གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྱུག་གུ་འགུལ་དགོས་པར་མ་སྐྲག ག་ཚོད་འབྲི་ཐུབ་རུང་དེ་ཚོད་བྲིས།

2018-04-14 13:53:35 ལའོ་ཧྲེ། ཀློག་གྲངས། མཆན ཡོད།

ཆེས་ཐོག་མར་རྩོམ་ཡིག་འབྲི་མཁན་མི་ཉུང་བར་སྐྱོ་བ་ཞིག་ངང་གིས་སྐྱེས་པ་ནི།     གང་ཡང་འབྲི་མི་ཤེས་ལ་ཅི་ཡང་འབྲི་མི་ཐུབ་པའི་ཚོར་བ་དེ་རེད།

ངའི་ལྟ་སྟངས་ནི།: སྔོན་ནས་སྐྱོ་བ་མ་སྐྱེས་པར་སློབ་སྦྱོང་ལ་ཧུར་བརྩོན་ལྷོད་མེད་བྱེད་དགོས་རྒྱུ་དེ་རེད། 

ཇི་ལྟར་སློབ་སྦྱོང་བྱེད་དགོས་ཤེ་ན།   ངས་བསམ་པར་གོམ་པ་དང་པོ་ནི་རང་གི་སེམས་ནང་ཅི་དྲན་པ་དེ་བཞིན་འབྲི་རྒྱུ་དང་ག་ཚོད་འབྲི་ཐུབ་རུང་དེ་ཚོད་འབྲི་རྒྱུ་དེ་རེད།

ནམ་ཡང་སྨྱུ་གུ་འགུལ་མ་ཕོད་ཚེ།  ནམ་ཡང་འཛུལ་སྒོ་རྙེད་ནི་མ་རེད།   དེ་བཞིན་ཆུ་ནང་འཛུལ་མ་ཕོད་ཚེ།  ཆུ་བརྐྱལ་ཤེས་རྒྱུ་དཀའ་མོ་ཡིན་རྒྱུ་དང་གཅིག་འདྲ་རེད།  རང་ཉིད་ནས་སྨྱུ་གུ་འགུལ་བ་དང་།  ད་དུང་དཔེ་ཆ་ཀློག་པའམ་ཡང་ན་དུས་དེབ་སོགས་སུ་བཀོད་པའི་རྩོམ་ཡིག་ལྟ་ཐུབ་ཚེ།   དེ་ལྟར་དེ་ལས་ཇི་ལྟབུའི་ངང་ནས་རྩོམ་འབྲི་བའི་ཐབས་ལམ་རྙེད་ངེས་རེད།

གང་ལྟར་རང་ཉིད་ནས་སྨྱུ་གུ་འགུལ་ནུས་ན།  མི་གཞན་གྱི་རྩོམ་ཡིག་ལ་གཏིང་ཟབ་པའི་ངང་ནས་རྒྱུས་ལོན་ཐུབ་ནས་ཐབས་ལམ་ངེས་ཅན་ཤེས་ངེས་རེད།    རེད་ཡ།  མུ་མཐུད་བྲིས།    གང་ལྟར་རང་གི་སེམས་ནང་དུ་ཅི་དྲན་པ་དེ་བཞིན་འབྲིས།    ག་ཚོད་འབྲི་ཐུབ་རུང་དེ་ཚོད་འབྲིས།    ཡང་ནས་ཀྱང་དུ་རྩོམ་ཡིག་གཅིག་གམ་རྩོམ་ཡིག་ཕྱེད་ཙམ་འབྲི་བར་བྲེལ་བ།  ད་དུང་གཞན་རྩོམ་མང་དུ་ཀློག་པར་འཇུག་ན།    དགེ་མཚན་དང་ཕན་ཐོགས་ཆེན་པོ་ཡོང་ངེས་སྨོས་མེད་རེད།   

ལག་པར་སྨྱུ་གུ་རེག་པ་ཙམ་གྱིས་རྩོམ་ཡིག་སྤེལ་ཐུབ་མི་ཐུབ་ལ་བསམ་བློ་མ་གཏོང་།   འཚབ་འཚུབ་ཡེ་ནས་བྱེད་མ་སྔ། 

