གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་ཆེན་ནས་ངེས་པར་བསྒྲུབ་དགོས་པའི་དོན་དག་གལ་ཆེན་འགའ།

2015-08-03 08:45:10 ཡུས་རྨིན་ཧུང་།༡ ཀློག་གྲངས། མཆན ཡོད།


  སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་ནི་མི་ཚེ་དངོས་སུ་མགོ་བརྩམས་པ་ཙམ་རེད།
  སློབ་ཆེན་གྱི་འཚོ་བས་ང་ཚོ་ལ་ཡང་བསྐྱར་ལས་མགོ་གསར་བ་ཞིག་རྩོམ་དུ་བཅུག་པ་རེད། གལ་སྲིད་ང་འཚོའི་སློབ་ཆེན་གྱི་འཚོ་བ་ནི་མུ་མཐུད་དུ་རྒྱུན་སྐྱོང་དགོས་པ་ཡིན་ཚེ། ང་ཚོས་འདས་སོང་དང་རང་ཉིད་གནས་སའི་སློབ་ཆེན་གྱི་བཟང་ངན། རང་ཁྱིམ་གྱི་འཁོས་ཀ་དང་རང་ཉིད་ཀྱི་སྐྱེས་གཟུགས། ཐ་ན་མ་འོངས་པར་རང་ཉིད་ཕྱི་རྒྱལ་དུ་སློབ་གཉེར་ལ་འགྲོ་ཐུབ་མིན་བཅས་ལ་དོ་སྣང་བྱེད་དགོས་དོན་མི་འདུག རྒྱུ་མཚན་ནི་དེ་དག་ཡོད་ཚད་ཕྱི་ངོས་ཀྱི་རྣམ་པ་ཙམ་ཡིན། དོན་བྱ་དེ་དག་ནི་གནས་སྐབས་སུ་ང་ཚོ་ལ་གལ་ཆེ་ན་ཡང་། མི་ཚེ་ཧྲིལ་བོར་གཞིགས་ནས་བཤད་ན་དེ་དག་ནི་དེ་འདྲའི་གལ་ཆེན་ཞིག་མ་རེད།
  སློབ་གྲྭ་ཆེན་མོ་དཔེར་བླངས་ཏེ་སྨྲས་ན། ང་ཚོས་པེ་ཅིང་སློབ་གྲྭ་ཆེན་མོ་དང་ཆིང་ཧྭ་སློབ་གྲྭ་ཆེན་མོ་སོགས་ལྟ་བུར་རྒྱུགས་འཕྲོད་པ་ནི་དངོས་འབྲེལ་ཡག་པོ་རེད། འོན་ཀྱང་སློབ་ཆེན་དེ་དག་ཏུ་རྒྱུགས་འཕྲོད་པའི་སློབ་མ་ཡིན་ན་བྱ་བ་ཡོད་ཚད་ལམ་ལྷོངས་ཡོང་བའི་ངེས་པ་གཏན་ནས་མེད། ངས་པེ་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས་སློབ་སྦྱོང་མི་བྱེད་པའི་སློབ་མ་མང་བོ་མཐོང་མྱོང་བ་དང་། སློབ་སྦྱོང་གི་གནོན་ཤུགས་ཆེ་དྲགས་པས་སེམས་ཁམས་ཐད་ལ་གནད་དོན་བྱུང་ཡོད་པའི་སློབ་མ་ཡང་མཐོང་མྱོང་། དེ་དག་མ་ཟད་ད་དུང་པེ་ཅིང་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ལས་མེད་ཁོམ་ནས་བསྡད་ཡོད་པ་ཡང་མཐོང་མྱོང་། དེ་དག་ལས་ལྡོག་ཏེ། སློབ་ཆེན་ལོ་རིམ་གཉིས་པ་དང་གསུམ་པའི་སྐབས་སུ་རང་ཉིད་ཀྱི་འབད་པ་བརྒྱ་འགྱུར་ལ་བརྟེན་ཏེ། པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན། ཐ་ན་འཛམ་གླིང་སྟེང་དུ་སྐད་གྲགས་ཆོད་པའི་སློབ་ཆེན་གྱི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཟིན་པའི་སློབ་མ་ཡང་མང་བོ་མཐོང་མྱོང་བ་ཡིན།
  མི་ནི་རྩི་ཤིང་རྐང་གཅིག་དང་འདྲ། གལ་ཏེ་ཁྱོད་ཀྱི་སེམས་ཁོང་ན་ཁོ་ལག་རྒྱས་སྲིད་པའི་ས་བོན་ཞིག་མེད་ན། ཁྱོད་རང་དུས་གཏན་དུ་འཚར་ལོངས་འབྱུང་སྲིད་པ་མ་རེད། གལ་ཏེ་ཁྱོད་ཀྱི་སེམས་ཁོང་ན་རྩྭ་ཕྲན་གྱི་ས་བོན་ཙམ་ལས་མེད་ན། ཁྱོད་ནི་རྩྭ་ཕྲན་ཞིག་ཡིན། གལ་ཏེ་ཁྱོད་ཀྱི་སེམས་ཁོང་ན་སྡོང་བོའི་ས་བོན་ཞིག་ཡོད་ན། ཁྱོད་རང་སྡོང་རྒན་ཞིག་ཏུ་འགྱུར་ཁོ་ཐག་ཡིན། མི་ཡི་སེམས་ནང་དུ་གནས་པའི་རྩྭ་ཕྲན་དང་སྡོང་བོའི་ས་བོན་ནི་བརྗེ་སྤོར་བྱེད་ཆོག་པ་ཞིག་རེད། སེམས་བསམ་པའི་གཏིང་ནས་རང་ཉིད་བླ་ན་མེད་ཅིང་རླབས་ཆེ་བའི་མི་བུ་ཞིག་ཏུ་འགྱུར་འདོད་ཆེ་ན་ཁྱོད་རང་འགྱུར་ངེས་པ་ཡིན། དེ་བས་སློབ་གྲོགས་རྣམས་ཀྱིས་ཐོག་མར་ངེས་དགོས་པ་ནི། རང་ཉིད་ལ་སྐོམ་པ་ཆུ་འདོད་ལྟར་འཚར་ལོངས་འབྱུང་འདོད་ཆེ་བའི་ས་བོན་ཞིག་དགོས་པ་དེ་རེད།
འོ་ན། སློབ་ཆེན་འགྲིམ་པའི་གོ་རིམ་ཁྲོད་དུ་ཡང་སྙིང་དོན་བྱ་གང་དག་བསྒྲུབ་དགོས་ཟེར་ན།
  དོན་བྱ་དང་བོ་དེ་ནི་སློབ་སྦྱོང་ལ་ཧུར་བརྩོན་བྱ་རྒྱུ་དེ་རེད། སློབ་ཆེན་སྐབས་སུ་སློབ་སྦྱོང་ལ་ཧུར་བརྩོན་བྱ་ཐབས་དང་སློབ་འབྲིང་སྐབས་ཀྱི་སློབ་སྦྱོང་ལ་ཧུར་བརྩོན་བྱེད་ཐབས་གཉིས་འདྲ་བ་མ་རེད། སློབ་ཆེན་གྱི་སློབ་སྦྱོང་ནི་རང་ཉིད་ཀྱི་ལྟ་རྒྱ་ཐོས་རྒྱ་བསྐྱེད་པ་དང་མི་ཚེ་མཐའ་བསྐྱེད་པའི་ཆེད་དུ་ཡིན། ངས་བཤད་པའི་སློར་སྦྱོང་ནི་སློབ་ཆེན་སྐབས་ཀྱི་ཆེད་ལས་ཀྱི་ཤེས་བྱར་དོ་སྣང་བྱ་དགོས་པ་ལ་ཟེར་བ་ཡིན། རང་ཉིད་ཀྱི་ཆེད་ལས་ལ་དེ་འདྲའི་སྤྲོ་སྣང་མེད་ཚེ། རང་ཉིད་ལ་སྤྲོ་བ་ཡོད་པའི་ཆེད་ལས་ལ་འབད་པ་བྱེད་དགོས། ཆེད་ལས་དེ་ལ་རང་ཉིད་དངོས་གནས་སྤྲོ་སྣང་ཡོད་མེད་ཐད་དུ་བསམ་བློ་ཡང་ཡང་ནན་ཏན་གཏོང་དགོས། ཨ་མེ་རི་ཀའི་སློབ་ཆེན་གྱི་ལོ་སྔོན་མ་གཉིས་ཀྱི་ནང་དུ་སློབ་མར་ཆེད་ལས་བདམ་དུ་མི་འཇུག་པར་ལོ་གཉིས་པོ་དེའི་ཁྲོད་དུ་ཁྱོད་རང་ལ་ཁྱོན་ཡོངས་ནས་དགའ་ཕྱོགས་བསྐྱེད་བསྲིང་བྱེད་དུ་འཇུག་པ་རེད། གྲོགས་པོ་རྣམས་ཀྱིས་སེམས་ལ་འཛིན་རྒྱུ་ཞིག་ལ། གལ་ཏེ་ཁྱོད་ཀྱིས་མི་ཚེ་གང་བོར་རང་ཉིད་ལ་སྤྲོ་སྣང་མེད་པའི་ཆེད་ལས་དེ་བསྒྲུབ་པ་ནི་ཧ་ཅང་སྐྱོ་བའི་གནས་ཤིག་ཡིན། དེ་བས། ངེས་པར་དུ་རང་ཉིད་དགའ་སའི་ཆེད་ལས་ཤིག་བདམས་དགོས། གལ་ཏེ་ཆེད་ལས་བརྗེ་མི་ཐུབ་པ་ཡིན་ན། ཆེད་ལས་གཉིས་པ་ཞིག་སྦྱོང་དགོས། ཆེད་ལས་བརྗེ་ཐུབ་པ་ཡིན་ཚེ། བསམ་བློ་ཡག་པོ་ཞིག་བཏང་རྗེས་ད་གཟོད་བརྗེ་ན་འགྲིག གཞི་རྩར་གྱུར་བའི་ཤེས་བྱ་དག་ལ་འབད་བརྩོན་བྱས་མཐར།   ཁྱོད་ལ་སློབ་ཆེན་སྐབས་སུ་ཤེས་ཡོན་གྱི་མིང་བཏགས་གཉིས་འཐོབ་ངེས་པ་རེད།
  ཆེད་ལས་ལས་གཞན་ད་དུང་སློབ་གསེང་གི་དུས་ཚོད་བེད་སྤྱོད་བྱས་ནས་དཔེ་ཆ་མང་བོ་ཀློག་དགོསཔ་སྟེ། ཉི་མ་གཉིས་རེའི་ནང་དུ་དཔེ་དེབ་རེ་ལ་བལྟ་འོས། ངས་སློབ་ཆེན་འགྲིམ་པའི་སྐབས་སུ་ཕལ་ཆེར་དཔེ་ཆ་༨༠༠་ལྷག་ལ་བལྟས་པ་ཡིན། ངས་དེ་འདྲ་ཞིག་ཀློག་ཐུབ་པ་ཡིན་ན། ཁྱོད་ཀྱིས་ཀྱང་ཀློག་ཐུབ་ཁོ་ཐག་ཡིན། སློབ་གྲོགས་ལ་ལས་བཀླགས་ཟིན་པའི་དཔེ་ཆ་དག་བརྗེད་པར་གྱུར་ཚེ་ཇི་ལྟར་བྱ་ཞེས་འདྲི་བ་ཡིན་ན། ཡིད་ལ་འཛིན་རྒྱུ་ཞིག་ལ་བཀླགས་ནས་བརྗེད་པ་དང་གཏན་ནས་མ་བཀླགས་