གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞིས་ཀ་རུ།

2016-05-18 14:30:51 ཨན་ཏྲོན་ཆི་ཧོ་ཧྥིས། ཀློག་གྲངས། མཆན ཡོད།

   7e3e6709c93d70cfb39cae6ffedcd100baa12b69.jpg
            རྩོམ་པ་པོའི་སྐུ་པར།

              “ང་ཁྱེད་ལ་དགའ། ཁྱེད་ནི་ངའི་ཚེ་སྲོག་དང་བདེ་སྐྱིད་ཡིན་ལ། ཡོད་ཚད་ཀྱང་ཡིན། ངས་གཏམ་དྲང་བོར་བརྗོད་པར་བཟོད་གསོལ་ཞུ། ངས་མུ་མཐུད་དུ་ཁ་རོག་གེར་སྡུག་མྱངས་ནས་སྡོད་ཐབས་བྲལ། ངས་ཁྱེད་ཀྱིས་ང་ལ་དེར་མཚུངས་ཀྱི་བརྩེ་བ་སྦྱིན་པའི་རེ་བ་འཛིན་གྱི་མེད་པར་ང་ལ་སྙིང་རྗེ་སྒོམས་རོགས་ཞེས་ཞུ་བ་བྱེད་བཞིན་ཡོད། དོ་དགོང་ཆུ་ཚོད་བརྒྱད་པའི་སྟེང་ཁྱེད་ཉིད་ངེས་པར་བསིལ་ཁང་རྙིང་བར་ཡོང་རོགས། ངས་རང་ཉིད་ཀྱི་མིང་འབྲི་བ་ནི་དགོས་མེད་ཀྱི་དོན་ཞིག་ཏུ་འདོད། འོན་ཀྱང་ཁྱེད་ཀྱིས་ངའི་མིང་སྦས་པར་དོགས་མི་དགོས་ཏེ། ང་གཞོན་ལ་ཡིད་དུ་འོངས་། ཁྱེད་ལ་འདི་ལས་ལྷག་པའི་འདོད་པ་གཞན་ཡོད་སྲིད་དམ”               

      ཚ་གཡོལ་བ་པཱ་བེལ·  ཡེ་བན་ནེ་ཆཱ · བེ་ཊི་ཚེ་ཧྥུ། སྤྱོད་ལམ་ལེགས་པའི་ཁྱོ་ག་ཞིག  འཕྲིན་འདི་བཀླགས་རྗེས་ཕྲག་པ་འགུལ་ཙམ་བྱས་ནས་ཅི་ཡིན་ཧ་མ་གོ་བར་ལག་པས་ཐོད་པ་འཕྲུག་ཞོར་དུ“འདི་ཅི་ཞིག་ཡིན་ནམ” “ང་གཉེན་སྒྲིག་བྱས་ཟིན་པའི་མི་ཞིག་རེད། ཡིན་ཀྱང་ང་ལ་འདི་འདྲའི་འཕྲིན་པ་ཡ་མཚན་ཞིག་འབྱོར་བྱུང་། འདི་སུས་བྲིས་པ་ཡིན་ནམ”སྙམ།

      པཱ་བེལ · ཡེ་བན·ནེ་ཆཱས་འཕྲིན་ཤོག་མིག་མདུན་དུ་ཐེངས་འགར་གཡོ་རུ་བཅུག་རྗེས་བསྐྱར་དུ་ཐེངས་གཅིག་བཀླགས་ནས་མཆིལ་ཞགས་འཕངས་།  

“ང་ཁྱེད་ལ་དགའ་་་་་་”   ཁོས་ཁ་གཉེར་སྣ་གཉེར་བྱས་ནས“ང་བྱིས་པ་ཞིག་གི་ཚད་དུ་བཞག་འདུག  ང་རང་དགར་བསིལ་ཁང་དུ་ཁྱོད་དང་རོགས་ཐུག་བྱེད་མཁན་ཞིག་གི་ཚད་ལ་བཞག་འདུག  ངས་་་་་་་སྤྱོད་འཆལ་གྱི་ངན་འབྲེལ་འདི་དག་ངས་སྔ་མོ་ནས་བྱེད་ཀྱི་མེད།་་་་་་ འུན། འཕྲིན་འདི་འབྲི་མཁན་ནི་འཆལ་མོ་ཞིག་ཡིན་ཁོ་ཐག་རེད།་་་་་་ འུན། བུད་མེད་འདི་ཚོ། དངོས་གནས་མགོ་མཐོམ་འདུག   མི་ཆ་མེད་ཅིག་ལ་བརྩེ་འཕྲིན་འབྲི་སྲོལ་གང་ན་ཡོད། ད་དུང་ཁྱིམ་ཐབ་ཅན་གྱི་མི་ཞིག་ལ་་བྲིས་འདུག  དངོས་གནས་ཀུན་སྤྱོད་འཆལ་འདུག”ཟེར།