སྔ་མོ་ནས་རྩོམ་ཡིག་སྤེལ་དགོས་སྙམ་པ་ནི་དངོས་ཐོག་བདེན་འཚོལ་གྱི་ཐབས་ལམ་ཤིག་མ་རེད།  དཔེར་ན།   མི་ཞིག་གིས་ང་ཚོར་བཤད་དོན།: ཁོ་བོ་ནི་ཆུ་ལ་ཐེངས་གཉིས་འཛུལ་ཙམ་རེད། ཡིན་ཀྱང་ཁོས་རྒྱལ་སྤྱིའི་ཆུ་བརྐྱལ་འགྲན་བསྡུར་ལ་ཞུགས་རྒྱུར་སེམས་ཐག་གཙང་བཅད་བྱས་པ་རེད། ང་ཚོས་ཁོ་བོར་འགྲན་བསྡུར་གྱི་རྒྱལ་ཁ་ཐོབ་རྒྱུར་ཡིད་ཆེས་སྲིད་དམ།   སྲིད་ནི་མ་རེད།  ང་ཚོས་ངེས་པར་དུ་འདི་ལྟར་ཁོ་པར་འགུལ་ཤུགས་སྤྲོད་དགོས་སྟེ།  རང་གི་བསམ་ཚུལ་ཡག་པོ་རེད།  འོན་ཀྱང་འབད་བརྩོན་ཆེན་པོས་སྦྱོང་བརྡར་བྱེད་དགོས། རྒྱལ་ཁ་མ་ཐོབ་བར་དུ་དཔའ་མི་ཞུམ་འབད་དགོས།  འདི་ལྟར་ཁྱོད་ཉིད་ལ་རྒྱལ་སྤྱིའི་འགྲན་བསྡུར་ལ་ཞུགས་ཐུབ་པའི་དུས་ཤིག་ཤར་ངེས་རེད།   ངས་བསམ་ན་རྩོམ་འབྲི་བའང་འདི་འདྲ་ཞིག་རེད།

 སུས་དཀའ་བ་ཁྱད་དུ་འཁུར་ནུས་ཚེ།  དེ་ལ་རྒྱལ་ཁ་ཐོབ་ངེས་གཏན་དུ་རེད། འོན་ཀྱང་ཐེངས་དང་པོར་སྨྱུ་གུ་སྒུལ་ནས་གནམ་འོག་ཏུ་མིང་དུ་གྲགས་འདོད་པའི་རེ་བ་བྱེད་མི་ཉེན། ངས་བཤད་པ་ལྟར་ཅི་ཡོད་ན་དེ་འབྲི་རྒྱུ།  ཅི་ཙམ་འབྲི་ཐུབ་རུང་དེ་ཙམ་འབྲི་དགོས། ཏག་ཏག་འདི་ནི་སྦྱོང་བརྡར་གྱི་ཆེད་དུ་རེད།  གལ་སྲིད་ང་ཚོས་སྦྱོང་བརྡར་གྱི་རིམ་པ་འདི་སྣང་མེད་དུ་བཏང་ནས།  འགྲེམས་སྤེལ་ཁོ་ནར་བསམ་ན།   དེས་ན་སྒྲུབ་དཀའ་མོ་ཞིག་རེད།  རེད་ལགས། རྩོམ་ཡིག་ཕྱེད་ཙམ་བྲིས་པ་ལས། ད་དུང་འབྲི་བར་མ་ཐུབ་ཚེ། འགྲེམ་སྤེལ་ཇི་ལྟར་བྱེད་དགོས། སྔོན་ལ་འགྲེམ་སྤེལ་བྱེད་མ་བྱེད་ལ་བྲེལ་འཚུབ་མ་བྱེད། འདི་ལྟར་བྲེལ་འཚུབ་འདིས་ང་ཚོར་ཡིད་ཐང་ཆད་དགོས་པར་བྱེད་སྲིད་ལ། མུ་མཐུད་འབྲི་བསམ་པ་ཡང་མེད་པར་ངེས་སྲིད། འོན་ཀྱང་། སློབ་སྦྱོང་ཐད་ནས་བརྗོད་ན་རྩོམ་ཡིག་ཕྱེད་ཙམ་འབྲིས་ཐུབ་སོང་བ་འདིས་ཡང་ཧ་ཅང་ཡག་པོ་རེད།  འདིའི་སྔོན་ལ་རྩོམ་ཡིག་ཕྱེད་ཙམ་ཡང་འབྲི་མི་ཐུབ་པས་མ་ཡིན་ནམ། 

