གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་སྐྱེས་མེ་ཏོག་ཆུན་པོ་ཞིག

2015-05-16 20:33:04 ཐེའུ་ཆི་ནེའུ་ཧན། ཀློག་གྲངས། མཆན ཡོད།

5252423_172944928000_2.jpg
  ལོ་དུ་མའི་ཡར་སྔོན་ཞིག་ལ། སོ་ནམ་པ་གཤིས་བཟང་ཞིག་གི་ཆུང་མ་བྱིས་པ་གཉིས་པ་སྐྱེས་རྗེས་འཇིག་རྟེན་དང་གྱེས་སོང་། སོ་ནམ་པ་དེས་གཅིག་བུར་བྱིས་པ་གཉིས་གཉོར་སྐྱོང་བྱས་ཏེ་བུ་ལོ་བཅུ་དྲུག་དང་བུ་མོ་ལོ་བཅུ་གཅིག་ལ་སོན་སྐབས། ཁོ་རང་ཡང་ནད་ཀྱིས་མནར་ཏེ་ཚེ་ལས་འདས། ཁོ་རང་གི་ཁ་ཆེམ་ལྟར་བྱིས་པ་གཉིས་ཀྱིས་ཁོའི་ཕུང་པོ་ཨོ་མའེ་དང་སའོ་དཱ་སྡོང་པོས་བསྐོར་བའི་འབྲས་ཞིང་ནང་དུ་དུར་འཇུག་བྱས།
  མི་རབས་དྲུག་གི་ཡར་སྔོན་དུ་ཁོ་ཚོའི་མེས་པོ་བློ་གྲོས་ཅན་ཞིག་དཀའ་སྡུག་གི་འཚོ་བ་ལས་རྒྱལ་ཆེད་ཝེ་ནམ་དབུས་ཁུལ་ནས་ལྷོ་ཕྱོགས་སུ་གནས་སྤོ་བྱས་ཏེ། ནགས་ཚལ་གྱིས་ཁེངས་བའི་ས་ཆ་ཞིག་གཙང་མ་བྱས་ནས་ས་རྒྱུ་གཤིན་པའི་འབྲས་ཞིང་བཞི་གསར་རྨོ་བྱས་པ་དེ་བྱིས་པ་གཉིས་པོས་ཤེས་ཡོད་ཅིང་། མི་རབས་དྲུག་གི་རིང་ཁོའི་བུ་རབས་ཚ་རྒྱུད་རྣམས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ཁོ་ཚང་སོ་ནམ་པའི་ཁྱིམ་ཚང་ངོ་མ་ཞིག་ཏུ་གྱུར་ཡོད།
  སོ་ནམ་པ་དེ་འཇིག་རྟེན་དང་གྱེས་ཁར་བྱིས་པ་གཉིས་འཆི་མལ་དུ་བོས་ནས་ཁ་ཆེམས་བཞག་པ་སྟེ། “ང་ཤི་རྗེས་འུ་ཚང་གི་འབྲས་ཞིང་གཅིག་ཀྱང་བཙོང་མི་ཉན། ཞིང་ཀ་དེ་ཚོར་བདག་སྐྱོང་དང་མུ་མཐུད་དུ་རྨོན་འདེབས་སྟོན་བསྡུ་གྱིས། ཁྱེད་གཉིས་ཀྱིས་ཤེས་གསལ་ལྟར། མི་རབས་ལྔའི་རིང་དུ། འུ་ཚང་གི་མེས་པོ་ཚོས་ས་ཞིང་འདི་ཐོག་མར་བསྐྲུན་མཁན་གྱི་མེས་པོ་དེས་གསེར་དང་ནོར་བུའི་རིགས་སོགས་རིན་པོ་ཆེའི་གཏེར་མཛོད་ཅིག་འུ་ཚང་གི་ཞིང་ནང་ཞིག་དུ་སྦས་ཡོད་པའི་ཡིད་ཆེས་བྱས་ཡོད་ཀྱང་། ད་བར་སུ་གཅིག་གིས་མ་རྙེད་ཡོད་པ་མ་རེད། འུ་ཚང་གི་མེས་པོ་ཚོས་སྙན་ཚིག་ཞིག་བཞག་ཡོད། སྙན་ཚིག་དེས་སྦས་སྐུང་བྱས་ཡོད་པའི་གཏེར་མཛོད་དེ་རྙེད་པར་རོགས་བྱེད་ཐུབ་ཅེས་ངའི་ཨ་ཕར་བཤད་མྱོང་ཟེར། ཡིན་ཡང་མི་རབས་དུ་མའི་རིང་དུ་སུ་གཅིག་གིས་ཀྱང་སྙན་ཚིག་དེའི་དོན་རྟོགས་ཡོད་པ་མ་རེད། ཁྱེད་གཉིས་ཀྱི་སྤོ་བོས་ང་ལ་བཤད་པ་ལྟར་ན། སྙན་ཚིག་དེའི་ནང་དོན་རྟོགས་པར་མི་ཞིག་གིས་ངེས་པར་དུ་དུས་ཡུན་རིང་པོར་བསམ་གཞིག་བྱེད་དགོས་ཟེར། ཁྱེད་གཉིས་ཀྱི་སྤོ་བོའི་མི་ཚེ་ཧྲིལ་པོར། ང་ཚོའི་རྒྱལ་ཁབ་ཀྱིས་རྐྱེན་ངན་མང་པོ་བརྒྱུད་དགོས་བྱུང་བས་ཁོ་སྐྱབས་བཅོལ་བ་ལྟར་ལན་མང་གནས་སྤོ་བྱས་ཀྱང་དུས་རྒྱུན་ཕ་ཡུལ་ལ་ཕྱིར་ལོག་པ་རེད། ཁང་ཁྱིམ་གཞན་རྣམས་འཐོར་ཞིག་དུ་སོང་ཡང་། ཁྱེད་གཉིས་ཀྱི་སྤོ་བོས་འབད་བརྩོན་ཆེན་པོས་བསྐྱར་གསོ་བྱས་པས་འུ་ཚང་གི་ཁང་བ་གནས་ཐུབ་པ་བྱུང་བ་རེད། སྤོ་བོར་སྙན་ཚིག་དེའི་སྟེང་ལ་བསམ་གཞིག་བྱེད་པའི་དུས་ཚོད་ནམ་ཡང་མ་བྱུང་བས། ཁོས་ང་ལ་དེའི་སྟེང་དུ་དུས་ཚོད་བཀོལ་རྒྱུའི་རེ་བ་བཏོན་སོང་། འོན་ཀྱང་ང་ལ་དེ་ལྟར་བྱེད་པའི་ཁོམ་པ་མ་བྱུང་། ངས་ཞིང་ལས་ཁོ་ན་བྱས་པ་ལས་ཅི་ཡང་འཇོན་མ་སོང་།”
