གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་ཁྱོད་ཚོར་བྱིས་པ་ཞིག་བཅོལ།

2017-11-13 15:30:19 ཀྲང་ཞོ་ཧྥིན། ཀློག་གྲངས། མཆན ཡོད།

བུ་ཆུང་སྒོ་ཆེན་གྱི་ཕྱི་རུ་སོང་ནས། ཁ་ཕྱིར་འཁོར་ཏེ་བཞི་ཐོག་གི་ཉི་ཁྱམས་སྟེང་ན་ཡོད་པའི་ང་ལ་ལག་བརྡ་གཏོང་ཞོར། "བདེ་མོ་བྱོས"ཟེར། དེ་ནི་ལོ་མང་བོའི་སྔོན་གྱི་དོན་དག་ཅིག་སྟེ། ཞོགས་པ་དེ་ནི་ཁོ་རང་སློབ་ཆུང་འགྲིམས་འགོ་བརྩམས་པའི་ཉིན་གཉིས་པ་རེད།

སྤྱིར་ན་ངས་སྔར་བཞིན་ཁ་སང་དང་འདྲ་བར་ཁོ་ལ་ད་རུང་འདུག་རོགས་ཤིག་བྱས་ན་ལོས་ཆོག་མོད། ཡིན་ནའང་ངས་སེམས་ཐག་བཅད་དེ་ཁོ་རང་གཅིག་པུ་འགྲོ་བར་བལྟས་ནས་བསྡད་པ་ཡིན། ཁོ་ལ་རང་ཉིད་ལ་དབང་བའི་མི་ཚེ་ཡོད་ཅིང་དེ་ནི་ངས་ནམ་ཡང་ལྷན་ཏུ་འདུག་རོགས་ཐུབ་པ་ཞིག་མ་ཡིན། སྐྱེ་བ་འདིར་ཕན་ཚུན་མ་བུ་རུ་གྱུར་བ་ནི། གཡར་ནས་ཡོང་བའི་སྒྲ་སྙན་གྱི་རྒྱུད་སྐུད་ཅིག་ཏུ་བལྟས་ཆོག་སྟེ། དེ་ཉིད་ནམ་ཞིག་བར་དུ་དཀྲོལ་ཐུབ་ཚེ། དེ་སྲིད་བར་དུ་དཀྲོལ་བར་བྱ། འོན་ཀྱང་། གཡར་ནས་ཡོང་བའི་ལོ་ཟླ་ནི་ཅས་ཀྱང་ཕྱིར་སློག་གི་ཡུན་ཚད་ཀྱིས་ཐག་བཅད་ཡོད་པ་ཞིག་རེད་ཨང་། 

ཁོ་སྤྲོ་དགའི་ངང་ནས་སྲང་ལམ་རིང་མོ་བརྒྱུད་དེ་སོང་ཞིང་། ངའི་ཁ་ལ་ཉན་ནས་ཡར་རྒྱུག་མར་རྒྱུག་མི་བྱེད་ལ། ཡར་ལྡིང་མར་ལྡིང་ཡང་མི་བྱེད་པར་བག་ཡོད་ཚུལ་ལྡན་གྱི་བཟོ་ལྟ་མངོན་འདུག    ང་རང་གཅིག་པུ་ཧད་དེ་སྲང་ལམ་དུ་འཕྲོས་པའི་ཉི་ཟེར་ཕྲ་མོར་བལྟས་ནས་མིག་ཆུ་ཤོར། 

སྐད་གསེང་མཐོན་པོས་གྲོང་ཁྱེར་ཡོངས་ལ་འདི་ལྟར་བརྗོད་འདོད་དེ། དེ་རིང་ཞོགས་པར། ངས་ཁྱོད་ཚོར་བྱིས་པ་ཞིག་བཅོལ་ཡོད། ཁོས་ད་དུང་འཇིགས་སྐྲག་ནི་ག་འདྲ་ཞིག་ཡིན་མིན་མི་ཤེས། ཡིན་ཡང་ངས་དེ་ཤེས་ཡོད། དེ་ནས་ངས་རང་ཉིད་ཀྱིས་དེ་ལྟར་མངགས་བཅོལ་བྱས་པ་ནོར་ཡོད་མེད་ལ་འཇིགས་སྐྲག་སྐྱེས་འགོ་བརྩམས་བྱུང་། 

ངས་ཁོ་རང་གཞུང་ལམ་ལ་བཅོལ་ཏེ། ཁོ་ལ་སྒྲིག་ལམ་བརྩི་སྲུང་བྱས་ནས་རྐང་ཐང་དུ་འགྲོ་སའི་ལམ་བརྒྱུད་ནས་འགྲོ་དགོས་ཚུལ་བཤད་ཡོད། ཡིན་ནའང་། བྲེལ་འཚུབ་ཆེ་བའི་ལམ་འགྲོ་བ་ལགས། ཁྱོད་ཚོས་ག་ལེ་ག་ལེར་སེམས་ཆུང་ཅུང་ཟད་བྱས་ན་ཆོག་གམ། ངའི་བུ་ཆུང་ལ་རྡུང་ག་མི་རྒྱག་རོགས། ངས་རང་གི་གཅེས་ཕྲུག་འཕྲེད་གཞུང་ཅན་གྱི་འགྲོ་ལམ་ལ་བཅོལ་བར། ཕྱིར་བདེ་བདེ་ལྷོད་ལྷོད་ངང་ལོག་གིན་པ་ང་ཡིས་མཐོང་ཆོག་པ་ཞུ། 