ངས་བཤད་པ་འགྲིག་མི་འགྲིག་མི་ཤེས་རུང་།  ངས་བསམ་པར་དང་ཐོག་མའི་འབྲི་སྦྱོང་རྩོམ་ཡིག་དེ་ཚིག་འབྲུ་ཁྲི་ལྔ་བཅུ་ཅན་གྱི་བརྩམ་སྒྲུང་ངམ་ཡང་ན་ལེ་ཚན་མང་བའི་འཁྲབ་གཞུང་གང་ཞིག་འབྲི་དགོས་མིན་ཚིག་ཐག་ཆོད་པོས་ཐག་གཅོད་བྱེད་པར་མི་འཚམ་བསམ།   གང་ལྟར་མི་འགའ་རེས་དེ་ལྟར་བྱེད་མྱོང་ཡོད་སྲིད།   དེའང་ངོ་མ་ལེགས་གྲུབ་བྱུང་བའང་ཡོད་སྲིད།   འོན་ཀྱང་།    བདེན་པར་སེམས་ན་དེ་ནི་རྒྱུན་གཏན་ཅན་གྱི་བྱ་བ་ཞིག་གཏན་ནས་མ་རེད།    ང་ཚོས་རང་ཉིད་ལ་ལྟ་བ་མཐོ་པོ་བྱེད་པར་མ་འཚམ་ལ།   རྨང་གཞིའི་སྦྱོང་བརྡར་ལ་དེ་བས་མཐོང་ཆུང་དང་སྣང་མེད་བྱེད་མི་འོས།  ལེགས་གྲུབ་བྱུང་བའི་མི་ཁོ་ནི།   ཡིག་འབྲུ་འབྲི་བར་སྔ་མོ་ནས་ནང་བྱན་ཆུད་པ་ཡོད་ལ།  འཚོ་བ་དངོས་ལ་ཉམས་མྱོང་ཡང་ཕུན་སུམ་ཚོགས་པོ་ཡོད་བཞིན།  ད་དུང་བརྩམ་སྒྲུང་དང་འཁྲབ་གཞུང་སོགས་ཀྱི་འབྲི་སྟངས་ཡང་ཤེས་པ་ཡོད་ཤེས་ཆེ།     ཁོས་དཀའ་སྤྱད་ཁྱད་འཁུར་བྱེད་མྱོང་།   འོན་ཏེ་རི་གྲོག་རོང་ནང་གི་སྦྱོང་རྩལ་འདྲ་བོ་དེ།     ང་ཚོས་མི་ཤེས་ཁོ་ཐག་རེད།   ང་ཚོས་རང་གཞི་རང་གིས་རྒྱུས་ལོན་ཤེས་རྟོགས་ཡོད་ངེས་རེད།    ང་ཚོའི་ཡིག་འབྲུ་ཡི་རྨང་གཞི་དེ་ཧ་ཅང་ཞན་པོ་ཡིན་ལ།   འཚོ་བའི་ཉམས་མྱོང་ལའང་ཚད་ཡོད་ངེས་ཐོག  ད་དུང་བརྩམ་སྒྲུང་དང་འཁྲབ་གཞུང་གི་འབྲི་རྩལ་མ་ཤེས་པས།   ང་ཚོར་ཆེས་ཡག་ཤོས་ནི།  ཅི་ཡོད་ན་དེ་འབྲི་རྒྱུ།  ཅི་ཙམ་ཡོད་རུང་དེ་ཙམ་འབྲི་རྒྱུ།  འདི་ནི་སྦྱོང་བརྡར་གྱི་ཆེད་དུ་ཡིན་ལ།   གསར་རྩོམ་ལ་སྟ་གོན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན།