པ་གཉིས་ནི་དོན་དག་མི་འདྲ་བ་གཉིས་རེད། སློབ་གྲོགས་རྣམས་ཀྱིས་བཀླགས་ཟིན་པའི་དཔེ་ཆ་དག་རང་ཉིད་ཀྱིས་བཀླགས་མེད་པ་ཤེས་པའི་སྐབས་སུ། ཁྱོད་ཀྱི་སེམས་སུ་འཚུབ་ཆ་ཞིག་ལངས་སྲིད། དེ་བས་དཔེ་ཀློག་ནི་ཤེས་རབ་དང་ཤེས་བྱའི་ཁྱབ་ཁོངས་རྒྱ་བསྐྱེད་པའི་ཆེད་ཙམ་དུ་མ་ཟད། དཔེ་ཀློག་ནི་རང་ཉིད་རང་ལ་ཡིད་ཆེས་བརྟན་པོ་ཡོང་བ་བྱེད་པའི་རྨང་གཞི་ཡང་ཡིན། གལ་ཏེ་པེ་ཅིང་སློབ་ཆེན་ནས་ངས་དཔེ་ཀློག་གི་ཡིད་ཆེས་བརྟན་པོ་བཙུགས་མེད་ཚེ། ང་ལ་ཞིན་ཏུང་ཧྥང་(新东方)གསར་དུ་འཛུགས་པའི་སྙིང་སྟོབས་དང་ཡིད་ཆེས་ཡོད་མི་སྲིད། དེ་བས་དཔེ་ཀློག་ནི་རང་ཉིད་རང་ལ་ཡིད་ཆེས་བརྟན་པོ་ཡོང་བའི་རྨང་གཞི་ཡིན།
  སློབ་ཆེན་དུ་བསྒྲུབ་དགོས་པའི་དོན་བྱ་གཉིས་པ་ནི། སློབ་འབྲིང་སྐབས་ཀྱི་བྱ་འགུལ་དག་རྒྱ་བསྐྱེད་རྒྱུ་དེ་ཡིན། མི་ཚེ་ལ་མཚོན་ན་ཆེས་གལ་ཆེ་བ་ནི་ཆེས་ཐོག་མའི་གོ་སྐབས་དམ་འཛིན་བྱ་རྒྱུ་དེ་རེད། སློབ་ཆེན་འགྲིམ་པའི་སྐབས་སུ་བྱ་འགུལ་སྣ་ཚོགས་སུ་ཞུགས་རྒྱུ་ནི་ཤིན་ཏུ་གལ་ཆེ། ངས་ཤེས་གསལ་ལྟར་ན་སློབ་ཆེན་སྐབས་སུ་གྲུང་ཤ་དོད་པའི་སློབ་མ་རྣམས་དང་དེ་དག་ལས་ཏག་ཏག་ལྡོག་ཡོད་པ་རྣམས་གཉིས་བསྡུར་ན་མ་འོངས་པའི་འཕེལ་རྒྱས་ཐད་དུ་ཁྱད་པར་ཆེན་པོ་འདུག སློབ་ཆེན་སྐབས་སུ་ཚང་མས་གྲོགས་པོ་མང་བོ་བསྒྲིག་དགོས། ཡང་ཚང་མའི་སེམས་སུ་འཛིན་རྒྱུ་ཞིག་ལ། མི་གོ་རྟོགས་མཐོན་པོ་ཅན་ཞིག་དང་འབྲེལ་འདྲིས་བྱས་ན་རང་ཉིད་གོང་འཕེལ་འབྱུང་བ་ཡང་མགྱོགས་པ་ཡིན། ངས་དགེ་རྒན་བང་ཆིང་(王强)༢ ལས་དཔེ་ཀློག་བྱེད་སྟངས་བསླབ་པ་ཡིན། ཁོ་རང་སློབ་ཆེན་དུ་ཡོང་མ་ཐག་རང་ཉིད་ཀྱི་འཚོ་བའི་གྲོན་དངུལ་ཆ་ཤས་གཉིས་སུ་བགོས་པ་སྟེ། ཕྱེད་ཀས་དཔེ་ཆ་ཉོ་བ་དང་དེ་ལས་གཞན་པའི་ཕྱེད་ཀ་ནི་འཚོ་བའི་འགྲོ་གྲོན་དུ་སྤྱོད། དེ་བས་ཁོས་ཟླ་བ་རེ་རེར་དཔེ་ཆ་མང་བོ་ཉོ་སྲིད་པ་རེད། ངས་ཁོ་ལ་སློབ་སྦྱོང་བྱས་ཏེ། ཁོས་དཔེ་ཆ་ཅི་ཞིག་ཉོས་པ་ཡིན་ན་ངས་ཀྱང་དེ་ཉོས་པ་ཡིན། སློབ་ཆེན་དུ་གྲོགས་པོ་བསྒྲིག་སྐབས་སུ་རང་གི་ནུས་ཚོད་ཀྱིས་གྲོགས་པོ་བཟང་བོ་བསྒྲིག་རྒྱུ་ནི་ཡང་ཚང་མས་སེམས་སུ་འཛིན་དགོས་པའི་དོན་དག་གལ་ཆེན་ཞིག་གོ།
  སློབ་ཆེན་ནས་ད་རུང་དོན་བྱ་གཞན་ཞིག་བསྒྲུབ་དགོས་པ་ནི། སློབ་གྲོགས་ཚང་མའི་འདོད་མོས་དང་བསྟུན་ཅི་ཐུབ་བྱ་རྒྱུ་དེ་རེད། རང་ནུས་ཀྱིས་སློབ་གྲོགས་ཚོར་ཞབས་འདེགས་རེ་ཞུ་བ་དེའོ།། ང་ཚོས་སློབ་ཆེན་ནང་དུ་སློབ་གྲོགས་རིགས་གཉིས་མཆིས་པ་མཐོང་ཐུབ་པ་སྟེ། རིགས་གཅིག་གིས་ནི་རང་ཉིད་ཁོ་ནའི་བསླབ་འབྲས་དང་ཁེ་ཕན། རང་ཉིད་ཀྱིས་འགྲན་རྩོད་ཁྲོད་ནས་ཇི་ལྟར་རྒྱལ་ཁ་ལེན་པ་སོགས་ལ་བསམ་བློ་གཏོང་བ་ལས་མི་གཞན་ལ་སེམས་ཁུར་མི་བྱེད། རྣམ་འགྱུར་འདི་ལྟ་བུ་གོམས་ལོབས་སུ་གྱུར་ན། རྗེས་སོར་སྤྱི་ཚོགས་སྟེང་ནས་ཕམ་ཁ་ཆེན་པོ་མྱང་ངེས་པ་རེད། རྒྱུ་མཚན་ནི་དེང་སྐབས་ཀྱི་སྤྱི་ཚོགས་ཀྱིས་རང་ཉིད་ཁོ་ནའི་ཁེ་ཕན་བསམ་པའི་མི་དེ་ལྟ་བུ་དང་ལེན་བྱེད་མི་སྲིད། དེ་བས་སློབ་ཆེན་འགྲིམ་པའི་སྐབས་སུ་མི་གཞན་པར་སེམས་ཁུར་བྱེད་པར་ཡང་སློབ་སྦྱོང་བྱེད་དགོས་པ་དང་། རང་ནུས་ཀྱིས་ཁེ་དང་རྒྱལ་ཁ་གཞན་ལ་བྱིན་ཏེ། གྱོང་དང་ཕམ་ཁ་རང་གིས་ལེན་དགོས། འདི་ལྟར་བྱས་ན་སློབ་གྲོགས་རྣམས་ཀྱིས་ཁྱོད་ལ་ཡིད་ཆེས་བྱེད་སྲིད་པ་དང་། རྗེས་ཕྱོགས་རང་ཉིད་ལ་དཀའ་ཁག་ཡོད་ཚེ། ཁོ་ཚོས་ཁྱོད་རང་ལ་རོགས་བྱེད་འདོད་ཡོད་ངེས་ཡིན། ང་རང་སློབ་ཆེན་འགྲིམ་པའི་སྐབས་ཀྱི་ལོ་ངོ་བཞིའི་རིང་དུ་མལ་ཁང་གི་ཆུ་ཁོལ་ལེན་དུ་འགྲོ་མཁན་དང་མལ་ཁང་དུ་གད་བདར་བྱེད་མཁན་ཡིན། ངས་ཞིན་ཏུང་ཧྥང་གསར་འཛུགས་བྱེད་སྐབས་ང་རང་སློབ་ཆེན་གྱི་སློབ་གྲོགས་ཚོ་འཚོལ་དུ་སོང་བ་ན། ཁོ་ཚོ་ཚང་མ་ང་ལ་རོགས་རམ་བྱེད་པར་མོས་པ་འདུག