   ལོ་ངོ་བརྒྱད་ཀྱི་བཟའ་ཚང་གི་འཚོ་བའི་ཁྲོད། པཱ་བེལ·ཡེ་བན་ནེ་ཆཱ་རྩེ་དགའི་སྤྲོ་སྣང་དང་རིང་དུ་གྱེས་པས། ལོ་སར་སྐབས་ཀྱི་སྨོན་ཚིག་ཤོག་བྱང་མ་གཏོགས་ཁོར་ལེགས་སྐྱེས་གང་ཡང་འབྱོར་མྱོང་མེད། དེ་བས་ཁོའི་ཕྱི་ཚུལ་ནས་ཕོ་ཁྱོ་ཀ་ཞིག་གི་རང་ཚུགས་བཟུང་ནས་ཅི་མི་སྙམ་པའི་རྣམ་འགྱུར་བསྟན་མོད། འཕྲིན་དེ་འབྱོར་བས་ཁོ་ཅི་བྱ་གཏོལ་མེད་དང་སེམས་བློང་བློང་བོར་བཏང་ཡོད། འཕྲིན་འབྱོར་ནས་ཆུ་ཚོད་གཅིག་འགོར་སོང་། ཁོ་འབོལ་ཁྲིར་རྒྱབ་བསྙེས་ནས་“ལོས་ཡིན། ང་བྱིས་པ་ཞིག་མིན་པས་གང་འདོད་དུ་བུད་མེད་དེར་རོགས་ཐུག་ཏུ་འགྲོ་མི་སྲིད། འོན་ཀྱང་འཕྲིན་འབྲི་མཁན་སུ་ཡིན་གསལ་བོར་ཞིག་ཤེས་ན་དེའང་སྙིང་བོ་ཅན་ཞིག་རེད། འུན་་་་་་ཡིག་གཟུགས་ལ་བརྟག་ན་བུད་མེད་ཅིག་གིས་བྲིས་པ་ཡིན་ཤག་ཤག་རེད། འཕྲིན་དེའང་བརྩེ་བ་དང་ལྡན་པ་ཞིག་བྲིས་འདུག་པས་ཀུ་རེ་རྩེས་པ་དང་མི་འདྲ།་་་་་་ཕལ་ཆེར་བུད་མེད་སྨྱོ་ཞད་ཅན་ཞིག་གིས་བྲིས་པ་འདྲ། དེ་མིན་ཚེ་ཡུགས་མོ་ཞིག་ཡིན་སྲིད། གང་ལྟར་ཡུགས་མོའི་ནང་ནས་ཀྱང་བསམ་སྦྱོར་རྒྱུན་ལྡན་མིན་པ་ཞིག་ཡིན་སྲིད། འུན་་་་་་ སུ་ཞིག་ཡིན་སྲིད་དམ?“

གནད་འདི་ཤེས་པར་བྱ་བའང་ལས་སླ་མོ་ཞིག་མ་ཡིན་ཏེ། ཚ་གཡོལ་གཞིས་ཀ་འདི་རུ་པཱ་བེལ· ཡེ་བན·ནེ་ཆཱར་རང་གི་ཆུང་མ་མ་གཏོགས་བུད་མེད་ངོ་ཤེས་ཞིག་མེད། “ཐན་ལྟས་་་་་་་       ཁོ་སོམ་ཉིའི་དྲ་བར་ཚུད།    ང་ཁྱེད་ལ་དགའ།་་་་་་མོ་ནམ་ཞིག་ལ་ངར་དགའ་བ་རེད།   བུད་མེད་ཡ་མཚན། ང་ངོ་མི་ཤེས་ལ་ཆ་རྒྱུས་གང་ཡང་མེད་པར་དགའ་སྲིད་པ་འདི་ཁོ་མོ་ཕལ་ཆེར་ལོ་ཆུང་ཞིང་རང་ཤེད་ཚ་བའི་གཞོན་ནུ་མ་ཞིག་ཡིན་ཚོད་རེད། མོས་ང་ཐེངས་གཉིས་གསུམ་ཙམ་ལ་མཐོང་མྱོང་ཡོད་ཀྱང་སྲིད། འོན་ཀྱང་་་་་་ཁོ་མོ་སུ་ཞིག་ཡིན་ནམ”

