིན་གྱིན་འདུག སྐྱོ་སངས་ཀྱི་ལས་འདི་རིགས་དགེ་རྒན་ལོ་ཆུང་ཞིག་ལ་མཚོན་ན་འོས་མཚམ་ཞིག་གཏན་ནས་མ་རེད།’
  “ཅིའི་ཕྱིར།’ཁོབ་ལཱུན་ཁཱས་སྐད་གསང་དམའ་མོས་དྲིས།
  “འདི་ལ་འགྲེལ་བཤད་ཅིག་དགོས་སམ།མེ་ཧེལ་ས་བི་ཆཱི།ཁྱོད་ཀྱིས་དངོས་གནས་ཧ་མི་གོ་བ་ཨེ་རེད།གལ་ཏེ་དགེ་རྒན་གྱིས་ལྕགས་རྟ་བཞོན་ཆོག་ན།སློབ་མ་ཚོས་ཅི་ཞིག་བསྒྲུབ་འོས།ཁོ་ཚོས་རྐང་བ་གཉིས་གནམ་ལ་བསྟན་ནས་འགྲོ་ཆོག་པ་མ་ཡིན་ནམ།སྲིད་གཞུང་གིས་བཀའ་རྒྱ་བཀྲམ་ནས་ཆོག་མཆན་བཀོད་མེད་པ་ཞིག་ཡིན་ན་བསྒྲུབ་མི་རུང་།ང་ཁ་སང་དངོས་གནས་ཧ་ལས་སོང་།ཁྱེད་ཀྱི་གཅེན་མོ་མཐོང་བའི་དུས་སུ་མིག་ལམ་ནས་འཇིག་རྟེན་ཧྲིལ་བོ་གཡོ་སྐྱོམ་བྱས་སོང་།བུད་མེད་ཅིག་གམ་བུ་མོ་ཞིག་ལྕགས་རྟར་བཞོན་པ་ནི་དངོས་གནས་ཧ་ལས་དགོས་པ་ཞིག་རེད།’
  “ཁྱོད་ཀྱིས་དོན་ངོ་མར་ཅི་ཞིག་བྱ་འདོད།’
  “ངས་ཁྱོད་ལ་གསལ་བརྡ་ཞིག་གཏོང་འདོད་པ་ཡིན།མེ་ཧེལ་ས་བི་ཆཱི།ཁྱེད་ལོ་ན་གཞོན་པས་འདུན་ལམ་རྒྱ་ཆེན་པོ་ཡོད་ངེས།རང་གི་འགྲོ་འདུག་སྤྱོད་གསུམ་ལ་གཟབ་གཟབ་བྱས་ན་རེད།འོན་ཀྱང་ཁྱེད་ནི་དེ་འདྲའི་རང་སྣང་གང་ཤར་བྱེད་མཁན་ཞིག་རེད།ཁྱེད་ཀྱིས་སྟེང་དུ་མེ་ཏོག་བཙགས་པའི་ཚི་ལེན་གྱོན་ནས་ནས་སྒོར་འགྲོ་ཞིང་།རྒྱུན་པར་ལག་ལ་དཔེ་ཆ་བཟུང་ནས་སྲང་དུའང་ཆས་འགྲོ།ད་ལྟ་ཡང་ལྕགས་རྟར་ཞོན་གྱིན་འདུག ཁྱེད་དང་ཁྱེད་ཀྱི་གཅེན་མོ་ལྕགས་རྟར་བཞོན་པའི་དོན་འདི་ནམ་ཞིག་ལ་སློབ་གཙོས་ཤེས་ངེས།དེ་ནས་དོན་འདི་སློབ་བཤེར་འགོ་བས་གོ་ན་་་་་་མཇུག་འབྲས་བཟང་བོ་ཞིག་ཡོད་དམ།’