དང་ཐོག་མར་ཡིག་འབྲུ་རྣམས་སྡེབས་སྦྱོར་ལེགས་པར་འབྲི་དགོས།

ངས་བཤད་པ་ལྟར་ཅི་ཡོད་ན་དེ་འབྲི་རྒྱུ།  ཅི་ཙམ་ཡོད་རུང་དེ་ཙམ་འབྲི་རྒྱུ། འདི་ནི་ང་ཚོའི་ཡིག་འབྲུའི་གཏམ་བཤད་ཀྱི་ནུས་པ་ཇེ་མཐོ་ཇེ་ཚངདུ་་བཏང་བའི་དོན་དུ་ཕྱིས།

གང་ལྟར་ནི་ཡང་སྐད་ཆ་དེ་རེད།:འགྲེམ་སྤེལ་གྱི་ཆེད་དུ་མ་ཡིན།  བསམ་བློ་གཏོང་དང་། ང་ཚོ་ལ་བསམ་རྒྱུ་དྲན་རྒྱུ་འདྲ།  མཐོང་བ་འདྲ།  ཐོས་པ་འདྲ་བྱུང་ནས་རྩོམ་རྒྱུ་ཟིན་བྲིས་བཏབ་པར་ནུས་པ་ཐོན་ན། དེ་ནི་ཆེས་དགའ་བར་འོས་པའི་དོན་ཞིག་རེད་ཨཱ། ང་ཚོས་མི་ཚེ་གཅིག་གི་ནང་དུ་བརྩམ་སྒྲུང་དེབ་གཅིག་འམ་ཡང་ན་འཁྲབ་གཞུང་ལེའུ་གཅིག་ཡང་འབྲིས་མེད་རུང་། འོན་ཏེ་ང་ཚོའི་འཕྲིན་ཡིག སྙན་ཞུ། མྱོང་ཚོར་སོགས་སྟབས་བདེ་ལ་མདོར་བསྡུས་ཤིང་གསོན་ཉམས་ལྡན་པ་འབྲི་ཐུབ་རྒྱུ་ཨ་ཅང་སྨོས་མེད་རེད། ད་འོ་ན་འདི་ནི་ང་ཚོས་དགའ་སྤྲོ་བྱེད་འོས་པ་ཞིག་མ་རེད་དམ།

དེ་བཞིན།

ང་ཚོའི་ཡིག་འབྲུ་རྣམས་ཡིད་ལ་ཅི་ཤར་ལག་ནས་ཅི་འདོད་འབྲིས་ཐུབ་རུང་བའི་དུས་དེར། 

ང་ཚོས་ཚོད་ལྟའི་ངང་ནས་བརྩམ་སྒྲུང་དང་འཁྲབ་གཞུང་ཨེ་འབྲི་ཐུབ་བལྟས་ནའང་ཆོག 

ཡིག་འབྲུའི་ལག་ཆ་ནི་སྐད་ཆའི་ཡིག་འབྲུ་ཡིན་ལགས། 

འདི་ལྟར་བཤད་རྒྱུན་ཡོད་སྟེ། : རྩོམ་རིག་གསར་རྩོམ་ནི་ཡིག་འབྲུ་ལ་ཆེད་དུ་བརྟེན་དགོས་པ་ལས།   དངོས་པོ་གཞན་ནི་མཁོ་མ་ཡིན།

འདི་ལྟར་མིན་ན།   ཆབ་སྲིད་བསམ་བློ།  འཚོ་བའི་ཉམས་མྱོང་།  རྩོམ་རིག་གི་ཆུ་ཚད། …………ཡོད་ཚད་གཙོ་བར་ངེས།  

