གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བའི་མཚན་མོ།

2017-05-21 18:20:52 ཤིན་ཤེའུ་ཡི།(ཉི་ཧོང) ཀློག་གྲངས། མཆན ཡོད།

 

ཁ་བའི་འདབ་མ་ནི་བགྲང་དུ་མེད་པའི་དཀར་གཙང་གི་ལྷ་ཕྲུག་ཅིག་དང་འདྲ་བར། དལ་བུ་དལ་བུར་མཁའ་དབྱིངས་ནས་ས་གཞིའི་ཕྲག་པ་རུ་ཟག་བྱུང་། དེ་མ་ཉིད་དུ་ས་གཞི་ཡོངས་ལ་དངུལ་མདོག་གི་ས་གདན་ཞིག་བཏིངས་འདུག

འདུ་ལོང་ཆེ་བའི་ཁྲོམ་སྲང་འདི་དང་ཁ་ཐག་རིང་བའི་ཁང་རྙིང་ཞིག་ཏུ། དགུན་མཚན་གྱི་ལྷིང་འཇགས་དང་དྲོད་ཁོལ་སྐྱ་བོ་ཞིག་གིས་ཁང་ཆུང་གྲུ་བཞི་ཞིག་ཡོངས་སུ་ཁྱབ་པར་བྱས། མེ་ཐབ་ཀྱི་ནང་ནས་འབར་བཞིན་པའི་སོལ་བས་མཚམས་མཚམས་སུ་ཚག་སྒྲ་སྒྲོག་པས་རྣམ་པ་དེའི་ཁ་སྣོན་དུ་གྱུར་འདུག

“འོ། ཕྱི་རུ་ཁ་བ་བབས་འདུག”མེ་ཐབ་ཀྱི་འཁྲིས་སུ་མེ་སྲོ་བཞིན་པའི་ཁང་བདག་དེས་དེ་ལྟར་ཆིག་ལབ་ཅིག་བྱས།

“རེད་ཨ། ཁུ་སིམ་འདི་འདྲ་དེའི་སྟབས་ཀྱིས་རེད།”བཟའ་ཟླ་ཁོའི་འཁྲིས་སུ་བསྡད་ནས། སྐམ་རྙིད་དུ་གྱུར་བའི་ལག་པ་དེ་མེ་ཐབ་ཕྱོགས་སུ་བསྲིངས། 

“ལྷིང་འཇགས་ཀྱི་མཚན་མོ་འདི་འདྲར་ང་ཚོའི་བུ་ཆུང་གིས་སློབ་སྦྱོང་མང་ཙམ་བྱེད་ཐུབ་ངེས་རེད།”ཅེས་ཁང་བདག་གིས་དེ་ལྟར་བཤད་ཞོར་ཉིས་ཐོག་གི་ཕྱོགས་སུ་ལྟ་ཙམ་བྱས།  

“བུ་ཆུང་ཕལ་ཆེར་དུབ་ཡོད། ངས་ཐོག་ཁར་ཕྱིན་ནས་ཁོ་ལ་ཇ་ཚ་པོ་ཞིག་སྤྲོད། ཉིན་གང་ཁྱིམ་དུ་བསྡད་ནས་སློབ་སྦྱོང་བྱས་ཚེ། ང་དངོས་ནས་ཁོའི་གཟུགས་པོ་ལ་གནོད་ཡོང་སེམས་པའི་སེམས་ཁྲལ་འདུག”

“གཡུགས་ཤོག གཡུགས་ཤོག ཁོ་ལ་སུན་པོ་མ་བཟོ། གལ་སྲིད་ཁོ་དུབ་ཡོད་པའམ་ཁ་སྐོམ་ཡོད་ཚེ། ཁོས་རང་འགུལ་ངང་འོག་ཤོད་དུ་ཡོང་གི་རེད། ཁྱོད་ཀྱིས་དོན་དེར་སེམས་ཁྲལ་དགོས་ཀྱི་མ་རེད། ཕ་མའི་ཚད་ལས་བརྒལ་བའི་སེམས་ཁུལ་གྱིས་བུ་ཕྲུག་གི་སེམས་པའི་གནོན་ཤུགས་ཆེ་རུ་འགྲོ་བས་ཕན་ལས་གནོད་ཆེ།”