  “ང་དང་ངའི་གཅེན་མོ་ལྕགས་རྟར་བཞོན་པ་དེ་སུ་ལའང་འབྲེལ་བ་མེད།’ཁོབ་ལཱུན་ཁཱས་དེ་སྐད་སྨྲས་ཤིང་།ངོ་གདོང་དམར་པོར་གྱུར་ནས་‘སུ་ཞིག་གིས་ངའི་ཁྱིམ་ཚང་གི་སྒེར་དོན་ལ་ཐེ་གཏོགས་བྱས་ན།ངས་དེ་རང་དགར་མི་འཇོག’ཅེས་བཤད།
  བྷེ་ལུ་ཁོབ་བཱུའི་ངོ་གདོང་སྐྱ་བོར་གྱུར་ནས་ཡར་ལངས་བྱུང་།
  “གལ་ཏེ་ཁྱེད་ཀྱིས་ང་ལ་འདི་ལྟར་སྐད་ཆ་བཤད་ན།ངས་མུ་མཐུད་དུ་བཤད་ཐབས་མི་འདུག’ ཡང་ཁོས་‘རྗེས་ཕྱོགས་ངའི་གློ་ནས་གོང་རིམ་ལ་ཡིན་མིན་གྱི་སྐད་ཆ་མ་བཤད།ཁྱེད་ཀྱིས་སྲིད་འཛིན་གཞུང་ཕྱོགས་ལ་བརྩི་བཀུར་བྱས་ན་འགྲིག་’ཟེར།
  “ཅི་ཞིག? ངས་སྲིད་འཛིན་གཞུང་ཕྱོགས་ལ་ངན་བཤད་མྱོང་ངམ’ཁོབ་ལཱུན་ཁཱས་ཕྱིར་དྲིས་པ་དང་ཁོ་ལ་སྡང་མིག་སྤྲད་ནས་‘ང་ནི་མི་གཞུང་དྲང་ཞིག་ཡིན།སྐུ་ཞབས་ཁྱེད་ལྟ་བུ་ལ་ཁ་བརྡ་གློད་འདོད་མེད།ང་ལྐོག་ཞུ་བ་ལ་དགའ་བོ་མེད།’ཅེས་བཤད།
  “བྷེ་ལུ་ཁོབ་བཱུར་གློ་བུར་དུ་འཚུབ་ཆ་ལངས་པ་དང་།བྲེལ་བྲེལ་ངང་ལྭ་རིང་གྱོན་ཞིང་གདོང་ནས་ཧ་ལས་ཤིང་ཧང་སང་བའི་ཉམས་མངོན།འདི་ནི་ཁོའི་མི་ཚེའི་ཁྲོད་མི་ཞིག་གིས་ཁོ་ལ་ཐེངས་དང་བོར་ཁ་རྡུང་བཏང་བ་ཡིན།
  “ཁྱེད་ཀྱིས་ཅི་ཞིག་བཤད་འདོད་ན་དེ་ཤོད’ཁོས་འདི་ལྟར་བཤད་ཞོར་སྒོར་བུད་ནས་སྐས་རིམ་གྱི་ཕྱོགས་སུ་ཆས།‘ངས་ཁྱེད་ལ་གསལ་བཤད་བྱེད་རྒྱུ་ཞིག་ལ།མི་གཞན་གྱིས་འུ་གཉིས་ཀྱི་ཁ་བརྡར་ལྐོག་ཉན་བྱས་ཡོད་ཀྱང་སྲིད།གཞན་གྱིས་ཁ་བརྡའི་ནང་དོན་འཁྱོག་སྒྱུར་བྱས་ནས་རྙོག་དྲ་འདྲ་མི་འབྱུང་བའི་ཆེད་དུ།ངས་འུ་གཉིས་ཀྱི་ཁ་བརྡའི་ནང་དོན་སྤྱི་བམ་ཞིག་སློབ་གཙོར་སྙན་ཞུ་འབུལ་རྒྱུ་ཡིན།ངས་ངེས་པར་འདི་ལྟར་བསྒྲུབ་དགོས།’
  “སྙན་ཞུ།སོང་ཡ།སྙན་ཞུ་བྱེད་དུ་སོང་ཡ།’