ང་ཚོས་ཡིག་འབྲུ་ཁོ་ནར་ཤགས་བཅོས་ལས། གཞན་ལ་བསམ་བློ་མི་གཏོང་བའང་བྱེད་མི་འོས།

ངས་གོང་དུ་བཤད་པ་ལྟར་ཅི་ཡོད་ན་དེ་འབྲི་རྒྱུ་དང་ཅི་ཙམ་ཡོད་རུང་དེ་ཙམ་འབྲིས་བཤད་པ་ནི་རྩོམ་རིག་གི་སློབ་སྦྱོང་ཁོ་ནའི་ཐོག་ནས་བཤད་པ་ཡིན།   འདི་ལྟར་ང་ཚོར་སྨྱུ་གུ་བཟུང་བར་ནུས་ཅིང་དཀའ་ངལ་ལ་མི་སྐྲག་པའོ།   སྨྱུ་གུ་འགུལ་བ་དང་ལྷན་ང་ཚོས་འབད་བརྩོན་གྱིས་ཆབ་སྲིད་ལ་སློབ་སྦྱོང་བྱེད་པ།  ཚ་ཚ་འུར་འུར་ངང་ནས་བྱེད་སྒོ་སྣ་ཚོགས་ལ་ཞུགས་པ། འཚོ་བའི་ཉམས་མྱོང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།  ད་དུང་ཟློས་གར། གློག་བརྙན།  རྩོམ་རིག་བརྩམ་ཆོས་སོགས་བལྟ་བ།  

འདི་ལྟར་གཅིག་གོ་གཉིས་ཆོད་བྱུང་བ་སྟེ།  གཅིག་ནས་རྒྱུན་དུ་སྨྱུ་གུ་འགུལ་བ།    གཉིས་ནས་ཆབ་སྲིད་དང་འཚོ་བར་ཐུགས་འཁུར་བྱེད་པ།  

འདི་ལྟར་ང་ཚོའི་ཡིག་འབྲུ་དང་བསམ་བློར་ཡར་ཐོན་དང་།   འཚོ་བའི་ཉམས་མྱོང་ཇེ་མང་ནས་ཇེ་མང་ཕུན་སུམ་ཚོགས་སུ་འགྲོ་ངེས་ཡིན།  

འདི་ལྟར་ང་ཚོར་གཅིག་ནས་འབྲི་བར་དགོས་པའི་ཡིག་ཆ་ཡོད་ལ།  གཉིས་ནས་འབྲི་བའི་འཇོན་ཐང་ཡང་ཡོད།

རྩོམ་ཡིག་འབྲི་བར་སློབ་སྦྱོང་དགོས་ན།  རང་གི་རང་གཞི་སྔ་མོར་བསྔོགས་དགོས།  རང་གི་ཡིག་འབྲུ་ཞན་པར་སེམས་ན།    ཁྱེད་ནས་ངའི་བསམ་ཚུལ་ལ་གཞིག་ནས་ལྟ་ཚོད་གནང་དང་།--ཅི་ཡོད་ན་དེ་འབྲིས་རྒྱུ།   ཅི་ཙམ་ཡོད་རུང་དེ་ཙམ་འབྲིས་རྒྱུ།   དེ་དང་ལྷན་དོ་སྣང་ཆེན་པོས་ཁྱིམ་ཡིག་དང་ངེས་ཟིན་ཉིན་ཐོ་ཚང་མ་འབྲི་བ་དེ་རྣམས་རྩོམ་ཡིག་འབྲི་སྦྱོང་གི་ཉིན་ལྟར་སློབ་ཚན་བཞིན་ངོས་བཟུང་ན་འགྲིག     ཡིག་འབྲུའི་སློབ་སྦྱོང་གི་སྤྱོད་སྒོ་ནི་ཡུལ་དུས་གང་ལའང་རྩོམ་གྱི་ལེའུ་ལ་དམིགས་སུ་སྤྱད་དགོས་པའི་ཚད་བཀག་མེད་པའི་དུས་དེ་སྐབས་ལ་རེད།     བརྩམ་སྒྲུང་འབྲི་ཤེས་མཁན་དེས་འཕྲིན་ཡིག་ལོས་འབྲི་ཤེས།   དེ་བཞིན་ཆེས་ཕུལ་དུ་བྱུང་བའི་འཕྲིན་ཡིག་གཅིག་ནི་རྩོམ་རིག་གི་བརྩམ་ཆོས་ཞིག་ཀྱང་རེད།--ཉིན་ཐོ་ཡང་དེ་དེ་བཞིན་ནོ།


ཡིག་འབྲུ་ལ་རྨང་སྤུ་ཙམ་ཡོད་དུས། ད་དུང་རྩོམ་ཡིག་འབྲི་མི་ཐུབ་རུང་།    ཡིན་ཡང་ཐབས་གཞན་ཅི་ཡོད།   དེ་ལྟར་རང་ཉིད་ནས་བརྩམ་སྒྲུང་འབྲི་བ་དང་ཡང་ན་འཁྲབ་གཞུང་འབྲི་བ་ཞིབ་པར་བརྟག་དགོས།     གལ་སྲིད་བརྩམ་སྒྲུང་ངམ་འཁྲབ་གཞུང་གང་རུང་ཡིན་ཚེ།  དེར་ལྟར་ངང་འབྲི་མི་ཐུབ་པ་རེད།

དང་ཐོག་མར་ནི་ང་ཚོས་བསམ་པར་རང་རང་གི་འཚོ་བའི་ཉམས་མྱོང་ག་གེ་མོ་ཞིག་གིས་བརྩམ་སྒྲུང་ངམ་ལེ་ཚན་གསུམ་ཅན་འཁྲབ་གཞུང་དུམ་གཅིག་འབྲི་ཐུབ་པར་གདང་ངེས་བཞིན་པ་ཡོད་པར་སྙམ།    དོན་དངོས་ཐོག  ཉམས་མྱོང་ཏིལ་འབྲུ་ཙམ་དེས་རྩོམ་ཡིག་ཅིག་འབྲི་ནུས་པར་གདང་ངེས་པའི་རྒྱབ་བསྐྱོར་མེད།       ང་ཚོའི་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་དེ་ཚོ་ང་རང་ཚོའི་སེམས་ནང་དུ་ཡོད་སྐབས་སུ་ཤིན་ཏུ་མང་པོར་སྙམ་ངེས་ལ་རྫོགས་མེད་བེད་དུ་སྤྱོད་པར་དེ་བས་སྙམ་ངེས།  འོན་ཏེ།  དེ་རྣམས་ཚགས་པར་དུ་བཀོད་སྐབས་སུ་དེ་འདྲའི་མང་པོ་ཞིག་ཡོད་མ་ཡིན།   རྒྱུ་མཚན་ནི་ཤོག་སྟེང་དུ་འབྲི་རྒྱུ་ནི་ངེས་པར་དུ་འབྲི་བར་དོན་སྙིང་ལྡན་པ།  ཆེས་ཕལ་པ་རྣམས་དོར་ནས་ལེན་པར་མི་བྱེད།   ཧ་ལམ་སྨྱུག་ཚལ་དང་འདྲ་བར་ཧེར་གྱི་ལྟས་ན་སྦོམ་ལ་རིང་བར་མངོན་འོང་།    འོན་ཏང་ཕན་མེད་ཤུན་ལྐོག་ཚལ་རོ་རྣམས་བཏུབ་ནས་བསྐྱུར་བར་བྱེད་དུས་ལྷག་ལུས་པ་ནི་ཐེབ་ཤོག་འདྲ་བོ་ཆུང་ངུ་ཞིག་ལས་མ་འདས།   ང་ཚོས་ཚལ་ཐེབ་ཤོག་ཆུང་ངུ་དེས་ཟས་སླང་ང་གང་བར་ལེན་ཐུབ་པའི་ཐབས་ཤེས་ཤིག་གཏན་ཡོད་མ་ཡིན།