  “དེར་བརྟེན་ངས་རིན་ཆེན་གཏེར་མཛོད་དེ་དང་བསླབ་བྱ་དེ་ཁྱོད་གཉིས་ལ་བརྒྱུད་སྤྲོད་བྱས་པ་ཡིན། ང་དང་འདྲ་བར་བྲེལ་འཚུབ་ཀྱིས་ཁེངས་ནས་མི་འདུག་པར། འཚོ་བ་རོལ་རྒྱུར་དཀའ་ཁག་མེད་པ་ཞིག་བྱོས་དང་འགྲིག་ནི་རེད། སྙན་ཚིག་དེའི་གཏིང་ཟབ་པའི་ནང་དོན་རྟོགས་པ་དང་རིན་པོ་ཆེ་དེ་རྙེད་པའི་ཆེད་དུས་ཚོད་དམ་འཛིན་གྱིས། དེ་ནི་ཁྱོད་གཉིས་ཀྱིས་ཡབ་མེས་ཚོར་བཀའ་དྲིན་ཞུ་བའི་ཐབས་ལེགས་ཤོས་ཡིན། སྙན་ཚིག་དེ་འུ་ཚང་གི་ཁྱིམ་རྒྱུད་མིང་ཐོའི་ཤོག་གྲངས་ཞེ་བཞིའི་དངོས་སུ་ཡོད་ལ། ཁྱིམ་རྒྱུད་མིང་ཐོ་དེ་ཡབ་མེས་ཚོའི་མཆོད་ཁྲིའི་སྒང་གི་ཤིང་སྒམ་དེའི་ནང་དུ་ཡོད།”
  ཕའི་འདས་མཆོད་ཀྱི་ཕྱིར་ཉིན་མིང་སྲིང་གཉིས་པོས་མཆོད་ཁྲིའི་མདུན་དུ་གུས་ཕྱག་ཕུལ་རྗེས་ཁྱིམ་རྒྱུད་མིང་ཐོ་མར་བླངས་ཏེ། གོམས་སྲོལ་ལ་བརྩི་བཀུར་ཆེན་པོས་ཁྱིམ་རྒྱུད་མིང་ཐོའི་ཤོག་གྲངས་ཞེ་བཞིའི་དངོས་སུ་བསྒྱུར་ནས་སྙན་ཚིག་དེ་བཀླགས།
  ཀླད་ན་རྫ་ཡི་བླ་གབ་མེད།།
  འོག་ན་ཆགས་སའི་ས་གཞི་མེད།།
  ལྭ་རིང་གསར་མནབས་བྱས་ནས།།
  འཁར་རྒྱུག་ལག་ཏུ་བཟུང་སྟེ་མདུན་དུ་སྐྱོད།།
  གཡུ་འབྲུག་གཟན་གྱི་སྟེང་དུ་མཆོང་བ་བཞིན། །
  གོམ་པ་གཅིག་གིས་འཇིག་རྟེན་འདར་བར་བྱེད།།
  མིང་སྲིང་གཉིས་པོ་ཡུན་རིང་ཁུ་སིམ་མེར་བསྡད་པ་དང་། སྤོས་རྐང་གཅིག་འཚིག་ཟིན་ལ་ཉེ་བའི་སྐབས་དེར་གཞོན་ནུ་མ་དེའི་སྐད་ཆས་ཁུ་སིམ་པའི་གནས་སྟངས་དཀྲོགས་བྱུང་། “ཕུ་བོ། ཁྱོད་ཀྱིས་སྙན་ཚིག་དེའི་དོན་རྟོགས་བྱུང་ངམ། སྙན་ཚིག་དེའི་དབྱངས་རྟ་ནི་ངོ་མཚར་བ་ཞིག་རེད་མོད། ངས་ཐ་སྙད་གཅིག་གི་དོན་ཡང་རྟོགས་ཀྱིན་མི་འདུག”
  མིང་པོས་ལན་མ་བཏབ་པར། ཁྱིམ་རྒྱུད་མིང་ཐོའི་ཁ་བསུམས་ཏེ་གུས་པའི་སྒོ་ནས་ཕྱིར་མཆོད་ཁྲིའི་སྒང་གི་ཤིང་སྒམ་ནང་དུ་བཞག དེ་ནས་ཡང་བསྐྱར་ཁོང་གཉིས་ཀྱིས་ཡབ་མེས་ཚོའི་གདུང་མདུན་དུ་གུས་ཕྱག་རེ་ཕུལ། སྐར་མ་འགའ་འགོར་རྗེས་མིང་པོས་བཤད་རྒྱུར། “སྤོ་བོས་གསུང་བ་བདེན་པ་རེད། སྙན་ཚིག་འདིའི་ནང་དོན་རྟོགས་པར་ང་ཚོར་དུས་ཚོད་མང་པོ་དགོས་ངེས་རེད། འུ་གཉིས་ཀྱིས་ཡབ་མེས་ཚོས་གསུང་བ་ལྟར་བྱེད། འུ་གཉིས་གཞིས་ལེགས་པོ་ཞིག་ཆགས་རྗེས། ང་ཚོས་ངེས་པར་དུ་སྙན་ཚིག་དེའི་ཕྱོགས་ལ་བསམ་གཞིག་བྱེད་པའི་དུས་ཚོད་ཕུད་དགོས”ཅེས་བཤད།
  དུས་ཚོད་མགྱོགས་མྱུར་གྱིས་བཞུད་སོང་། ལོ་ངོ་དྲུག་རིང་མིང་སྲིང་གཉིས་པོར་སྟོན་འབྲས་ཕུན་སུམ་ཚོགས་པོ་བསྡུ་རྒྱུ་བྱུང་བས། ཡབ་མེས་ཀྱི་ཁྱིམ་གཞིས་བསྐྱར་གསོ་ལེགས་པོ་ཐུབ། རྫ་ལེབ་དམེར་པོའི་ཁང་ཐོག་ལ་འོད་མདངས་འཕྲོ་ཞིང་། སྒོ་རའི་ནང་དུ་སྟུག་ཅིང་ལྗང་མདོག་རྒྱས་པའི་ལྗེ་ཁུ་ཤིང་ཏོག་གི་སྡོང་པོ་འབྲས་བུའི་ཁུར་གྱིས་དུད། རྒྱུན་པར་འབྲུ་མཛོད་འབྲུ་ཡིས་ཁེངས་ཡོད། སྟོབས་ཆེ་བའི་མ་ཧེ་གཉིས་པོས་མཉམ་དུ་ཐོང་གཤོལ་དྲུད་ནས་ས་ནག་བསློགས་ཏེ་འབྲས་ཀྱི་ལྗང་མྱུག་འབུས་སུ་བཅུག མིང་སྲིང་གཉིས་པོར་བྱ་བ་ལམ་ལྷོང་བྱུང་ཞིང་ཧ་ཅང་གཏོང་ཕོད་ཆེ་བས། གྲོང་སྡེའི་མི་ཚོས་ཁོང་གཉིས་ལ་དགའ་ཞེན་དང་བརྩི་མཐོང་བྱེད་ཀྱིན་ཡོད། གྲོང་མི་སུ་ཞིག་གིས་འབྲས་བསྐྱི་དགོས་ཐུག་ཚེ་ཁོང་ཚོའི་དགོས་མཁོ་ལས་ཀྱང་མང་བ་རེ་སྤྲོད་ཀྱི་ཡོད། མིང་སྲིང་གཉིས་པོའི་ཆེད་དུ་ལས་ཀ་བྱེད་མཁན་ཚང་མ་གཞུང་དྲང་ཞིང་ཁྱིམ་བདག་གི་རྒྱུ་ནོར་རང་ཉིད་ཀྱིས་ཡིན་པ་ནང་བཞིན་བདག་སྐྱོང་བྱེད།