  “ཁོབ་ལཱུན་ཁཱས་ཁོའི་རྒྱབ་ཕྱོགས་ནས་ལྭ་བའི་གོང་བར་འཇུས་ཏེ་ཤུགས་ཀྱིས་སྔུན་ལ་དེད་པས།བྷེ་ལུ་ཁོབ་བཱུ་ཆུ་ལྷམ་དང་ལྷན་དུ་ཁྲོག་སྒྲ་དང་བཅས་མར་ལ་འགྲིལ།སྐས་རིམ་མཐོ་ཞིང་གཟར་མོད།འགྲིལ་ནས་མར་ཐོན་དུས་བྷེ་ལུ་ཁོབ་བཱུར་རྨས་སྐྱོན་ཅི་ཡང་ཕོག་མི་འདུག ཁོ་ཡར་ལངས་ཤིང་སྣ་བར་རེག་ཙམ་བྱས་ནས་མིག་ཤེལ་ལ་ཆག་སྐྱོན་བཟོས་ཡོད་མེད་བལྟས།འོན་ཀྱང་ཁོ་སྐས་ཐོག་ནས་མར་འགྲིལ་བཞིན་པའི་མཚམས་དེར་བཱ་རན་ཁཱས་བུད་མེད་གཉིས་ཁྲིད་ནས་ནང་དུ་སླེབས་ཤིང་།ཁོ་མོ་ཚོས་སྐས་རིམ་གྱི་འོག་ན་ཡར་འགྲེང་ནས་བལྟས་འདུག འདི་བྷེ་ལུ་ཁོབ་བཱུར་མཚོན་ན་ཧ་ཅང་སྐྲག་དགོས་པ་ཞིག་རེད།ཁོའི་སྐེ་ཚིགས་བསྒྱུར་ནས་རྐང་བ་གཉིས་བཅག་དགོས་ཀྱང་གཞན་གྱི་ཁྲེལ་དགོད་བྱ་ཡུལ་དུ་འགྱུར་འདོད་མེད།ད་ནི་གྲོང་ཁྱེར་ཡོངས་སུ་དོན་འདི་ས་ཁྱབ་རྡོ་ཁྱབ་བྱ་ངེས་རེད།སློབ་གཙོ་དང་སློབ་བཤེར་འགོ་བའི་རྣ་ལམ་དུའང་གྲག་ངེས་རེད།ཨ་ཧོ།ད་ནི་རྙོག་དྲ་གསར་བ་འདྲ་མི་འབྱུང་བ་ག་ལ་སྲིད་དེ།སུ་ཞིག་གིས་ཟུར་ཟའི་རི་མོ་གསར་བ་ཞིག་ཀྱང་འབྲི་ངེས།མཇུག་མཐར་བཀའ་ལྟར་ལས་ཁུར་དགོངས་ཞུ་བྱ་རྒྱུ་ལས་འོས་མེད་་་་་་།
  “ཁོ་ཡར་ལངས་མ་ཐག་བཱ་རན་ཁཱས་བྷེ་ལུ་ཁོབ་བཱུ་ངོས་ཟིན་སོང་།ཁོའི་དགོད་སྤྲོ་བའི་ངོ་གདོང་དང་ལྟེབ་གཉེར་མང་བའི་ལྭ་རིང་།ད་དུང་ཁོའི་ཆུ་ལྷམ་ཆ་གཅིག་བཅས་མཐོང་རྗེས།དོན་གྱི་མགོ་རྔར་ཆ་རྒྱུས་མེད་པས་རང་གིས་སེམས་ཆུང་མ་བྱས་པར་སྐས་རིམ་ལས་གྲིལ་ཡོང་བ་ལོས་ཡིན་སྙམ་ནས་བསྲན་མི་ཚུགས་པར་དགོད་རྒྱུ་ཞིག་གཏིང་ནས་ཐོན་པས།ཁྱིམ་ཧྲིལ་བོ་ཁོ་མོའི་ཧབ་ཆས་ཁེངས་སོང་།