ང་ཡིས་ཁྱིམ་ཐོ་སྤོ་བསྒྱུར་བྱས་མ་མྱོང་ལ། ང་ཚོས་རང་གི་ས་ཁུལ་བརྒལ་ནས་བྱིས་པ་སློབ་གྲྭར་བསྐྱལ་མི་དགོས། ང་ཚོས་བྱིས་པར་རང་གི་ས་ཁུལ་གྱི་རྒྱལ་དམངས་སློབ་ཆུང་འགྲིམས་སུ་འཇུག་རྒྱུ་ཡིན་པ་ལས་སྐར་རྒྱན་དག་གི་སློབ་ཆུང་དེའི་རིགས་འགྲིམས་སུ་འཇུག་རྒྱུ་མིན་ལ། ངས་འབད་བརྩོན་སྒོས་རང་གི་སློབ་གསོའི་འགོ་ཁྲིད་མཁན་ལ་ཡིད་ཆེས་བྱེད་ཀྱིན་ཡོད། དེ་མ་ཟད། རང་གི་བུ་བུ་མོ་རྒྱན་འགྱེད་མ་རྩ་རུ་བཞག་ནས་ཡིད་ཆེས་བྱེད་ཀྱིན་ཡོད། ཡིན་ནའང་། སློབ་གྲྭ་ལགས། ངས་རང་གི་བྱིས་པ་ཁྱོད་ལ་བཅོལ་བ་ན། ཁྱོད་ཀྱིས་ཁོ་ལ་སློབ་གསོ་ཅི་ལྟ་བུ་ཞིག་སྤྲོད་པར་ཁག་ཐེག་བྱེད་ཐུབ་བམ། དེ་རིང་ཞོགས་པར། ངས་སྤྲོ་ཤུགས་ལྡན་ཞིང་གཞུང་རྒྱུད་དྲང་ལ། སྤྱང་གྲུང་འཛོམས་པའི་བྱིས་པ་ཞིག་ཁྱོད་ལ་བཅོལ་ཡོད། ལོ་མང་བོ་འགོར་རྗེས་སུ། ཁྱོད་ཀྱིས་ང་ལ་གཞོན་ནུ་ཅི་འདྲ་ཞིག་ཕྱིར་སྤྲོད་རྩིས་ཡོད་དམ། 

ཁོས་ཡི་གེ་ཤེས་འགོ་བརྩམས་ཤིང་། དཔེ་ཀློག་བྱེད་འགོ་ཚུགས། ད་དུང་བཤད་མ་དགོས་པ་ཞིག་ལ། ཁོས་ཚགས་པར་ཀློག་དགོས་ལ། གླུ་དབྱངས་ལ་ཉན་པའམ་བརྙན་འཕྲིན་དང་གློག་བརྙན་ལ་ལྟ་བ་སོགས་བྱེད་དགོས། གནའ་ནས་ད་བར་གྱི་གསུང་རྩོམ་མཁན་དང་ཐབས་ཤེས་སྣ་ཚོགས་ཀྱི་ཤེས་བྱ་བརྒྱུད་སྤྲོད་མཁན་ལགས། ང་ཡི་བྱིས་པར་ཁྱོད་ཚོའི་རྐྱེན་གྱིས་ཅི་ཞིག་འཐོབ་བམ། ཁྱོད་ཚོས་བཏུང་བྱར་བདུད་རྩི་དང་གསོ་ཕྱིར་འོ་བཅུད་ལྟར་བྱེད་འདོད་དམ།ཡང་ན་འཚོ་བ་ཙམ་གྱི་ཕྱིར་དུ་སྙིགས་རོ་ལ་བརྟེན་རྒྱུ་ཡིན། ཁོ་རང་དེའི་རྐྱེན་གྱིས་གཞུང་དྲང་ལྡན་ལ། བློ་དཀར་ཞིང་ཡིད་རྟོན་རུང་བའི་མི་ཞིག་ཏུ་འགྱུར་རམ་ཡང་ན་གཡོ་སྒྱུ་དང་ཟོལ་བཅོས་འབའ་ཞིག་རྒྱུད་ལ་འབྱོར་ངེས། ངས་རང་གི་བྱིས་པ་མངགས་བཅོལ་བྱས་པར། ཁོས་འཇིག་རྟེན་འདི་ནས་སྐོམ་པ་ཆུ་འདོད་ལྟར་ཤེས་བྱ་སྦྱོང་བར་རྩོམ་དུས། འཇིག་རྟེན་ལགས། ཁྱོད་ཀྱིས་ཁོ་ལ་སྟེར་རྒྱུ་ནི་ཅི་ཞིག་ཡིན་སྲིད་དམ།

འཇིག་རྟེན་ལགས། དེ་རིང་ཞོགས་པར། ང་སྟེ། ཨ་མ་ཞིག་གིས་ཁྱོད་ལ་མོ་རང་གི་སྙིང་ཉེ་བའི་བུ་ཆུང་བཅོལ་བ་ལ། ཁྱོད་ཚོས་མ་འོངས་པའི་ཚེ་ན་ཕྱིར་ང་ལ་གང་འདྲ་ཞིག་སྤྲོད་རྩིས་ཡོད་དམ། 

               ཀྲང་ཞོ་ཧྥིན། (张晓风)*  - ཐེ་ཝན་གྱི་མིང་དུ་གྲགས་པའི་བུད་མེད་རྩོམ་པ་པོའམ་ཀྲུང་གོའི་དེང་རབས་ལྷུག་རྩོམ་མཁན་བཅུའི་ཡ་གྱལ།

                                                                    
དམག་གིས་བསྒྱུར།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།