  གྲོང་སྡེའི་གཞོན་ནུ་མ་ཚང་མས་གསར་བུ་དེའི་སྟེང་ལ་སེམས་ཤོར་མོད། ཡིན་ནའང་ཁོ་ལ་གཉེན་སྒྲིག་བྱེད་པའི་བསམ་བློ་གཏན་ནས་མ་འཁོར། དོན་ངོ་མར་ཁོས་གཉེན་སྒྲིག་མི་བྱེད་རྒྱུར་སེམས་ཐག་བཅད། དེ་ལྟར་བྱས་ན་ཁོ་ལ་སྙན་ཚིག་དེའི་སྟེང་དུ་བསམ་གཞིག་ཟབ་མོ་གཏོང་བའི་ཁོམ་པ་ཡོད། ཁོའི་སྲིང་མོ་གཉེན་སྒྲིག་གི་ལོ་ཚོད་ལ་སླེབས་སྐབས་གྲོང་སྡེའི་ནང་གི་གསར་བུ་ཚང་མས་མོ་ལ་རེ་འདུན་བཅངས། མོ་ནི་མཛེས་སྡུག་ཡིད་དུ་འོངས་ཤིང་བྱམས་སེམས་ལྡན་པས་སྨྱན་པ་མང་པོ་ཡོང་ནས་མོ་ལ་གཉེན་བསླངས་མོད། འོན་ཀྱང་མོས་ནམ་ཡང་ཁས་ལེན་མ་བྱས། མོས་ཀྱང་སྙན་ཚིག་དེའི་ནང་དོན་རྟོགས་རྒྱུའི་ཁོམ་པ་བྱུང་ན་འདོད་ཡོད།
  འོན་ཀྱང་མིང་སྲིང་གཉིས་པོར་ཉིན་རེའི་ལས་ཀའི་ཆེད་དུ་བྲེལ་བ་ཆེ་དྲགས་ནས་གཞན་པར་མནོ་བསམ་གཏོང་བའི་ཁོམ་པ་འདང་ངེས་ཤིག་གཏན་ནས་མ་བྱུང་། དེ་ནི་ཁོ་གཉིས་ལ་དོམ་བུ་ལོན་ནམ། རྙིང་པ་ཞིག་གསོ་བྱེད་དགོས་པ། ཞིང་སའི་དཀའ་ཁག་དེ་འདྲ་ཡོད་པས་མ་ཡིན་པར། ཏག་ཏག་དུས་ཚོད་མགྱོགས་མྱུར་ངང་བཞུད་འགྲོ་བས་རེད། ཁོང་གཉིས་ཀྱི་ལས་ཀ་པ་མང་པོས་སྒོ་ཕྱི་ཁྱིམ་ཚང་མར་རོགས་བྱས་པས་སྟོན་འབྲས་དར་ཞིང་རྒྱས།
  མཐར་མིང་པོས་ཡོད་ཚད་ལ་སེམས་ཁུར་བྱས་ཏེ་མཚན་མོའི་གཉིད་ཀྱང་མེད་པར་གྱུར། ཁོས་ཡབ་མེས་ཚོའི་ཤུལ་བཞག་གི་ཁང་ཁྱིམ་དང་འབྲས་ཞིང་ལ་བདག་སྐྱོང་ལེགས་པོ་བྱས་མོད། འོན་ཀྱང་ཁོ་རང་སྐྱིད་པོ་གཏན་ནས་མ་བྱུང་། སྙན་ཚིག་དེའི་ཟབ་དོན་མ་རྟོགས་པར་ཁོ་ལ་ནམ་ཡང་བག་ཕེབས་པའི་སྣང་བ་ཡོད་མི་ཐུབ། ཅིའི་ཕྱིར། དངོས་གནས་ཁོ་ལ་ཡབ་མེས་ཚོའི་རྒྱུ་ནོར་དེ་དགོས་པ་རེད་དམ། ཁོའི་བྱ་བ་ལམ་ལྷོང་བྱུང་ཞིང་རྒྱུ་འབྱོར་ལྡན། འོན་ཀྱང་ཁོའི་གྲུབ་འབྲས་དང་རྒྱུ་འབྱོར་གྱི་འབྱུང་ཁུངས་འཁྲུལ་མེད་དེ། ཁྱིམ་གཞིས་དང་། འབྲས་ཞིང་། ཚལ་ཞིང་དག་ནི་ཁོའི་འཚོལ་སྙེགས་ཀྱི་བཀག་རྡོ་རེད། ཉིན་གཅིག་ལ་ཆུ་ཚོད་ཉེར་བཞི་ལས་མེད་པ་དེ་ཡོངས་སུ་ལས་ཀས་ཁེངས་འདུག ཐོ་རེངས་ཀྱི་དུས་སུ་ཁོས་ཞོགས་ཟས་ཟོས་ཏེ་ཞིང་ནང་དུ་ལས་ཀར་འགྲོ་དགོས་པ་དང་། ཉིན་གུང་གུང་ཇ་སྟབས་བདེ་ཞིག་འཐུང་རྗེས་ངལ་གསོ་ཅུང་ཙམ་བྱེད་དགོས། ཕྱི་དྲོ་མ་ཧེ་གཉིས་པོ་དང་མཉམ་དུ་མུ་མཐུད་ཞིང་ནང་དུ་ལས་ཀ་བྱེད་དགོས། དགོང་མོ་ཁྲུས་བྱེད་པ་དང་། ཟ་མ་ཟ་བ། གཉིད་པ་བཅས་ཀྱི་དུས་ཚོད་ཙམ་ལས་མེད་པས། ནམ་ཞིག་ལ་ཁོར་སྙན་ཚིག་དེའི་སྟེང་དུ་བསམ་བློ་གཏོང་བའི་ཁོམ་པ་ཡོད་དམ།
  གལ་སྲིད་ཁོ་ལ་ཁྱིམ་གཞིས་དང་འབྲས་ཞིང་དེ་དག་མེད་པ་ཡིན་ན། ཁོ་ནི་ཁྱིམ་མེད་པའི་འཁྱམ་པོ་ཞིག་ཏུ་གྱུར་འགྲོ། འོན་ཀྱང་ཁྱིམ་གཞིས་དང་འབྲས་ཞིང་ཡོད་ཚེ། ཁོར་དེ་དག་གི་ཆེད་དུ་གཏོང་རྒྱུའི་དུས་ཚོད་ཁོ་ན་ལས་མེད། ཁོས་མཚན་གང་བོར་ཡར་འགུལ་མར་འགུལ་དང་ཕར་འཁོར་ཚུར་འཁོར་བྱས་ཏེ་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་དབེན་པའི་ནགས་ཁྲོད་དུ་ལམ་འཚོལ་བར་བྱིན་པའི་གནའ་བོའི་རི་ཁྲོད་པ་ཚོའི་བྱེད་སྟངས་ལ་བསམ་བློ་བཏང་། ཁོའི་བསམ་པར། རེད། ཁོམ་པ་ཡོད་དགོས་ན་ངས་ཀྱང་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་འགྲོ་དགོས་རྒྱུ་རེད། འོན་ཀྱང་ང་ཡབ་མེས་ཚོའི་ཤུལ་བཞག་རྒྱུ་ནོར་བསྐྱུར་ནས་ཅི་ལྟར་འགྲོ་ཐུབ། རྒྱུ་ནོར་དེ་འབྲས་ཞིང་ནང་དུ་ཡོད་པས། དེ་བཞག་ནས་སོང་ན་ཡོད་ཚད་བརླགས་སོང་བ་མ་རེད་དམ་སྙམ།