  “ཧ་ཧ་ཧ།’
  “བསྟུད་བསྟུད་དུ་གྲགས་ལ་གསལ་ཞིང་མཐོ་བའི་‘ཧ་ཧ་ཧ’ཞེས་པའི་དགོད་སྒྲ་འདིས་ཡོད་ཚད་མཇུག་བསྒྲིལ།གཉེན་དོན་འདི་མཇུག་བསྒྲིལ་ལ་བྷེ་ལུ་ཁོབ་བཱུའི་མི་ཚེ་ཡང་མཇུག་བསྒྲིལ།ད་ནི་ཁོས་བཱ་རན་ཁཱས་ཅི་ཞིག་བཤད་ཀྱིན་པ་མི་གོ་ལ་དངོས་པོ་གང་ཡང་མཐོང་མི་སྲིད།ཁོ་རང་ཁྱིམ་ལ་ཐོན་རྗེས་ཀྱི་ལས་ཀ་དང་བོ་ནི་དཔེ་སྒྲོམ་ལས་བཱ་རན་ཁཱའི་པར་ཕྱིར་ལེན་པ་དེ་རེད།དེའི་འཕྲོར་ཁོ་མལ་ཁྲིའི་སྟེང་དུ་ཉལ་བ་དང་དེ་ནས་བཟུང་ཡར་ལངས་རྒྱུ་མ་བྱུང་།
  “ཉིན་གསུམ་འགོར་རྗེས་ཨ་ཧྥ་ནཱ་སའེས་ང་བཙལ་ནས་ཐོན་བྱུང་ལ།སྨན་པ་ཞིག་འབོད་དགོས་མིན་ང་ལ་དྲིས།རྒྱུ་མཚན་ནི་ཁོའི་བདག་པོའི་གནས་ཚུལ་བཟང་རྒྱུ་མེད་པས་རེད།ང་བྷེ་ལུ་ཁོབ་བཱུའི་སར་སོང་བ་ཡིན།ཁོ་ཉལ་གུར་གྱི་ནང་དུ་ལུས་པོ་ཉལ་ཐུལ་གྱིས་བཏུམས་ནས་འདུག ཁོར་སྐད་ཆ་རེ་དྲིས་ཚེ།‘རེད’དང‘མ་རེད’ཁོ་ནས་ལན་ལྡོག་པ་ལས་ཚིག་གཅིག་ཀྱང་མི་བཤད།
  “བྷེ་ལུ་ཁོབ་བཱུ་ཉལ་འདུག་ཅིང་།ཨ་ཧྥ་ནཱ་སའེ་བློ་མི་བདེ་བར་ཉལ་ཁྲིའི་འགྲམ་ནས་ཕར་འགྲོ་ཚུར་འགྲོ་བྱས་ནས་དངན་པ་རིང་བོ་འཐེན།ཁོའི་ལུས་སྟེང་དུ་རིམ་པ་དམའ་བའི་ཆང་ཁང་ནས་མཆེད་པའི་ཆང་དྲིས་ཁྱབ་འདུག
  “ཟླ་བ་གཅིག་གི་རྗེས་སུ་བྷེ་ལུ་ཁོབ་བཱུ་ཤི་སོང་།ང་ཚོ་ཚང་མ་ཁོའི་འདས་མཆོད་ལ་ཞུགས།བུའི་སློབ་གྲྭ་དང་བུ་མོའི་སློབ་གྲྭ།ཆོས་ལུགས་སློབ་གྲྭ་བཅས་ཀྱི་མི་ཚང་མ་འདུས་ཡོད།ད་ལྟ་ཁོ་པུར་སྒམ་ནང་རྐན་རྐྱལ་དུ་ཡོད་ལ།གདོང་ལས་ཞི་ལྷོད་དང་སྐྱིད་སྣང་གི་སྙམ་ཞིག་མངོན།ཁོ་ཕལ་ཆེར་མི་རྣམས་ཀྱིས་ཕྱིར་ཡོང་མེད་པའི་ཤུབས་སུ་བཅུག་པར་དགའ་སྤྲོ་སྐྱེས་བཞིན་ཡོད་པ་འདྲ།རེད་ཡ།ཁོས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱས་སོང་།གནམ་རྒན་མས་ཀྱང་ཁོ་ལ་གུས་འདུད་ཞུ་བ་དང་འདྲ་བར་པུར་སྐྱེལ་བའི་སྐབས་སུ་སྤྲིན་ནག་འཁྲུག་ནས་ཆར་བ་བབས་བྱུང་།ང་ཚོས་ཆུ་ལྷམ་གྱོན་ཞིང་ཆར་གདུགས་བཀལ་ཡོད།བཱ་རན་ཁཱ་ཡང་འདུས་མཆོད་ལ་ཞུགས་ཡོད།པུར་སྒམ་ས་འོག་ཏུ་འཇུག་པའི་སྐབས་དེར་བཱ་རན་ཁཱ་སྐད་ཆེན་པོས་ངུས་བྱུང་།ངས་ཨུག་རན་གྱི་བུད་མེད་ཚོས་ངུ་འབོད་བྱེད་པའམ་ཡང་ན་ཧབ་ཆ་ཁོ་ན་རྒྱག་པ་ཤེས་བྱུང་།འདི་གཉིས་ཀྱི་བར་དུ་གནས་པའི་སྐབས་ཤིག་མེད་དོ།།
  “ངས་ཁས་ལེན།བྷེ་ལུ་ཁོབ་བཱུ་ལྟ་བུའི་མི་དུར་འཇུག་བྱེད་པ་ནི་ཡིད་རབ་ཏུ་སྤྲོ་བའི་དོན་དག་ཅིག་རེད།དུར་ས་ནས་ཕྱིར་ལོག་དུས།ཚང་མས་གཟབ་ནན་དང་ཡིད་སྡུག་པའི་ཉམས་ཤིག་བསྟན་ནས་སེམས་ཀྱི་དགའ་སྤྲོ་ཕྱིར་མངོན་དུ་མི་འཇུག སེམས་ཀྱི་མྱོང་ཚོར་འདི་ལྟ་བུ་ང་ཚོར་སྔོན་ཆད་ཞིག་ནས་ཡོད་མྱོང་།སྐབས་དེར་ང་ཚོ་བྱིས་པ་ཏག་ཏག་ཡིན།ཁྱིམ་མི་ཚོ་ཕྱི་ལ་སོང་ཤུལ་དུ་ང་ཚོ་མེ་ཏོག་ལྡུམ་རའི་ནང་དུ་སོང་ནས་ཆུ་ཚོད་གཅིག་གཉིས་ཙམ་ལ་ཡར་རྒྱུག་མར་རྒྱུག་བྱས་ནས་རང་དབང་གི་བདེ་བ་ཉམས་སུ་མྱངས།ཨ།རང་དབང་ཡ་རང་དབང་།དེ་ནི་རང་དབང་གི་གྲིབ་གཟུགས་ཙམ་དང་རེ་བ་དར་སྐུད་ཕྲ་མོ་ཙམ་ལས་མིན་རུང་།ང་ཚོའི་བླ་སྲོག་ལ་གཤོག་ཟུང་སྤྲོད་ཐུབ།འདི་ལྟ་བུ་ཞིག་མིན་ནམ།