        པཱ་བེལ· ཡེ་བན་ནེ་ཆཱས་གློ་བུར་དུ་ཁ་སང་ཁེས་ཉིན་ཁོ་གཞིས་ཀའི་མཐའ་འཁོར་དུ་འཆམ་འཆམ་ལ་འགྲོ་སྐབས་ཐེངས་འགར་ཕྲད་པའི་བུ་མོ་ཤམ་ལྭ་གྱོན་ཞིང་། སྣའི་གཟེངས་ཅུང་མཐོ་ལ་སྐྲ་མདོག་སེར་བོ་ཅན་དེ་དྲན་བྱུང་།བུ་མོ་འདིས་འགྲོ་ཞོར་འདུག་ཞོར་དུ་ཁོ་ལ་ལྟ་བཞིན་འདུག ཁོ་འདུག་སྟེགས་རིང་བོའི་སྟེང་འདུག་སྐབས། མོ་ཡང་ཁོའི་འགྲམ་ནས་ཙོག་བྱུང་།་་་་་་མོ་ཡིན་ནམ།?“བེ་ཊི་ཚེ་ཧྥས”ཡིན་མི་སྲིད།  ཁོ་མོ་འདི་འདྲའི་གཡེར་བག་ལྡན་པའི་གཞོན་ནུ་མ་ཞིག་ང་ལྟ་བུའི་རྒན་པོ་ཞིག་ལ་དགའ་སྲིད་དམ” མི་སྲིད། འདི་དཔེ་མི་སྲིད།  གུང་ཟས་བཟའ་བའི་སྐབས། པཱ་བེ་ནེ་ཆཱས་ཆུང་མའི་ངོར་ཅེར་ནས་རང་གི་དོན་འདི་དག་ལ་བསམ་བློ་བསམ་བློ་བཏང་།“མོས་རང་ཉིད་གཞོན་ལ་ཡིད་དུ་འོངས་པ་ཞིག་ཡིན་ཟེར།་་་་་་ འདིས་མོ་རྒན་མོ་ཞིག་མིན་པ་གསལ་བཤད་བྱས་འདུག་་་་་་འུན།་་་་་་དོན་དངོས་ཀྱི་སྐད་ཆ་ཞིག་བཤད་ན་ངའང་རྒས་མི་འདུག  ད་དུང་གཞན་གྱི་དུང་པ་འང་འདྲེན་ཐུབ།་་་་་་ངའི་ཆུང་མ་ང་ལ་ཤིན་དུ་དུངས། ཁ་དཔེར་ཡང་། བརྩེ་དུང་ནི་ཞ་ར་ཞིག་སྟེ། སུ་དང་འཕྲད་ན་དེ་འཛིན་ཟེར་བ་མིན་ནམ”

      “ཁྱོད་ཀྱིས་ཅི་ཞིག་ལ་བསམ་བློ་བཏང་ཡོད” ཆུང་མས་ཁོར་དྲིས།

        “འུན།མགོ་ན་ཡི་འདུག་་་་་་ ” པཱ་བེལ·ཡེ་བན་ནེ་ཆཱས་རྫུན་བཤད།

        ཁོས་འདང་ཕོགས་སོང་། འཕྲིན་ཡིག་འདི་བརྩེ་འཕྲིན་ཞིག་ཏུ་འདོད་པ་ནི་གླེན་རྟགས་ཤིག་རེད། ཁོས་འཕྲིན་ཡིག་འདི་དང་འཕྲིན་འདི་འབྲི་མཁན་ལ་སྣ་དགོད་བྱས་ནས་འཕྱས། འོན་ཀྱང་། ཨེ། མི་གཤིས་ཀྱི་འགུགས་ཤུགས་ནི་སྟོབས་དང་ལྡན་པ་ཞིག་རེད། གུང་ཟས་ཟོས་རྗེས་པཱ་བེལ·ནེ་ཆཱ་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག     མ་གཉིད་པར་བསམ་བློ་བཏང་།    ཁོ་མོས་ངས་དུས་ཆད་བསྲུངས་ནས་ཐུག་ཏུ་ཡོང་བར་རེ་བཞག་པ་ཤེས་དགོས། ཅི་འདྲའི་གླེན་རྟགས་ཚ་བ་ལ། ཁོ་མོ་བསིལ་ཁང་དུ་ཐོན་དུས་ང་མཐོང་རྒྱུ་མེད་ཚེ་རེ་ཐག་ཆད་ནས། ལུས་ཕུང་འདར་སྲིད་པ་ངས་བློས་དཔོག་ཐུབ།་་་་་་ང་བསམ་གཟས་ནས་མི་འགྲོ་་་་་་ མོར་ཁོང་ཁྲོ་སློང་། 