  དུས་ཚོད་མུ་མཐུད་བཞུད་པས། མིང་པོ་ལོ་སུམ་ཅུར་བུད་པའི་སྐབས་སུ་ཁོའི་སྙན་ཚིག་དེའི་དོན་རྟོགས་འདོད་ཀྱི་འདུན་པ་ཇེ་ཟབ་ནས་ཇེ་ཟབ་ཏུ་གྱུར། ཁོའི་ཞིང་ཀ་དེ་གསེར་མདོག་གི་འབྲས་སྙེས་གཏམས་ཤིང་སྟོན་འབྲས་བསྡུ་མཁན་ཚོས་ལས་ཀ་ལས་ཞོར་དགའ་སྤྲོའི་གླུ་ལེན་པ་དང་ཁ་བརྡ་བྱེད་པ། གད་མོ་དགོད་པ་སོགས་བྱེད། དགོང་མོའི་ཟླ་འོད་འོག་དུ་ཚར་མ་རྡུང་སྐབས་ན་གཞོན་ཕོ་མོ་རྣམས་མཉམ་དུ་འཛོམས་ནས་སྐྱིད་པའི་གླུ་གཞས་ལེན། ཡིན་ཡང་དེ་དག་གང་གིས་ཀྱང་ཁོ་ལ་སྤྲོ་སྣང་སྐྱེད་མ་ཐུབ། ཁོའི་སྲིང་མོས་དོན་དེ་ཤེས་ནས་ཁྱིམ་གཞིས་དང་ཞིང་ལས་ཙག་ཙིག་ཚང་མའི་འགན་ཡོངས་རྫོགས་མོ་རང་གིས་འཁུར་རྒྱུ་བྱས། དེ་ལྟར་བྱས་ན་ཁོས་སྙན་ཚིག་དེར་ཞིབ་འཇུག་བྱེད་པའི་ཆེད་དུ་འབད་འབུང་བྱས་ཆོག
  མོའི་བསམ་ཚུལ་དེ་ཐབས་བཀོད་ཅིག་ཡིན་པ་འདྲ་མོད། འོན་ཀྱང་དེ་ལག་ལེན་དུ་བསྟར་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། ཁོའི་སྲིང་མོས་སྒོ་ཕྱི་ཁྱིམ་གཉིས་ཀར་བདག་གཉེར་བྱེད་འགོ་བརྩམས་རྗེས་ཁོ་ལས་མེད་དུ་འཇམ་ཅག་གེར་འདུག་མ་ཐུབ། ། ཁོ་རང་ལས་ཀ་བྱེད་རྒྱུར་གོམས་དྲགས་པས། ལས་ཀ་ཙག་ཙིག་མེད་པར་ལག་པ་རང་འདུག་ཡིན་དུས་ཁོ་ལ་མི་སྐྱིད་པའི་ཚོར་བ་བྱུང་། ཁོས་ངོ་མ་རང་གིས་སྙན་ཚིག་དེའི་སྟེང་དུ་བསམ་གཞིག་གཏོང་དགོས་པ་ཡིན་ན། ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་དབེན་དགོན་ཞིག་འཚོལ་དགོས་པ་རྟོགས།
  དེར་བརྟེན་ཁོས་ཁང་ཁྱིམ་རྒྱབ་ཏུ་བསྐྱུར་ནས་ཝེ་ནམ་དབུས་ཁུལ་གྱི་དབེན་གནས་ཤིག་ཏུ་སོང་བ་དང་། དེ་ནས་ཁོ་དགོན་པ་ཞིག་གི་ནང་དུ་བླངས། ཁོས་དེ་ནས་དབེན་པར་གནས་པའི་སྐབས་སུ་ཁོའི་སྲིང་མོས་འབྲས་རྒྱ་མ་ལྔ་བརྒྱ་ལྷག་ཟླ་རེ་རེ་བཞིན་དགོན་པ་དེར་ཞལ་འདེབས་ཀྱི་ཚུལ་དུ་ཕུལ། ཁོའི་སེམས་གཡེང་དུ་འཇུག་བྱེད་ཀྱི་ལས་ཀ་ཙག་ཙིག་མེད་པས། མཐར་ཁོ་ལ་སྙན་ཚིག་དེའི་སྟེང་དུ་བསམ་བློ་གཏོང་བའི་རང་དབང་ཐོབ།
ལོ་ངོ་གསུམ་འདས་སོང་། ཉི་མ་ཧ་ཅང་དྲོ་བའི་ཉིན་ཞིག་ལ་ཁོ་ཕྱིར་རང་ཡུལ་ལ་ལོག་སའི་གྲོང་གསེབ་ཀྱི་མི་མེད་པའི་ལམ་སྟོང་དུ་ག་ལེར་ཕྱིན། ཁོས་མི་གཅིག་ཀྱང་མ་མཐོང་། ལམ་གྱི་བཞི་མདོར་སླེབས་སྐབས་ཁོས་ཁུག་མ་མར་བཞག་ནས་ཤིང་ནྱ་གྲོ་དའི་སྡོང་པོ་ཞིག་གི་གྲིབ་མའི་ནང་དུ་ངལ་གསོ་བྱས། ཡོད་ཚད་སྔར་བཞིན་རེད།
  ལོ་ངོ་གསུམ་རིང་ཁོས་གྲྭ་བཙུན་གྱི་སྤྱི་ཚོགས་ནས་ཞོག་ཁོག་འདེབས་པ་དང་། སྔོ་ཚལ་གཙང་མ་བྱེད་པ། ཤིང་གཅོད་པ། ཆུ་འཁུར་བ་སོགས་ལས་ཀ་བྱས། དགོན་པའི་ནང་ནས་ལས་ཀར་འབད་བརྩོན་བྱེད་པ་ནི་ཉམས་ལེན་གྱི་ཆ་ཤས་ཆེས་གལ་ཆེན་ཞིག་ཡིན། དོན་ངོ་མར་ཁོས་དགོན་པ་ནས་རང་ཁྱིམ་ལས་ཀྱང་ལྷག་ཅིག་ལས་ཀར་འབད་འབུང་བྱས། དེ་ལྟར་ཡང་ཁོ་ལ་སྙན་ཚིག་དེའི་ཐིག་ཕྲེང་རེ་རེ་བཞིན་བཞིན་བློར་འཛིན་པའི་ཁོམ་པ་ཡོད་ཅིང་། ཁོས་སྒོམ་རྒྱག་དུས་དང་། འཆམ་འཆམ་ལ་འགྲོ་དུས། ལས་ཀ་བྱེད་དུས་སོགས་འགྲོ་འདུག་ཀུན་ལ་སྙན་ཚིག་དེ་ཁུ་སིམ་མེར་ངག་སྐྱོར་གྲངས་མེད་བྱས། འོན་ཀྱང་ཐ་ན་ལོ་ངོ་གསུམ་གྱི་རྗེས་སུའང་ཁོས་སྙན་ཚིག་དེའི་གསང་བ་ཅི་ཡིན་མ་རྟོགས། བརྗོད་པ་སྔོན་མ་གཉིས་པོ་ལྷག་པར་ཏུ་ཆེས་རྟོགས་དཀའ་པར་སྣང་།