  “ང་ཚོ་དུར་ས་ནས་ཕྱིར་ལོག་དུས་ཚང་མའི་སེམས་པ་དགའ་སྤྲོས་ཁེངས་ཡོད་མོད།གཟའ་འཁོར་གཅིག་ཙམ་འགོར་རྗེས་འཚོ་བ་སླར་ཡང་སྔར་ལྟར་གཟབ་ནན་དང་བྱིང་ཉོབ།གསོན་ཤུགས་མེད་པར་གྱུར་སོང་།འདི་ནི་གསལ་བོར་དམ་བསྒྲགས་བྱས་མེད་ལ་སྒོ་འབྱེད་ཀྱང་བྱས་མེད་པའི་འཚོ་བ་ཞིག་རེད།འཚོ་བ་ཇེ་བཟང་དུ་གྱུར་མ་སོང་།ཡིན་ཀྱང་སྲིད་དེ།བྷེ་ལུ་ཁོབ་བཱུ་དུར་འཇུག་བྱས་ནའང་ཁོ་དང་འདྲ་བའི་ཤུབས་ནང་གི་མི་ད་དུང་ཅི་འདྲའི་མང་བོ་ཞིག་ཡོད་ཨང་།”
  “འདི་གནད་དོན་རེད།”ཡེ་བཱན་ཡེ་བཱན་ནེ་ཆཱས་ཐ་མག་འཐེན་ཞོར་དུ་བཤད་བྱུང་།
  “མ་འོངས་པར་ཅི་འདྲའི་མང་བོ་ཞིག་ཡོད་སྲིད།།”པོར་ཁཱིན་གྱིས་བསྐྱར་བཤད་ཅིག་བྱས།སློབ་འབྲིང་དགེ་རྒན་འདི་འབྲི་མཛོད་ལས་སྒོར་བུད་བྱུང་།ཁོའི་ལུས་པོ་ཐུང་ཞིང་རྒྱགས་ལ་ཀླད་དམར་ཞིག་ཀྱང་ཡིན།ཁ་སྤུ་རིང་བོ་སྐེད་པའི་མཚམས་སུ་སླེབས་པ་ཞིག་བཞག་ཡོད།ཁྱི་གུ་གཉིས་ཀྱང་ཁོའི་རྗེས་དེད་ནས་ཐོན་འདུག
  “ཟླ་བ་ཞིག”ཁོས་འདི་ལྟར་བཤད་བྱུང་ལ།མིག་གིས་བར་སྣང་དུ་བལྟས་འདུག
  སྐབས་འདིར་མཚན་གུང་ཡིན་ལ།གཡས་ཕྱོགས་སུ་བལྟས་ཚེ་གྲོང་ཚོ་ཧྲིལ་བོ་གསལ་ལེར་མཐོང་ཐུབ།སྲང་ཤག་རེ་རེ་རྒྱང་རིང་དུ་འཐེན་འདུག་ཅིང་ཕལ་ཆེར་རིང་ཚད་ལ་དབྱིན་ལེ་ལྔ་ཙམ་ཡོད་སྲིད།ཐམས་ཅད་གཏིང་རིང་ཞིང་ལྷིང་འཇགས་ཀྱི་རྨི་ལམ་དུ་འཐིམ་ནས།གྲག་འགུལ་ཅི་ཡང་མེད་ལ་སྒྲ་ཨེན་ཙམ་ཡང་མེད་པས།མི་རྣམས་ཐ་ན་རང་བྱུང་ཁམས་ནི་འདི་འདྲའི་ལྷིང་འཇགས་ཤིག་ཡིན་པར་ཡིད་ཆེས་བྱེད་དཀའ་བར་གྱུར།ཁྱོད་ཀྱིས་ཟླ་འོད་འོག་ནས་ཞིང་གྲོང་གི་ཁོད་ཡངས་པའི་སྲང་ལམ་དང་ཁང་ཁྱིམ།རྩྭ་ཕུང་དང་གཉིད་དུ་གཡུར་བའི་ལྕང་སྡོང་སོགས་མཐོང་ཚེ།སེམས་པ་གཞི་ནས་ལྷོད་ལ་འབབ་ཐུབ།ལྷིང་འཇགས་འདིའི་ཁྲོད་དུ།མཚན་ལྗོངས་ཀྱིས་གྲོང་ཚོའི་ཕྱི་ནང་བཏུམས་ཤིང་།གྲོང་ཚོ་སྡུག་བསྔལ་དང་སྐྱོ་སྨྲེང་མཐའ་དག་ལ་བྲལ་ནས།མཛེས་སྡུག་ཞི་འཇམ་གྱི་ཚུལ་ཏུ་མངོན་པས།སྐར་ཚོགས་ཀྱིས་ཀྱང་མཛའ་བརྩེའི་འཛུམ་ཞལ་གྱིས་བལྟས་འདུག་པ་དང་འདྲ་ལ།མི་དགེ་བ་ཡོད་ཚད་ཞི་བར་གྱུར་ནས་འཇིག་རྟེན་ལ་བདེ་བ་ཐོབ་པ་དང་ཡང་འདྲ།གཡོན་ཕྱོགས་ནི་མཐའ་མི་མངོན་པའི་རྩྭ་ཐང་ཞིག་ཡིན་ལ་གྲོང་མཐའི་ནགས་འདབས་ནས་རྒྱང་རིང་གི་གནམ་སའི་འདྲེས་མཚམས་སུ་བསྲིངས་འདུག ཁྱོན་ཡངས་པའི་ས་ཆེན་འདི་ཡང་ཟླ་འོད་ཀྱི་ཁྲུས་ལ་ཞུགས་པ་བཞིན།འཇམ་ལྷང་ངེར་གྲག་འགུལ་དང་སྒྲ་ཨེན་ཙམ་ཡང་མི་འདུག
  “འདི་གནད་དོན་རེད”ཡེ་བན་ཡེ་བན་ནེ་ཆཱས་སྐད་ཆ་འདི་བསྐྱར་ཟློས་བྱས།“འོན་ཀྱང་ང་ཚོ་མཁའ་དབུགས་རྫོབ་ལ་འཚང་ཁ་ཆེ་བའི་གྲོང་ཁྱེར་དུ་བསྡད་ཡོད།དགོས་མེད་ཀྱི་རྩོམ་འབྲི་ཞིང་སྙིང་བོས་དབེན་པའི་ཤོ་རྩེད་བྱེད།འདི་ང་ཚོའི་ཤུབས་མིན་ནམ།ང་ཚོའི་མི་ཚེ་ཁྲོ་སླ་བའི་སྐྱེས་པ་དང་གླེན་ཞིང་སྒྱིད་ལུགས་ཆེ་བའི་བུད་མེད་ཚོའི་གྲས་ནས་རྫོགས་ལ།དགོས་མེད་ཀྱི་ཉོག་གཏམ་མང་བོ་ཞིག་འཆད་ཅིང་མཉན་པར་བྱེད་པའང་ང་ཚོའི་ཤུབས་མིན་ནམ།ད་ཆོག་གི།གལ་ཏེ་ཁྱེད་ལ་ཉན་འདོད་ཡོད་ན།ངས་བློ་འབྱེད་ཐེབས་སུ་འཇུག་པའི་གཏམ་རྒྱུད་ཅིག་བཤད་ཡ།”
  “མི་དགོས།མི་དགོས།སང་ཉིན་ཤོད།”པོར་ཁཱིན་གྱིས་བཤད།
  ཁོང་གཉིས་ཕྱིར་འབྲུ་མཛོད་དུ་ལོག་ནས་རྩྭ་ཕུང་སྐམ་པོའི་སྟེང་དུ་ཉལ།ཉལ་ཐུལ་ཏུ་འཛུལ་ནས་གཉིད་གྲབས་བྱེད་པའི་སྐབས་ཕྱི་རོལ་ནས་གློ་བུར་དུ་‘ཧྲག་ཧྲག’ཅེས་པའི་གོམ་སྒྲ་ཡང་མོ་ཞིག་གྲག་འོང་།མི་ཞིག་འབྲུ་མཛོད་ཀྱི་འགྲམ་ནས་འགྲོ་བཞིན་འདུག ཅུང་ཙམ་སོང་རྗེས་བསྡད་བྱུང་།སྐར་མ་གཅིག་ཙམ་གྱི་རྗེས་ནས་ཡང་‘ཧྲག་ཧྲག’གི་སྒྲ་དང་མཉམ་དུ་བུད་སོང་ལ།ཁྱི་ཡང་ཟུག་མགོ་བརྩམས་བྱུང་།