རྒྱུ་མཚན་ནི་ཁོ་ཚོས་སློབ་ཆེན་གྱི་སྐབས་སུ་ང་ནི་མི་བཟང་ཞིག་དང་མི་གཞན་པར་རོགས་རམ་བྱེད་པར་དགའ་བ་ཞིག་ཡིན་པར་འདོད་ཀྱིན་འདུག དེ་བས་འདི་ལྟར་སློབ་ཆེན་སྐབས་ཀྱི་སློབ་གྲོགས་ཚོས་དཔུང་གདང་གཅིག་ཏུ་སྦྲེལ་ནས་ཞིན་ཏུང་ཧྥང་གསར་དུ་བཙུགས་པ་ཡིན། དེང་སྐབས་ང་ཡི་འབྲེལ་འདྲིས་ཀྱི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་ན་ཡང་། ངའི་གྲོགས་པོ་བཟང་བོ་རྣམས་ནི་སྔར་བཞིན་སློབ་ཆེན་སྐབས་ཀྱི་སློབ་གྲོགས་ཚོ་ཡིན།
  སློབ་ཆེན་འགྲིམ་པའི་སྐབས་སུ། ང་ཚོས་ད་དུང་བརྩེ་དུང་གི་ཕྱོགས་ནས་ཀྱང་འབྲས་བུ་རེ་ཨེ་ལོན་བལྟས་ན་ཆོག་པ་རེད། ངས་བཤད་པའི་བརྩེ་དུང་ནི་གྲོགས་པོའི་བར་གྱི་མཛའ་བརྩེ་ཙམ་དུ་མ་ཟད། ཕོ་མོའི་བར་གྱི་འབྲེལ་བ་ལ་ཡང་ཟེར་བ་ཡིན། གལ་ཏེ་སློབ་ཆེན་ནས་མཛའ་གྲོགས་བསྒྲིག་པའི་གོ་སྐབས་རེ་བྱུང་ན་དེ་ཡང་ལེགས་པོ་རེད། ངེས་པར་དུ་བློ་སེམས་རྩེ་གཅིག་དང་སེམས་བསམ་པའི་གཏིང་ནས་ཕ་རོལ་བོར་སྙིང་ཉེ་དགོས་པ་རེད། རྒྱུ་མཚན་ནི་ལྷག་བསམ་ཟོལ་མེད་ཡིན་ན་ད་གཟོད་དེ་དག་ལ་མྱོང་རོལ་ངོ་མ་བྱེད་ནུས་པ་དང་ད་གཟོད་དེ་དག་གི་ཁྲོད་དུ་འཚར་ལོངས་ངོ་མ་འབྱུང་ཐུབ་པ་རེད།

མཆན་འགྲེལ།
༡ ཡུས་རྨིན་ཧུང(俞敏洪)ཞིན་ཏུང་ཧྤང་ཞེས་པ་འཛུགས་པ་པོ།
༢ བང་ཆིང་(王强) ཡུས་རྨིན་ཧུང་གི་སློབ་ཆེན་སློབ་གྲོགས་ཡིན། ཨ་རི་སོགས་སུ་སློབ་གཉེར་དུ་ཕྱིན་མྱོང་ལ་ད་ལྟ་ཞིན་ཏུང་ཧྥང་གི་དགེ་རྒན་མིང་གྲགས་ཅན་གྱི་གྲས་ཡིན།

                                                                           
བཙུན་ཐར་རྒྱལ་གྱིས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།