          འོན་ཏེ་ངས་ཚིག་གཅིག་གསལ་བོར་བཤད་དགོས། མི་གཤིས་ཀྱི་འགུག་ཤུགས་ནི་སྟོབས་དང་ལྡན་པ་ཞིག་རེད།

          “འོན་ཀྱང་། མཚར་འཛིན་གྱི་དབང་གིས་དེ་ཐེངས་གཅིག་སོང་ནའང་མི་ཆོག་པ་མེད” ཆུ་ཚོད་ཕྱེད་ཀའི་རྗེས་ནས་ཚ་གཡོལ་བ་འདིས་ཡང་འདི་ལྟར་བསམ།  “རྒྱང་ནས་ཁོ་མོ་བུད་མེད་གང་འདྲ་ཞིག་ཡིན་པ་བལྟ་་་་་་གཟུགས་བྱད་ག་འདྲ་ཡིན་པར་བལྟ། སྤྲོ་སྣང་ལྡན་ཚེ་སྐབས་བསྟུན་གྱི་བྱ་བ་བྱེད། གོ་སྐབས་འགྲིག་ན་རྩེ་དགར་རོལ་ནའང་ཅིས་མི་ཆོག?”

         པཱ་བེལ·ཡེ་བན་ནེ་ཆཱ་ཡར་ལངས་ནས་ལྭ་བ་གྱོན།

        “འདི་འདྲའི་ཤོམ་འཐེན་ནས་གང་ལ་འགྲོ་རྒྱུ།?”   ཆུང་མས་ཁོས་ནང་ཚི་གཙང་མ་ཞིག་གྱོན་ཞིང་གོང་མདུད་མདོག་ཅན་ཞིག་དཀྲིས་ཡོད་པ་མཐོང་རྗེས་དྲིས།

        “འུན། ཕྱི་རོལ་ལ་འཆམ་འཆམ་དུ་འགྲོ་རྒྱུ།་་་་་་མགོ་ཅུང་ཙམ་ན་ཡི་འདུག་་་་་་ འུན་་་་་་” པཱ་བེལ·ཡེ་ནེ་ཆཱས་གྱོན་པ་གྱོན་ཚར་རྗེས་ཆུ་ཚད་བརྒྱད་པར་སྒུག་ནས་དུས་ལོན་ཙ་ན་སྒོར་བུད། ཉི་ནུབ་ཀྱི་ལྷག་ཟེར་གྱིས་སྤྲོས་པའི་ལྗང་མདོག་གི་ལྗོངས་ཁམས་ན། དབྱར་སྐྱེལ་དུ་ཡོང་བའི་གཞོན་ནུ་ཕོ་མོ་ཚོ་སྣ་ཚོགས་གོས་ཀྱིས་བརྒྱན་ནས་མིག་ལམ་དུ་ཕར་གཡོ་ཚུར་གཡོ་བྱས་པས། ཁོའི་སྙིང་དྲག་ཏུ་ལྡིང་བྱུང་།

        “མོ་ནི་ཁོ་ཚོའི་ཁྲོད་ཀྱི་གང་ཡིན་ནམ” ཁོས་དེ་ལྟར་བསམས། ཁ་སྐྱེངས་ཞོར་བུད་མེད་རེ་རེའི་གདོང་ལ་མིག་གིས་བཤེར། “སྐྲ་ལོ་སེར་བའི་བུད་མེད་དེ་མི་འདུག་་་་་་་འུན་་་་་་་གལ་དེ་འཕྲིན་དུ་བྲིས་པ་ལྟར་རིགས་འདེད་བྱས་ཚེ་ཁོ་མོ་ད་ལྟ་བསིལ་ཁང་དུ་ཡོད་སྲིད།? བེ་ཊི་ཚེ་ཧྥ་ནགས་ལམ་བརྒྱུད་ནས་སོང་ཞིང་ནགས་ལམ་གྱི་མཐར་སླེབས་ཚེ།   དུན་སྡོང་མཐོན་པོ་ཞིག་གི་ཡལ་གའི་བར་གསེང་ནས“བསིལ་ཁང་སྙིང་བ”་དེ་མཐོང་ཐུབ།     ཁོ་དལ་གྱིས་བསིལ་ཁང་གི་འགྲམ་དུ་བཅར་་་་་་་།

        “རྒྱང་ནས་བལྟ་་་་་་་་ཁོས་དེ་ལྟར་བསམས། ཐེ་ཚོམ་ངང་གོམ་པ་མདུན་དུ་སྤོས།   ཨེ། ང་ཅི་ཞིག་ལ་སྐྲག  ང་རོགས་ཐུག་ལ་འགྲོ་བ་མ་རེད། གླེན་པ་ཁ་ནག་ཅིག་་་་་་་་་ སྤོབས་པ་ཆེར་བསྐྱེད་ཀྱིས་མདུན་དུ་འགྲོ  ང་བསིལ་ཁང་དུ་ཐོན་ཚེ་ཅི་བྱེད་རྒྱུ།  འུན་་འུན་་་་ཅི་བྱེད་ན་བྱེད།” པཱ་བེལ·ཡེ་བན་ནེ་ཆཱའི་སྙིང་གི་འཕར་ལྡིང་ཇེ་དྲག་ཏུ་ཕྱིན། ཁོས་རང་དབང་མེད་པར་བསིལ་ཁང་དེ་བློས་བསླངས་བྱས་བྱུང་། བློས་བསླངས་སུ་སྐྲ་སེར་ལ་གཟུགས་རིང་ཞིང་མཛེས་པ། སྣའི་གཟེངས་ཅུང་མཐོ་བའི་བུ་མོ་ཞིག་མངོན་བྱུང་། བརྩེ་བའི་རྐྱེན་པས་སྐྱེངས་ཤིང་འཁུམ་ནས་ཕུང་བོ་འདར། ཡིན་གྱིས་ཁོའི་གམ་ལ་བཅར་ནས་དབུགས་ཤུགས་ཀྱིས་རྔུབ་བཞིན་གློ་བུར་དུ་ཁོ་ལ་འཐམས།

        “གལ་ཏེ་ང་མི་ཕོ་རྐྱང་ཞིག་ཡིན་ཚེ་འདང་རྒྱག་ཅི་ཡང་མེད་་་་་” ཁོས་འདི་ལྟར་བསམས། སུན་པའི་ཚོར་སྣང་ཀླད་པ་ལས་ཕྱིར་ཕྱུངས། ཡང་གཅིག་བཤད་ན་་་་་་ ཚེ་གང་བོའི་ནང་འདི་འདྲའི་བརྒྱུད་རིམ་ཐེངས་གཅིག་ཡོད་ན་དེའང་མི་ཆོག་པ་མེད། དེ་མིན་འཆི་ཚད་ལ་སླེབས་དུས་ཀྱང་ཚོར་བ་འདི་ཅི་འདྲ་ཞིག་ཡིན་པ་ཤེས་མི་སྲིད། དེ་ན་ཆུང་མ་་་་་་ཧེ། འདིར་མོར་འབྲེལ་བ་ཅི་ཡོད་དམ། དཀོན་མཆོག་ལ་བཀའ་དྲིན་ཞུ། ལོ་བརྒྱད་པོའི་རིང་ལ་མོ་དང་གོམ་པ་གང་ཡང་འབྲལ་མ་མྱོང་་་་་་་ལོ་བརྒྱད་ལ་འགྲིག་ལམ་བརྩི་བའི་སྤྱི་དམངས་ཚད་ལྡན་བྱས་ནས་བསྡད། ད་མོར་ཁ་ཡ་མི་བྱེད། ཅུང་སུན་པོ་ཡང་འདུག་་་་་དེ་རིང་ངས་མོར་ངོ་ལོག་བྱ་རྒྱུ་ཡིན།

      ལུས་པོ་འདར་ཞིང་དབུགས་བསྡམས། པཱ་བེལ·ཡེ་བན་ནེ་ཆཱ་བསིལ་ཁང་གི་མདུན་དུ་ཐོན། བསིལ་ཁང་གི་ངོས་རྒུམ་སྦྲུམ་གྱི་འཁྲི་ཤིང་གིས་ཁེངས་འདུག ཁོས་བསིལ་ཁང་གི་ནང་དུ་བལྟ་ཙམ་བྱས། ་་་་་་་སྣ་ནང་དུ་ཡོང་བ་ནི་སྦབས་དྲི་འདྲེས་པའི་མཁའ་དབུགས་བརླན་ཤས་ཆེ་བ་རེད་་་་་་།

       “ཕལ་ཆེར་མི་མེད་པ་འདྲ་་་་་་”ཁོས་དེ་ལྟར་བསམས། པཱ་བེལ·ཡེ་བན་ནེ་ཆཱས་མི་འདི་རང་གི་ཆུང་མའི་ནུ་བོ་ཡིན་པ་ངོ་ཤེས། སློབ་ཆེན་པ་མཱེ་ཊ། ཁོ་ཚང་གི་གཞིས་ཀར་བསྡད་ཡོད།