  “སྨཱ་ཧྥོ་རཱ་རེད།”པོར་ཁཱིན་གྱིས་བཤད།
  གོམ་སྒྲ་རིམ་བཞིན་ཡལ་བར་གྱུར།
  “ཁྱོད་ཀྱིས་གཞན་གྱི་ཚུལ་འཆོས་དང་རྫུན་གཏམ་ལ་གཉན་རུང་།” ཡེ་བན་ཡེ་བན་ནེ་ཆཱ་འགྲེ་ལོག་ཅིག་རྒྱབ་ནས་བཤད་བྱུང་།“གཞན་གྱིས་ཁྱོད་ལ་བླུན་པོ་ཞེས་མིང་འདོགས།དེ་ནི་ཁྱོད་ཀྱིས་རྫུན་གཏམ་དག་བཟོད་སྒོམ་བྱས་པས་རེད།དམའ་འབེབ་དང་བརྙས་བཅོས་ཀྱི་ཁ་གཏད་དུ།ཁྲོ་བ་ཁོག་ལ་བཅུག་ནས་འདུག་པ་ལས་རང་ཉིད་དྲང་བདེན་དང་རང་དབང་གི་ཕྱོགས་སུ་ལངས་ཡོད་པ་བརྗོད་མི་ཕོད།ཁྱོད་རང་གིས་ཀྱང་རྫུན་སྨྲ་ཞིང་རྫུ་བག་སྟོན།འདི་ལྟར་བྱེད་དོན་ནི་ཟ་མའི་དོན་དང་བདེ་སྐྱིད་ཀྱི་ཁྱིམ་ཚང་ཞིག་གི་ཆེད།སྙིང་བོ་མེད་པའི་དཔོན་གནས་ཆུང་ཆུང་ཞིག་གི་སླད་དུ་རེད།མིན།ད་ནི་འདི་ལྟར་འཚོ་བ་རོལ་མི་འོས།”
  “ད་ཆོག་གི ཁྱེད་བརྗོད་གཞི་གཞན་ཞིག་གི་སྟེང་དུ་འཕྲོས་ཐལ།”དགེ་རྒན་དེས་བཤད།“ད་ང་ཚོ་གཉིད་ཡ།”
  སྐར་མ་བཅུ་འགོར་སོང་།པོར་ཁཱིན་གཉིད་དུ་གཡུར།འོན་ཀྱང་ཡེ་བན་ཡེ་བན་ནེ་ཆཱ་མལ་སའི་ནང་ནས་འགྲེ་ལོག་རྒྱག་ཅིང་དངན་པ་འཐེན།མཚམས་ཤིག་ཡར་ལངས་ནས་སྒོར་བུད་ཅིང་བཙོག་པུར་བསྡད་ནས་ཐ་མག་རྔུབ་བྱུང་།

ཐོན་ཏོའོ་མིང(童道明)གིས་རྒྱ་ཡིག་ཏུ་བསྒྱུར།
བླ་སྔོན་ཚེ་རིང་བཀྲ་ཤིས་ཀྱིས་བོད་ཡིག་ཏུ་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤུབས་ནང་གི་མི།

2015-05-16 ཨན་ཏྲོན་ཆི་ཧོ་ཧྥིས།༼ ཨུ་རུ་སུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།