  ཀླད་ན་རྫ་ཡི་བླ་གབ་མེད། །
  འོག་ན་ཆགས་སའི་ས་གཞི་མེད། །
  ཁོས་ས་ཆ་འདི་གང་ཞིག་ན་ཡོད་དམ། དེ་རྫིང་བུ་ཞིག་མ་ཡིན་ནམ། མ་རེད། རྫིང་བུ་ལ་འོག་ན་ཆགས་སའི་ས་གཞི་ཡོད། ཅི་ལྟར་བྱས་ནས་འབྲས་ཞིང་ནང་དུ་རྫིང་བུ་ཞིག་ཡོད་དམ། རྩྭ་ལྡུམ་སྐྱེ་སའི་རྫིང་བུ་ཞིག་ཡོད་པ་དེ་ནི་ཁང་ལྟག་གི་ར་བའི་ནང་དུ་ཡོད། ཅི་ལྟར་བྱས་ནས་རྒྱུ་ནོར་དེ་འདྲ་ཞིག་རྫིང་བུའི་ནང་དུ་སྦས་སམ། གཅིག་བྱས་ན་རིན་པོ་ཆེ་དེ་རྡོ་ཆེན་པོ་ཞིག་གི་འོག་ཏུ་ཡོད་པ་ཨེ་ཡིན་ནམ། འོན་ཀྱང་ཞིང་ནང་དུ་རྡོ་ཆེན་པོ་ཞིག་མེད། རྫ་ཡི་བླ་གབ་མེད་སའི་ས་ཆ་དེ་ངེས་པར་དུ་ཕྱི་རོལ་ཞིག་ཡིན་ངེས་རེད། མཇུག་མཐར་ཁོ་ལ་ཐིག་ཕྲེང་དང་པོ་དེ་ཧ་གོ་སོང་བའི་སྣང་བ་སྐྱེས་མོད། ཇི་ལྟར་བྱས་ཀྱང་ཐིག་ཕྲེང་གཉིས་པའི་སྐོར་ལ་གདེང་ཚོད་གཏན་ནས་མེད་ཅིང་ཐིག་ཕྲེང་རྗེས་མ་གཉིས་པོ་དེ་ལས་ཀྱང་རྟོགས་དཀའ་པར་སྣང་།
  ལྭ་རིང་གསར་བ་ནབ་བྱས་ནས། །
  འཁར་རྒྱུག་བཟུང་སྟེ་མདུན་དུ་སྐྱོད། །
  ཁོའི་བསམ་པར། འདིས་ཡབ་མེས་ཚོའི་དུར་འཇུག་བྱེད་སའི་གནས་བསྟན་པ་ཡིན་ངེས་རེད། མི་ཚོས་མྱ་ངན་གྱི་ལྭ་རིང་གྱོན་ནས། གྲྭ་བ་ཞིག་གིས་འཁར་བ་ཞིག་བཟུང་ཡོད། འདིས་གཤིན་ཆོག་བསྟན་པ་རེད། འོན་ཀྱང་ཡབ་མེས་ཚོའི་བང་སོ་དག་གྲོང་སྡེའི་དུར་ཁྲོད་དུ་ཡོད་པ་ལས་འབྲས་ཞིང་ནང་དུ་མེད། འབྲས་ཞིང་དེ་ཨོ་མ་དང་སོས་ད་སྡོང་པོས་བསྐོར་ནས་ཡོད་ཅིང་དེའི་ནང་དུ་ཁོའི་ཕ་མ་གཉིས་ཀྱི་པུར་ཁང་ལས་མེད། མཇུག་མཐའི་ཐིག་ཕྲེང་གཉིས་པོས་ཁོ་རང་ལྷག་པར་མགོ་འཐོམ་པར་བྱས།
  གཡུ་འབྲུག་གཟན་ཀྱི་སྟེང་དུ་མཆོང་བ་བཞིན། །
  གོམ་པ་གཅིག་གིས་འཇིག་རྟེན་འདར་བར་བྱེད། །
  ཁོས་ཐིག་རྩིས་བྱེད་པར་བསམ་བློ་བཏང་། གཅིག་བྱས་ན་ཐིག་རྩིས་བྱེད་མཁན་བཟང་པོ་ཞིག་གིས་འབྲུག་དེ་འབྲས་ཞིང་གང་གི་ནང་དུ་ཡོད་མེད་འཚོལ་ཐུབ་ཀྱང་སྲིད་སྙམ། དེ་འདྲའི་རྒྱ་ཆེ་ཞིང་མཐིལ་སྙོམས་པའི་ས་ཁུལ་ཞིག་ཏུ་ཅི་ལྟར་བྱས་ནས་འབྲུག་སྔོན་པོ་ཞིག་དང་སྟག་དཀར་པོ་ཞིག་ཡོད་སྲིད་དམ།
  ཐེངས་ཤིག་དགོན་པ་ནས་ཁོས་སྙན་ཚིག་དེ་བཀུར་འོས་པའི་གྲྭ་བ་ཞིག་གི་ཕྱག་ཏུ་བཞག་ནས་དེ་ལ་འགྲེལ་བཤད་བྱེད་རྒྱུའི་ཞུ་བ་བྱས། འོན་ཀྱང་གྲྭ་བ་རྒན་པ་དེས་ཀྱང་ཁོ་ལ་རོགས་རྩ་བ་ནས་བྱེད་མ་ཐུབ། དགོན་པ་ནས་ལོ་ངོ་གསུམ་འདས་རྗེས། ཁོ་རང་གནས་དེར་ཐོག་མར་སླེབས་དུས་ལས་སྙན་ཚིག་དེའི་གོ་རྟོགས་ཇེ་བཟང་ལ་ཅི་ཡང་སོང་མེད་པ་ཚོར། འོན་ཀྱང་ཁོའི་སེམས་དང་བླ་སྲོག་ལ་འགྱུར་ལྡོག་བྱུང་ཡོད་པས། བློ་རྩེ་གཅིག་སྒྲིམ་གྱིས་བྱ་དངོས་རྣམས་ལ་དོ་སྣང་ཆེས་ཆེར་བྱས་རྐྱེན་ཉིན་རེའི་འཚོ་བ་སྟེ། ཟས་ཟ་བ་དང་། གཉིད་པ། ལས་ཀ་ལས་པ་སོགས་དང་ཡབ་མེས་ཀྱི་སྙན་ཚིག་དེའི་བར་དུ་འབྲེལ་བ་ཞིག་ཡོད་སྣང་སྐྱེ་འགོ་བརྩམས་པ་དང་། ཁོའི་ཚེ་སྲོག་དང་སྙན་ཚིག་དེ་གཉིས་ཁོ་རང་གི་ལུས་དང་ཟུངས་ཁྲག་གི་རྒྱུ་བ་བཞིན་བར་ཐག་ཉེ་བའི་ཚོར་སྣང་བྱུང་།