    “ འོ། མ་གཞི་ཁྱོད་ཡིན་ནམ།་་་་་་་”ཧ་ཅང་ཡི་མི་རངས་པའི་ངང་ནས་བཤད་ཞོར་ཞྭ་མོར་ཕུད་ནས་བཙོག

     “འོ་ལེ། ང་ཡིན་་་་་་་”མཱེ་ཊས་ལན་བཏབ།

     སྐར་མ་གཉིས་ཙམ་ཁ་རོག་གེར་བསྡད།

      “དགོངས་པ་མ་ཚོམ། པཱ་བེལ ·ཡེ་བན་ནེ་ཆཱ། ཁྱོད་འདི་ནས་སོང་ན་ཆོག་གམ། ངས་རང་གི་རབ་འབྱམས་པའི་དཔྱད་རྩོམ་ལ་འདང་རྒྱག་བཞིན་ཡོད།་་་་་་ངའི་འགྲམ་ནས་མི་ཞིག་བསྡད་ན་བསམ་བློ་གཏོང་བར་གེགས་བྱེད་་་་་་”མཱེ་ཊས་སྔོན་ལ་སྡུག་གཏམ་སྨྲས་བྱུང་།

      “དེ་ལས། ཁྱོད་ནགས་ལམ་དུ་སོང་ན་དགའ་སྙམ།་་་་་་” པཱ་བེལ·ཡེ་བན་ནེ་ནེ་ཆཱས་ངག་འཇམ་པོས་ཕྱིར“ཕྱི་ནས་བསྡད་ན་རིག་པའི་ཀློང་བརྡོལ་སླ། ་་་་་་ད་དུང་ང་འདུག་སྟེགས་རིང་བོ་འདིའི་སྟེང་ནས་གཉིད་ཅོག་རྒྱག་འདོད་ཡོད ་་་་་་འདིར་ཚ་སྡུག་མི་ཆེ་བས་་་་་་”

“ཁྱེད་ཀྱིས་གཉིད་ཅོག་རྒྱག་དགོས་པ་རེད། འོན་ཀྱང་ངས་དཔྱད་རྩོམ་ལ་འདང་རྒྱག་དགོས”་་་་་ མཱེ་ཊས “དཔྱད་རྩོམ་གལ་ཆེན་རེད། ་་་་་་”ཅེས་ལྡབ་ལྡིབ་དུ་སྨྲས།

   ཡང་ཁ་རོག་གེར་བསྡད།་་་་་་བེ་ཊི་ཚེ་ཧྥུ་འདུག་མི་བཟོད་པར་གྱུར། གོམ་སྒྲ་མཚམས་མི་ཆད་པར་ཐོས་ཡོང་བས་གློ་བུར་དུ་ཡར་ལངས་ནས་“ད་ཆོག་གི  མཱེ་ཊ། ངས་ཁྱོད་ལ་ཞུ་བ་བྱེད། ཁྱོད་ང་ལས་ལོ་ཆུང་བས་ང་ལ་བསམ་ཤེས་བྱས་ན་འགྲིག་་་་་་་ངའི་ལུས་ཕུང་ཅུང་བདེ་ཡི་མི་འདུག  གཉིད་ཅོག་རྒྱག་འདོད།་་་་་ཁྱོད་སོང་ཡ” ཞེས་ཞུ་བ་བྱེད་པའི་ངག་གིས་བཤད།

        “ འདི་སྒེར་སེམས་ཁོ་ན་རེད།་་་་་ངེས་པར་དུ་ཁྱོད་འདི་ནས་བསྡད་དེ་ང་སྡོད་དུ་མི་འཇུག་དོན་ཅི་ཡིན། ཅི་ཞིག་བཤད་རུང་ང་མི་འགྲོ ་་་་་་་”

        “ ཆོག་གི  ངས་ཁྱོད་ལ་ཞུ་བ་བྱས་པ་ཡིན། ང་མི་སྒེར་སེམས་ཅན་ཞིག གནས་ལུགས་མི་བརྩི་མཁན་ཞིག གླེན་པ་ཞིག་ཡིན་རུང་ངས་ཁྱོད་ལ་ཕར་སོང་ཞེས་ཞུ་བ་བྱེད་རྒྱུ། ཚེ་ཐོག་འདི་ནས་ད་ཐེངས་གཅིག་པུར་ཁྱོད་ལ་གཉའ་སྒུར་མགོ་སྨད་ནས་ཞུ་བ་བྱས་པ་ཡིན། ང་ལ་བསམ་ཤེས་བྱ་རོགས།”