“གཅིག་བྱས་ན་ཁྱོད་ཀྱི་སྐད་ཆ་དེ་བདེན་ཤས་ཆེ། ཡིན་ནའང་ངས་དུས་དང་རྣམ་པ་ཀུན་དུ་སློབ་ཐོན་ཡིག་རྒྱུགས་འདི་ནི་བློ་བདེ་བག་ཕེབས་ཀྱི་དོན་ཞིག་མ་རེད་སེམས་ཀྱི་འདུག བུ་ཆུང་གིས་བདེ་བླག་ངང་དཀའ་ཚེགས་འདི་ལས་གྲོལ་ཐུབ་པ་ནི་ངའི་རེ་ལྟོས་ཆེ་ཤོས་ཡིན།”ཞེས་བཟའ་ཟླས་གསལ་ལ་མི་གསལ་བའི་ངང་ཆིག་ལབ་བྱེད་བཞིན་མེ་ཐབ་ཀྱི་ནང་དུ་སོལ་བ་འགའ་ཁ་སྣོན་བྱས། 

གློ་བུར་དུ། སྒོ་རྡུང་བའི་ཛ་དྲག་གི་སྒྲ་ཞིག་གིས་ཁུ་སིམ་གྱི་རྣམ་པ་འདི་གཏོར་བྱུང་། 

ཁོང་གཉིས་དུས་གཅིག་ཏུ་མགོ་བོ་བཀྱགས་ནས་ཕན་ཚུན་ལ་ཅེར། 

“མི་སླེབས་འདུག”

ཁང་བདག་ག་ལེ་ག་ལེར་རྐུབ་སྟེགས་ནས་ལངས་ཤིང་ཁྱར་ཁྱོར་ངང་སྒོའི་ཕྱི་རུ་ཐོན། སྒོ་ཕྱེ་བའི་སྒྲ་དང་བསྟུན་ནས་གྲང་རླུང་དེ་ཁ་བའི་འདབ་མ་ཞིག་དང་ལྷན་དུ་ཁྱིམ་གྱི་ནང་རོལ་དུ་འཚང་བྱུང་། 

“སུ་ཡིན་ནམ།”

“སུ་ཡིན་སྐད་ཆ་མ་འདྲི། ཙོག་པུར་སྡོད། སྐད་ཅོར་རྒྱག་མི་ཆོག” སྒོའི་ཕྱི་རུ་རྒྱུས་མེད་ཀྱི་མི་ཞིག་གིས་ལག་ཏུ་འོད་ཆེམ་ཆེམ་གྱི་གློ་གྲི་ཞིག་ཐོགས་བཞིན་དེ་ལྟར་སྨས།  ཁོའི་སྐད་གདངས་དམའ་རུང་འཇིགས་ཡེར་བ་ཞིག་རེད།

“ཁྱོད་ཀྱིས་ཅི་ཞིག་བྱ་རྩིས་ཡོད་དམ།”

“རྙོག་དྲ་མ་བཤད། བདེན་པ་བདེན་ཐུབ་ངང་ནང་དུ་འཛུལ་ན་དགའ། .....”རྒྱུས་མེད་ཀྱི་མི་དེས་ལག་ནང་གི་བློ་གྲི་དེ་འགུལ་ཙམ་འགུལ་ཙམ་བྱས་ནས་དེ་ལྟར་ལབ། 

སྐབས་དེར་ཁང་བདག་རྒྱལ་སྒོའི་ནང་རོལ་དུ་ཕྱི་ནུར་མི་བྱེད་ཀ་མེད་གྱུར།  

བཟའ་ཟླ་ཕྱི་རུ་ཐོན་ནས། “སུ་རེད་དམ། ངའི་བུ་འཚོལ་དུ་ཡོང་བ་ཡིན་ནམ། …”མོའི་ལུས་ཡོངས་འདར་ཕྲིལ་ཕྲིལ་ཞིག་དང་ལྷན་དུ་རྗེས་ཀྱི་སྐད་ཆ་དག་ཁྱུར་མིད་བཏང་དགོས་བྱུང་། 

“དགོངས་དག ང་རང་དངུལ་ལེན་དུ་ཡོང་བ་ཡིན། གོ་ཤེས་ཡོད་མཁན་ཞིག་ཡིན་ན། ངས་ཁྱེད་ཅག་ལ་གནོད་སྐྱོན་བྱེད་མི་ཡོང་།”རྒྱུས་མེད་ཀྱི་མི་དེའི་་ལག་ནང་གི་གློ་གྲི་དེ་མེ་འོད་ཁྲོད་དུ་སྔར་ལས་འོད་ཆེམ་ཆེམ་དུ་སྣང་།  

“ཨ། ཨ། ང་དང་བཟའ་ཟླ་གཉིས་ནི་ལོ་ན་སོན་པའི་རྒས་འཁོགས་ཤིག་ཡིན་པས་གོ་མི་ཆོད། ཁྱོད་རང་གང་དགོས་དེ་རང་དགར་ཁྱེར་ན་ཆོག ཡིན་ནའང་ཐོག་ཁར་རྩ་བ་ནས་མི་འགྲོ་རོགས།”ཞེས་འདར་འདར་ཞུམ་ཞུམ་ངང་དེ་ལྟར་བཤད། 

“ཨ་ལེ། ཐོག་ཁར་རྩ་ཆེན་གྱི་རྒྱུ་ནོར་འགའ་ཡོད་པ་རེད་དམ་མ་རེད།”ཅེས་དེ་མ་ཉིད་དུ་རྒྱུས་མེད་ཀྱི་མི་དེའི་མིག་དེ་ཁྲ་འབུར་འབུར་དུ་བྱས་ནས་གདོང་ནས་འདོད་རྔམ་གྱི་མདོག་ཅིག་མངོན་ཡོང་། 

“མ་རེད། མ་རེད། ངའི་བུས་ཐོག་ཁར་སློབ་སྦྱོང་བྱེད་བཞིན་ཡོད།”ཅེས་སྐྲག་ཞོར་དུ་གསལ་བཤད་བྱས། 

“དེ་འདྲ་ཡིན་ན། ངས་སྔར་ལས་སེམས་ཆུང་བྱེད་དགོས། སྔོན་ལ་ངེས་པར་དུ་ཁོ་བཀྱིག་དགོས”

 “མ་བྱེད། དེ་འདྲ་མ་བྱེད་རོགས། ཁྱེད་ཀྱིས་ཐུགས་རྗེས་གཟིགས་ནས་ང་ཚོའི་བུ་ལ་གནོད་མ་བསྐྱལ་རོགས”

  “མར་རྒྱུགས”

རྒྱུས་མེད་ཀྱི་མི་དེ་གོམ་པ་གཅིག་རེ་གཉིས་རེ་བྱས་ནས་སྐས་ཀར་འཛེགས། རྙིང་ཞན་དུ་གྱུར་བའི་སྐས་ཀ་ནས་ཀྲེ་ཀ་ཀྲེ་ཀ་ཞེས་སྐད་གྲགས་ཡོང་། སྐབས་དེར་ཁྱོ་ཤུག་རྒན་འཁོགས་གཉིས་འ་ཆད་འུ་ཐུག་ངང་དེ་རུ་འཐོམས་ནས་བསྡད། 

རྟབ་རྟབ་པོར་ཁོབ་ཁོབ་ཅེས་པའི་སྒྲ་ཞིག་གྲགས་བྱུང་བ་དང་། དེ་མུར་སྐད་ངན་ཞིག་དང་མཉམ་དུ་ལྗི་ཚད་ཆེ་བའི་དངོས་པོ་ཅི་ཞིག་སྐས་ཀ་ནས་མར་ཟགས་བྱུང་། 