  ཉི་འོད་ཇེ་རིང་དུ་གྱུར་བ་དང་མཉམ་དུ་ཕྱི་དྲོའི་མཁའ་དབུགས་ཀྱང་ཇེ་བསིལ་ཏུ་གྱུར། ཁོ་ཡར་ལངས་ཏེ་ཁུག་མ་ཕྲག་སྟེང་དུ་ཁུར་ནས་མུ་མཐུད་དུ་ལམ་ལ་ཞུགས། མཐའ་འཁོར་གྱི་ལྗང་མདོག་རྒྱས་ཤིང་མཉེན་ལྕུག་ལྡན་པའི་འབྲས་སྙེ་དག་གིས་དགོང་གའི་བསིལ་རླུང་ཁྲོད་ནས་ཁོ་ལ་གཡབ་མོ་བྱས་པས། འཇམ་མཉེན་གྱི་བདེ་ཚོར་ཞིག་གིས་ཁོའི་ལུས་སེམས་ཧྲིལ་པོ་ཁྱབ། གློ་བུར་དུ་ཡིད་དུ་འོང་བའི་སྐད་ངག་ཅིག་གིས་ཁོའི་ཡིད་དབང་བཀུགས་བྱུང་། ཁོས་འགྲོ་མཚམས་བཞགས་ཏེ་ཉན་པས་གསར་སྐྱེས་ཀྱི་འབྲས་སྙེ་དག་བསིལ་རླུང་ཁྲོད་ནས་ཡོམ་ཡོམ་གཡོ་བ་ལྟ་བུའི་དགའ་སྤྲོས་ཁེངས་པའི་སྐད་ངག་ཅིག་ཐོས། སྐད་ངག་དེ་ཇེ་གསལ་ཇེ་གསལ་དུ་གྱུར་བས། ཁོས་དེ་ནི་རང་ཉིད་ཀྱི་སྲིང་མོའི་སྐད་ངག་ཡིན་པ་ཤེས། ཁོ་ལ་གནམ་ལོ་གསར་བ་ལྟ་བུའི་དགའ་སྤྲོ་འགོག་མེད་ཅིག་སྐྱེས་ཏེ་མདུན་དུ་བརྒྱུགས་ནས་སྲིང་མོ་བཙལ། མོས་ལག་ནང་དུ་རི་སྐྱེས་མེ་ཏོག་ཆེན་པོ་ཞིག་བཟུང་ནས་མ་ཧེ་གཉིས་ལ་གླུ་ལེན་ཞོར་སྲིན་ཤིང་སྡོང་པོའི་གསེང་ན་ཡར་ཡོང་གིན་པ་མཐོང་། མོས་ཁོ་མཐོང་མ་ཐག་བརྒྱུགས་ཡོང་སྟེ་ཞིང་ཐང་ནས་ཐུས་པའི་རི་སྐྱེས་མེ་ཏོག་ཆུན་པོ་དེ་མ་བསྐུལ་དང་བླངས་ཀྱིས་ཁོ་ལ་སྤྲད་དེ། འཛུམ་མདངས་ལྷུག་པོར་གྲོལ་ནས་ཁོའི་ཟང་མདོག་གི་གྱོན་པ་དང་ཕྲག་སྟེང་གི་ཁུག་མ་སྐྱ་བོ་སོགས་ལ་མགོ་ནས་མཇུག་བར་དུ་ཞིབ་ལྟ་ཞིག་བྱས་རྗེས། ཐད་ཀར་ཁོའི་མིག་ནང་དུ་བལྟས། ཁོ་མོའི་མིག་མདངས་ཞོགས་པའི་ཆུ་ཕྲན་ལྟར་དྭངས་ཤིང་གཙང་བས། ཁོའི་ལུས་སེམས་ཧྲིལ་པོར་ཞི་འཇམ་དང་བདེ་སྐྱིད་ཀྱི་ཚོར་བ་ཞིག་སྦྱིན། ཁོའི་སེམས་ངལ་དེ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་བ་དང་། ཁོ་རང་མཁའ་རུ་འཕྱོ་བའི་སྤྲིན་པ་ལྟར་ཡང་ཞིང་བདེ་བའི་ཚོར་སྣང་སྐྱེས། མོ་ནི་ཁོའི་སྲིང་མོ་ཡིན་མོད། འོན་ཀྱང་ཁོ་མོའི་མིག་མདངས་ནི་ཨ་མ་ཞིག་གི་གཏོང་ཕོད་ཆེ་ཞིང་སྲུང་སྐྱོབ་ཀྱི་མིག་མདངས་དང་གཉིས་སུ་མ་མཆིས།
  མིང་སྲིང་གཉིས་པོས་བ་ཕྱུགས་རྣམས་རྩྭ་ཐང་དུ་དེད་ནས་བསིལ་གྲིབ་ལྡན་པའི་སྡོང་པོ་ཞིག་གི་འོག་ཏུ་དེའུ་འབུར་ཞིག་ཡོད་པ་དེའི་སྟེང་དུ་བསྡད། དེ་ནས་ཁོས་དགོན་པའི་ནང་གི་ལོ་ངོ་གསུམ་རིང་གི་འཚོ་བ་དང་སྙན་ཚིག་དེའི་སྐོར་གྱི་གོ་རྟོགས་རྣམས་མོ་ལ་ཁ་བརྡ་བྱེད་འགོ་བརྩམས་པ་དང་། མོས་ཁོའི་ཚིག་མཚམས་མ་བཅད་པར་བློ་རྩེ་གཅིག་སྒྲིམ་གྱིས་ཉན་ནས་ཞིབ་མོར་བརྗོད་དུ་བཅུག ཁོས་བཤད་ཚར་བའི་སྐབས་སུ་སྲིང་མོ་ལ་གཟབ་ལྟ་ཞིག་བྱས། མོའི་ཤ་མདོག་སྨུག་པོར་གྱུར་ཡོད་ཅིང་། གཟུགས་པོ་བདེ་ཐང་ཡིན་ལ། མིག་ཟུང་ནས་འོད་འཕྲོ་བ་དང་། འཛུམ་མདངས་གཙང་ཞིང་བྱམས་སེམས་ལྡན། མོ་མ་གཞི་ནས་ཁ་གྲག་རྒྱུར་མི་དགའ་མོད། ད་ལྟ་མོ་ཡོངས་སུ་ཁུ་སིམ་མེར་གྱུར་འདུག ཁོས་མོའི་སྤྱོད་ཚུལ་དང་མོའི་མིག་ཟུང་ལས། མོས་ཞི་བདེ་དང་། སྤྲོ་སྣང་། བདེ་སྐྱིད་རྙེད་ཡོད་པ་མཐོང་།