        མཱེ་ཊས་མགོ་བོ་འཕྲེད་དུ་གཡུགས།

        “དངོས་གནས་སྐྱག་གཟན་ཞིག་རེད།་་་་་་” པཱ་བེལ·ཡེ་བན་ནེ་ཆཱས“མ་མཐའ་ཡང་ངས་ཁོ་ཡོད་ས་ནས་རོགས་ཐུག་བྱ་མི་འོས། ཁོ་འགྲོ་རུ་འཇུག་དགོས་”སྙམ།

       “མཱེ་ཊ། ངའི་ཁར་ཉོན།”ཁོས་འདི་ངས་ཁྱོད་ལ་ཆེས་མཇུག་མཐའི་ཞུ་བ་བྱས་པ་ཡིན།་་་་་་་་ཁྱེད་རང་གནས་ལུགས་ཤེས་པའི་ཡོན་ཏན་པ་བསམ་ཤེས་ཤིག་བྱས་ན་འགྲིག

      “ངས་ཧ་མི་གོ ཁྱེད་ཀྱིས་ངའི་སྟེང་ལ་བཤད་ནས་མི་གཏོང་དོན་ཅི་ཡིན།་་་་་་”མཱེ་ཊས་ཕྲག་པ་འགུལ་ཙམ་བྱས་ནས”ངས་བཤད་ཟིན། ང་མི་འགྲོ མི་འགྲོ   ཅི་ཞིག་བཤད་རུང་མི་འགྲོ”ཞེས་བཤད།

      སྐབས་འདིར། སྣའི་གཟེངས་ཅུང་མཐོ་བའི་བུད་མེད་ཅིག་གིས་གློ་བུར་དུ་བསིལ་ཁང་ནང་ལ་བལྟས་བྱུང་།

      མཱེ་ཊ་དང་པཱ་བེལ· ཡེ་བན་ནེ་ཆཱ་མཐོང་བས་བུད་མེད་འདིས་སྨིན་མ་བསྡུ་ཙམ་བྱས་ནས་བུད་སོང་་་་་་་་།

“ ཁོ་མོ་བུད་ཐལ། པཱ་བེལ·ཡེ་ནེ་བེ་ཆཱས་དེ་ལྟར་བསམས། མཱེ་ཊ་ལ་སྡང་མིག་གིས་བལྟས་ནས“ མོས་སྐྱག་གཟན་འདི་མཐོང་བས་ད་བུད་སོང་བ་རེད། ཚང་མ་བརླག་སོང”སྙམ།

   ཅུང་ཙམ་འགོར་རྗེས་བེ་ཊི་ཚེ་ཧྥུ་ཡར་ལངས་ནས་ཞྭ་མོ་གྱོན། མཱེ་ཊ་ལ “སྐྱག་གཟན། ལྟས་ངན། རེད་དེ། སྐྱག་གཟན། ཐ་ཤལ་བ། ད་དུང་་་་་་གླེན་པ། འུ་གཉིས་འབྲེལ་བཅད་པ་ཡིན།”ཞེས་བཤད།

“བཟང་གི ” མཱེ་ཊས་ལྡབ་ལྡིབ་ཅིག་སྨྲས། ཁོ་ཡང་ཡར་ལངས་ནས་ཞྭ་མོ་གྱོན། “ ཁྱོད་ཀྱིས་ཤེས་དགོས་རྒྱུ་ཞིག་ལ། ཡར་སྔོན་དག་དག་ལ་ཁྱེད་འདི་ནས་ཨུ་ཚུགས་བྱས་ནས་བསྡད་པ་དེས་ངའི་དོན་བཟང་བརླགས་སོང་། ང་ཉིན་གཅིག་ལ་གསོན་ན། ངས་ཁྱོད་གུ་ཡངས་མི་གཏོང་་་་་”ཞེས་བཤད།

པཱ་བེལ·ཡེ་བན་ནེ་ཆཱ་ཁྲོ་བཞིན་བསིལ་ཁང་ནས་བུད་དེ་གོམ་པ་མྱུར་མོར་སྤོས་ནས་རང་ཁྱིམ་གཞིས་ཀའི་ཕྱོགས་སུ་སོང་། བཟའ་ཚོད་ཀྱི་སྡེར་མ་བསྒྲིག་པའི་མདུན་ཅོག་གིས་ཀྱང་སེམས་ལྷོད་ལ་འབབ་དུ་འཇུག་མ་ཐུབ། “ཚེ་གང་བོར་གོ་སྐབས་འདི་འདྲ་བྱུང་རྒྱུ་ནི་ཐེངས་མ་གཅིག་ཙམ་ཡིན།” ཁོ་སྔར་ལས་ཁྲོས་ནས”དེ་ཡང་བརླགས་སོང་། ད་ལྟ་ཁོ་མོ་ཡིད་གདུང་ནས་སྡུག་བསྔལ་ཚད་མེད་བྱེད་བཞིན་ཡོད་ངེས་་་”སྙམ།