 ཁང་བདག་དེ་འཐོམ་ཡོར་ལས་སད་ནས་འཇིགས་སྐྲག་ངང་བཟའ་ཟླར་བཤད་རྒྱུར། “ཏན་ཏན་ང་ཚོའི་བུ་ཆུང་མི་ངན་དེས་བསྒྲལ་བ་རེད། ལམ་སེང་ཉེན་རྟོག་པར་ཁ་པར་རྒྱོབས”ཟེར།  ཉེན་རྟོག་པ་དུས་ལྟར་ས་གནས་དེར་འབྱོར། སྐས་ཀའི་འཛུལ་སྒོ་ནས་ཉེན་རྟོག་པས་རྐང་པ་ཆགས་པའི་རྒྱུས་མེད་ཀྱི་མི་དེ་རྙེད།  

“སློབ་སྦྱོང་བྱེད་དུས་ཀྱང་གློག་མི་སྒྲོན་བའི་མི་འདི་འདྲ་ཞིག་ཡོད་སྲིད་དམ། རྐང་པ་སྤོ་ནོར་ཞིག་གིས་ཟགས་བྱུང་། རླུང་རྟ་མེད་པ་ལ”ཞེས་རྒྱུས་མེད་ཀྱི་མི་དེས་ཡིད་ཐང་ཆད་པའི་བཟོ་ཞིག་སྟོན་ནས་དེ་ལྟར་བཤད།   

ཐོག་ཁར་ཞིབ་བཤེར་བྱེད་པའི་ཉེན་རྟོག་པ་ལམ་སེང་མར་བབས་ནས“ཉེན་རྟོག་དཔོན་ལགས།  ཉིས་ཐོགས་ཡོངས་ལ་ཞིབ་བཤེར་བྱས་པ་ཡིན།  འདི་ན་ཁོང་ཚོས་ཟེར་བའི་བུ་ཕྲུག་དེ་འདྲ་ཞིག་མི་འདུག འོན་ཀྱང་ཁོང་ཚོས་ཁ་པར་དུ་གསལ་ཐག་ཆོད་པོས་ཁོ་ནི་ཁོང་ཚོའི་བུ་ཕྲུག་བསྒྲལ་མཁན་གྱི་ཆོམ་རྐུན་དེ་རེད་ཟེར། དེས་ན་ཁང་བདག་འདི་ཀླད་སྐྱོན་ཕོག་པ་མ་རེད་དམ།”

“མ་རེད།  ཁོང་ཚོའི་སློབ་གྲྭ་འགྲོ་བའི་བུ་ཕྲུག་ཉག་ཅིག་དེ་ལོ་ངོ་མང་པོའི་སྔོན་གྱི་དགུན་དུས་ཤིག་ལ་ཚེ་ལས་འདས་པ་རེད། ཡིན་ནའང་ཁོང་ཚོས་ནམ་ཡང་དོན་དངོས་དེ་ཁས་ལེན་མི་བྱེད། རྟག་ཏུ་བུ་ཆུང་ཐོག་ཁར་སློབ་སྦྱོང་བྱེད་ཀྱིན་ཡོད་ཅེས་སྨྲ་རྒྱུར་དགའ།”

     དེ་ནས་སུས་ཀྱང་སྐད་ཆ་མ་བཤད་པས་ཁྱིམ་དུ་ཧ་ཅང་ཁ་ཁུ་སིམ་པོར་སྣང་། ཕྱི་རོལ་དུ་ཡང་དབེན་ཞིང་འཇམ། དཀར་གཙང་གི་ཁ་བའི་འདབ་མ་དེ་ལྷ་ཕྲུག་ཅིག་དང་འདྲ་བར་སྔར་མུས་བཞིན་དལ་བུ་དལ་བུར་འཕུར་སྐྱོད་བྱེད་བཞིན་མར་བབས་བྱུང་།  

                                                                                     ༡༠༡༥•༡༢•༢༥ཉིན་དཔལ་འབྱོར་གྱིས་རྒྱ་ཡིག་ལས་བསྒྱུར།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།