  མོས་ཁོའི་སེམས་དོན་རྟོགས་ཏེ། “ཁྱོད་སོང་རྗེས་ངས་ཁང་ཁྱིམ་དང་ཞིང་ཀ་གཉིས་གར་རང་གཅིག་པུས་བདག་སྐྱོང་བྱས་པ་ཡིན། ཡིན་ཡང་ངས་དེ་ཁུར་བོ་ཞིག་རེད་མ་འདོད། ང་ལ་ལས་ཀ་ཙག་ཙིག་ལས་རྒྱུ་དེ་བདེ་སྐྱིད་ཅིག་ཡིན་པའི་སྣང་པ་འདུག ངས་ལས་ཀ་ཚང་མ་ག་ལེར་བྱས་ཏེ་སྤྲོ་སྣང་ཡོད་པའི་སྒོ་ནས་བསྒྲུབས་པ་ཡིན། ཁྱོད་ཀྱིས་ཉིན་བདུན་གྱི་ནང་དུ་ཞིང་རྨོ་ཐུབ་མོད། ང་ལ་ཉིན་བཅུ་གཉིས་འགོར་གྱི་འདུག མགྱོགས་པོར་ཚར་བ་དང་དལ་མོར་ཚར་བ་གང་ཡིན་རུང་མཇུག་འབྲས་གཅིག་མཚུངས་ཡོང་བ་ངས་ཤེས་སོང་། ག་དུས་ཡིན་རུང་ངས་ཐོང་གཤོལ་བཟུང་ནས་མ་ཧེ་གཉིས་མདུན་དུ་འདེད་དུས“འདི་རྒྱུ་ནོར་དེ་སྦས་ཡོད་པའི་ས་ཡིན་སྲིད”སྙམ་གྱི་འདུག ཞིང་ནང་གི་ས་ཡོད་ཚད་རྒྱུ་ནོར་སྦས་ཡོད་པའི་གནས་ཡིན་སྲིད་སྙམ་ནས་སྔར་ལས་ཀྱང་ཞིང་ཀ་ལེར་རྨོས་ཏེ་ས་སོར་མོ་རེ་རེ་ལ་གཟབ་གཟབ་བྱས་ནས་དོ་སྣང་བྱས་པ་ཡིན།
  ཉིན་བརྒྱད་པའི་ཕྱི་དྲོ་མཆོད་རྟེན་ཉེ་འགྲམ་གྱི་མཐའ་མའི་རོལ་དེ་རྨོ་སྐབས་ངས་ཞིང་བཞི་བོའི་ནང་གི་ས་ཆ་ཚང་མ་རྒྱུ་ནོར་ཡིན་པ་རྟོགས་སོང་། རིན་པོ་ཆེ་དེ་ས་འོག་ཏུ་སྦས་མི་འདུག ས་ཞིང་གི་ས་སོར་མོ་རེ་རེ་བཞིན་ཚང་མ་རིན་པོ་ཆེ་རེད། ངས་ས་གཞིས་འདི་རིན་ཐང་ཆེན་པོ་ཡིན་པ་རྟོགས་སོང་། དེས་འབྲས་བསྐྲུན་པ་ཙམ་གྱིས་མ་ཡིན་པར། དེ་ནི་ས་གཞི་ཡིན་པས་རེད། ངས་ཐོང་གཤོལ་དང་། མ་ཧེ། སྤྲིན་དཀར། ནམ་མཁའ། མཆོད་རྟེན་རྒྱབ་ཀྱི་ལི་སྡོང་སོགས་ལ་བལྟས་པས། ངས་ཐོང་གཤོལ་དེ་ཐོང་གཤོལ་ཡིན་པའི་རྒྱུན་མཚན་གྱིས་རིན་ཐང་ཆེན་པོ་ཡིན་པ་དང་། མ་ཧེ་དེ་མ་ཧེ་ཡིན་པའི་རྒྱུ་མཚན་གྱིས་རིན་ཐང་ཆེན་པོ་ཡིན་པ། སྤྲིན་པ་དེ་སྤྲིན་པ་ཡིན་པའི་རྒྱུ་མཚན་གྱིས་རིན་ཐང་ཆེན་པོ་ཡིན་པ། ལི་སྡོང་དེ་ལི་སྡོང་ཡིན་པའི་རྒྱུ་མཚན་གྱིས་རིན་ཐང་ཆེན་པོ་ཡིན་པ་བཅས་ཤེས་སོང་། ངས་ང་ཚོས་འཚོལ་གྱིན་པ་དེ་ཁྱད་པར་བའི་རྒྱུ་ནོར་ཞིག་མ་ཡིན་པར་ང་ཚོ་རང་ཉིད་ཚུད་པའི་འཇིག་རྟེན་སྟེང་གི་འགྲན་ཟླ་བྲལ་བའི་སྐྱེ་དངོས་ཐམས་ཅད་ཡིན་པ་རྟོགས་སོང་།
  ང་ལ་རྒྱུ་ནོར་སྒམ་གང་གསར་རྙེད་བྱུང་བ་ལས་ཀྱང་སྤྲོ་སྣང་འཕེལ་བྱུང་། ཞིང་ནང་གི་ཉིན་གཅིག་གི་ལས་ཀ་ཚར་རྗེས་ང་ཁྱིམ་དུ་ཡོང་བ་ཡིན། ང་ལ་སྐྱེ་དངོས་དང་ཚེ་སྲོག་ཡོད་ཚད་ཀྱི་ཆེད་དུ་ཚད་མེད་ཀྱི་བརྩེ་སེམས་ཤིག་སྐྱེས་བྱུང་། དེའི་ཕྱི་ཉིན་དང་། དེའི་རྗེས་ཀྱི་ཉིན་གསུམ་རིང་ངས་ཞིང་རྨོ་སྐབས་སེམས་ཁམས་ཧ་ཅང་དྭངས་ཤིང་། ངའི་རྔུལ་ཆུའི་ཐིགས་པ་རེ་རེ་ནི་ངའི་རྣམ་ཤེས་ཧྲིལ་པོས་ས་གཞི་ལ་ཆུ་གཏོར་བ་ཙམ་ལས་མ་ཡིན་པ་ཤེས་སོང་། ངས་རང་ཉིད་མ་ཧེ་དང་གཞན་ཅི་ལས་ཀྱང་རྩ་ཆེན་པོ་མ་ཡིན་པ་རྟོགས་སོང་།
  གལ་སྲིད་ངས་ཡི་གེ་འབྲི་ཤེས་རྒྱུ་ན། ངས་ཁྱོད་ལ་ཡི་གེ་བྲིས་ནས་ཁྱོད་ཀྱིས་སྙན་ཚིག་དེའི་དོན་རྟོགས་ཀྱང་མ་རྟོགས་ཀྱང་། ཡང་ན་རྒྱུ་ནོར་དེ་རྙེད་ཀྱང་མ་རྙེད་ཀྱང་། འུ་ཚོའི་འཚོ་བ་བདེ་སྐྱིད་ཀྱིས་གང་ཆོག་པ་དེ་ཁྱོད་ལ་ཤེས་སུ་འཇུག་ངེས། ངས་མུ་མཐུད་ནས་ཟླ་རེ་བཞིན་ཁྱོད་ཀྱི་དགོན་པར་འབྲས་བསྐུར་ཏེ། དེས་འུ་ཚང་གི་ཡབ་མེས་ཚོའི་རྒྱུ་ནོར་རྙེད་ཆེད་མ་ཡིན་པར་སྙན་ཚིག་དེའི་དོན་ཁོ་ན་རྟོགས་པའི་ཆེད་དུ་ཁྱོད་ལ་སྐུལ་ལྕག་གཏོང་ཐུབ་པའི་རེ་བ་བཅངས་པ་ཡིན།
  གལ་སྲིད་ང་ཚོས་རྒྱུ་ནོར་དེ་རྙེད་ཀྱང་དེས་ཅི་ཞིག་བྱེད། ཞིང་ས་དེ་ལས་མང་བ་ཞིག་ཉོ་འམ། ཁང་བ་དེ་ལས་མང་པོ་ཞིག་བསྐྲུན་ནམ། ང་ཚོའི་ཞིང་ཀ་བཞི་བོ་དེས་ང་ཚོར་འདང་ངེས་མ་རེད་དམ། སུས་ཁང་བ་དེ་ཚོར་བདག་སྐྱོང་བྱེད་དམ། ཁང་བ་དང་ཞིང་ཀ་འདི་དག་གིས་ཁྱོད་དགོན་པར་ཉེན་གཡོལ་དུ་བདས་བ་རེད།
  ངས་རྒྱུ་ནོར་དེ་ལ་རེ་བ་འཆང་གི་མེད། འོན་ཀྱང་འུ་ཚང་གི་ཡབ་མེས་ཚོའི་སྙན་ཚིག་དེའི་ནང་དུ་ང་ཚོའི་འཚོ་བ་དང་གཏིང་ཟབ་མོར་འབྲེལ་པའི་ཅི་ཞིག་ཡོད་པ་ངས་ཤེས་སོང་། ཁྱོད་ཀྱིས་ཐོག་དང་པོར་ང་ལ་སྙན་ཚིག་དེ་བཀླགས་པ་ནས་བཟུང་ངས་དོན་ཅི་ཡང་མ་རྟོགས་རུང་ཐེངས་མང་པོར་ངག་སྐྱོར་བཏང་བ་ཡིན། ཐེངས་རེ་རེ་བཞིན་ངས་སྙན་ཚིག་དེ་ཀློག་སྐབས། སོས་དྰ་སྡོང་ལོའི་བར་ནས་རླུང་བུ་གཡུག་པ་ཐོས་དུས་དང་འདྲ་བར་ངའི་སྙིང་ཆུང་ཤུགས་ཀྱིས་འཕར་གྱིན་འདུག ངས་རླུང་བུ་དེས་ཅི་ཞིག་བཤད་འདོད་ཡོད་པ་མ་ཤེས། ངས་ཤེས་པ་ནི་དེའི་སྒྲ་དབྱངས་ལ་ལོངས་སུ་སྤྱོད་རྒྱུ་དང་རང་ཉིད་རླུང་བུ་དང་སྡོང་པོ་དེ་ཚོར་ཧ་ཅང་ཐག་ཉེ་བའི་ཚོར་སྣང་སྐྱེས་པ་དེ་ཁོ་ན་ཡིན།
  རིན་པོ་ཆེ་དེའི་སྟེང་དུ་ཉིན་བརྒྱད་རིང་ཞིང་རྨོས་པའི་བཀའ་དྲིན་གྱིས། ངས་རང་ཉིད་དང་། ཐོང་གཤོལ། མ་ཧེ། སྤྲིན་དཀར། མཆོད་རྟེན་རྒྱབ་ཀྱི་ལི་སྡོང་སོགས་ཚང་མ་རྙེད་བྱུང། དེ་ནས་ནུབ་གཅིག་རྨི་ལམ་ནང་དུ་ཨ་ཕས་ང་ལ་འཛུམ་མདངས་སྟོན་གྱིན་པ་མཐོང་། ཁོང་གི་ཞལ་ངོ་དེ་མདངས་དང་ལྡན་པ་ཞིག་རེད། ངས“རྒྱུ་ནོར་རྙེད་མཁན་དེ་ཕུ་བོ་ཡིན་པ་ལས་ང་མ་ཡིན”ཅེས་བཤད་པ་ཡིན།
ཉིན་དེ་ནས་བཟུང་ངས་མ་ཧེ་དང་། བ་ཕྱུགས། ཞིང་ཀ འབྲས་སྙེ་བཅས་དང་མཉམ་དུ་གླུ་བླངས་ཏེ་རང་དབང་གིས་འཚོ་བ་རོལ་ནས། ཁྱོད་ཕྱིར་ལོག་པར་བསྒུགས་ནས་བསྡད་པ་ཡིན། ད་ཁྱོད་ཕྱིར་སླེབས་བྱུང་བས་ང་རང་ཧ་ཅང་སྐྱིད་པོ་འདུག
  ཁོས་སྲིང་མོའི་སེམས་ཀྱི་གཏིང་ནས་ཡོང་བའི་སྐད་ཆ་དེ་དག་ལ་གཟབ་གཟབ་བྱས་ནས་ཉན་རྗེས། མོས་ངོ་མ་རྒྱུ་ནོར་དེ་རྙེད་ཡོད་པ་རྟོགས། སྐབས་ཤིག་ལ་ཁོའང་རྒྱུ་ནོར་དེའི་ཐག་ཉེ་སར་སླེབས་མོད། འོན་ཀྱང་ཁོ་རང་དེར་འབྱོར་མ་ཐུབ། མཚམས་མཚམས་སུ་ཁོ་ལ་རང་ཉིད་ཀྱིས་རྒྱུ་ནོར་དེའི་ཆེད་དུ་རེ་བ་རྒྱག་གི་མེད་པའི་ཚོར་སྣང་བྱུང་བ་དང་། ཁོ་རང་ཉིད་དང་སྙན་ཚིག་དེའི་བར་དུ་རང་གི་ཁྲག་རྩྭའི་ནང་གི་ཡབ་མེས་ཚོའི་ཟུངས་ཁྲག་གི་རྒྱུ་བ་ནང་བཞིན་ཧ་ཅང་དམ་པའི་འབྲེལ་བ་ཞིག་ཡོད་སྣང་སྐྱེས། ཁོས་རང་ཉིད་ཀྱིས་རིན་ཆེན་རྒྱུ་ནོར་ཁོ་ན་བཙལ་བས་རྒྱུ་མཚན་གྱིས་མ་རྙེད་པ་དང་། སྲིང་མོར་དེ་བཙལ་སེམས་མེད་པའི་རྒྱུ་མཚན་གྱིས་རྙེད་སོང་བ་རྟོགས། ཁོའི་བསམ་པར“སང་ཉིན་ཞོགས་པར་ང་ཞིང་ནང་དུ་སོང་ནས་རྙིང་བར་གྱུར་བའི་ཐོང་གཤོལ་དང་། ལོ་ན་རྒས་པའི་མ་ཧེ་སོགས་དེ་ན་ཡོད་པའི་རྒྱུ་ནོར་ཚང་མ་མཐོང་ཚེ་ངས་རང་ཉིད་བསྐྱར་དུ་རྙེད་ཐུབ་སྙམ”
དེ་ནས་ཁོ་ཡར་ལངས་ཏེ་སྲིང་མོར་བལྟས་ནས། བརྩེ་སེམས་དང་བཀའ་དྲིན་བསམ་ཤེས་ཀྱིས་ཁེངས་ཏེ་མོ་དང་མཉམ་དུ་ཡར་རི་སྟེང་དུ་འགོས། ཁོང་གཉིས་ཀྱིས་མཉམ་དུ་བ་ཕྱུགས་རྣམས་མདུན་དུ་དེད་ནས་ཕྱིར་གཞིས་ཀར་ལོག་སྐབས་ཁོ་ལ་ས་གཞི་དང་། ནམ་མཁའ། རླུང་བུ་སོགས་ཀྱི་བྱམས་བརྩེའི་ལག་པ་དག་ཁོའི་ལུས་སེམས་ཧྲིལ་པོར་འཐམ་འཁྱུད་བྱས་པའི་ཚོར་སྣང་བྱུང་།

ཨ་མཆོག་ཆོས་ལྡན་གྱིས་ཨིན་ཡིག་ལས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།