དགོང་ཇ་འཐུང་བའི་སྐབས་སུ། པཱ་བེལ·ཡེ་བན་ནེ་ཆཱ་དང་མཱེ་ཊ་གཉིས་ཀས་རང་གི་སྡེར་མར་ཅེར་ནས་ཁ་མི་གྲག་པར་ཕན་ཚུན་གྱི་སྟེང་ལ་སྙིང་ལངས་བསྡད།

“ཁྱོད་ཅི་ཞིག་ལ་དགོད་བཞིན་ཡོད།?”པཱ་བེལ་ཡེ་བན་ནེ་ཆཱའི་ཆུང་མ་མི་འཐད་པའི་རྣམ་འགྱུར་བསྟན།“གླེན་པ་ཁོ་ནས་ད་བཟོད་རྒྱུ་རྐྱེན་མེད་པར་གླེན་དགོད་བྱེད། ”

 ཆུང་མས་ཁོ་རང་གི་ཁྱོ་གའི་གཟབ་ནན་གྱི་ངོ་གདོང་དེར་བལྟས་རྗེས་ཧབ་ཆ་ཏིལ་ལེར་བགད “དེ་རིང་ཞོགས་པར་ཁྱོད་ལ་འཕྲིན་ཞིག་ཨེ་འབྱོར་ཐལ”མོས་དྲིས།

 “ང་་་་་ངར་འཕྲིན་ཞིག་མ་འབྱོར་ཐལ། ་་་་”པཱ་བེལ·ཡེ་བན་ནེ་ཆཱ་འཚུབ་ཆ་ལངས་ནས་   “ཁྱོད་ཀྱིས་རང་དགར་མ་ལབ། ་་་་་་་”ཅེས་བཤད།

  “ཧེ། ཤོད་དང་། དྲང་མོར་ཤོད། འཕྲིན་ཡིག་དེ་ནི་ངས་ཁྱོད་ལ་བྲིས་པ་ཤེས་དགོས། ངོ་མ་ཡིན། ངས་བྲིས་པ་ཡིན། ཧཧ།”

 པཱ་བེལ·ཡེ་བན་ནེ་ཆཱའི་ངོ་གདོང་དམར་བོ་གྱུར་ནས་མགོ་བའི་སྡེར་མའི་ཁར་སྨད།

 “ཀུ་རེ་རྫོབ་པོ་ཞིག” ཁོས་ལྡབ་བེ་ལྡིབ་བེར་སྨྲས།

“འོན་ཀྱང་ང་ལ་བཀོད་པ་ཅི་ཡོད། ཁྱོད་རང་གིས་ཤོད་དང་། དེ་རིང་ངས་ཁང་བར་གད་བརྡར་བྱ་དགོས། ཁྱོད་སྒོ་འབུད་དུ་འཇུག་པའི་ཐབས་ཅི་ཡོད་དམ། ?ཐབས་འདིས་ད་བཟོད་ཁྱོད་སྒོར་འགྲོ་རུ་འཇུག་ཐུབ། ཡིན་ཡང་་་་་་ཁྱོད་ཀྱང་ཁོང་ཁྲོ་མ་ལངས། ཁྱོད་བསིལ་ཁང་ནས་གཅིག་པུར་མི་སུན་པའི་ཆེད་དུ་ངས་མཱེ་ཊར་ཡང་གཅིག་མཚུངས་ཀྱི་འཕྲིན་ཞིག་བྲིས་ཡོད། མཱེ་ཊ། ཁྱོད་ཀྱང་བསིལ་ཁང་དུ་སོང་ཡོད་དམ། ?”

  མཱེ་ཊས་འཛུམ་ཞིག་བསྟན་ནས་སོ་ཡང་མངོན་བྱུང་ལ་ད་ནི་རང་གི་བརྩེ་དུང་གི་དགྲ་བོར་སྡང་མིག་གིས་མི་བལྟ།

 

                                                                                     བླ་སྔོན་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

 

                                                                                       རྩོམ་སྒྲིག་པ། དབང་མོ།

                                                                             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།