འདི་ལྟར་གལ་སྲིད་ང་ཚོས་སུག་པ་སྨྱུ་གུར་འགུལ་ནས་འཚོ་བའི་ཉམས་མྱོང་ཏིལ་མར་ཙམ་རྣམས་ཟིན་དུ་བཏབ་ན།   འབྲུ་སྟོང་གཅིག་ཡང་ན་སྟོང་གཉིས་གང་འབྲིས་རུང་ང་ཚོར་ཕན་པ་ཆེས་ཆེན་ཐོབ་པར་གདོན་མི་ཟ།  

ཕྱོགས་གཅིག་ནས་ང་ཚོས་འདི་ནས་མྱོང་བས་ཚོར་བར་ཤེས་ངེས་པར་སེམས།    ད་སོང་ཤོག་སྟེང་དུ་འབྲི་རིན་ཆོག་པ་དེ་རྣམས་ཀྱང་ང་ཚོའི་བསམ་པ་ནང་བཞིན་མང་བར་མི་མཐོང་ལ།   ང་ཚོའི་འཚོ་བའི་ཉམས་མྱོང་ད་དུང་ཡང་ཕུན་ཚོགས་ཡོད་པར་ཡང་མ་མཐོང་།   གལ་ཏེ་ང་ཚོས་ཆེས་རིང་གྲས་སྒྲུང་ཞིག་འབྲིས་དགོས་ཚེ་ཉམས་མྱོང་དེ་ལས་མང་བ་ངེས་པར་དུ་གསོག་འཇོག་བྱེད་དགོས།   དེ་བས་གདམ་ག་བྱེད་པར་ཡང་ཕན་པ་ཆེན་པོ་ཡོད།   རེད་ཡ།    འབྲི་བཞིན་པའི་བྱ་བ་རྣམས་ལ་ངེས་པར་དུ་གདམ་ག་གསེས་དགོས།    གང་བྱུང་གི་ཡོད་ཚད་འབྲིས་སོང་ན་རྩོམ་རིག་བརྩམ་ཆོས་ཡང་ཆག་མི་སྲིད།  དེ་བཞིན་ངེས་པར་དུ་གདམ་ག་གསེས་དགོས་ན།    དེས་ན་ང་ཚོའི་འཚོ་བའི་ཉམས་མྱོང་དེ་ཙམ་མང་ན།   གདམ་ག་ཡང་དེ་ཙམ་གྱིས་མང་བ་ཡོད་རྒྱུ་སྨོས་མེད་རང་རེད་ལ་དེ་བས་གདམ་ག་ཆེས་བཟང་ཤོས་དེ་ཉིད་གསེས་པར་ངེས།    རེད་ཨ།     ལག་ནང་དུ་ཀུ་ཤུ་གཅིག་ལས་མེད་ཚེ་ཇི་ལྟར་གདམ་ག་བྱེད་དགོས་རེད། གནས་ལུགས་འགྲོ་སྟངས་གཅིག་འདྲ་རེད། 

ཡང་ཕྱོགས་གཞན་ཞིག་ནས་བཤད་ན།   བརྗོད་བཞིན་པའི་ཆེས་མང་བར་རློམ་པའི་འཚོ་བའི་ཉམས་མྱོང་ལས་འབྲུ་སྟོང་གཅིག་གམ་སྟོང་གཉིས་ཅན་གྱི་རྩོམ་ཞིག་འབྲིས་སོང་ན།    གཅིག་བྱས་ན་རྩོམ་ཡིག་ལེགས་པོ་གཅིག་ཡིན་པར་ངེས།      འདིས་ང་ཚོར་ཡིད་ཆེས་དང་སྟོབས་ཤུགས་སྦྱིན་ནས།   སླར་ཡང་སུག་པ་སྨྱུ་གུར་འགུལ་ནུས་སོ།  དེ་ལས་ལྡོག་སྟེ།   ང་ཚོས་བརྗོད་བཞིན་པའི་ཆེས་མང་པོར་རློམ་པའི་འཚོ་བའི་མྱོང་ཚོར་རྣམས་མ་སྤྱད་མི་འགྲིག་ངང་ནས་བརྩམ་སྒྲུང་རིང་གྲས་སམ་འཁྲབ་གཞུང་མ་འབྲིས་མ་འོས་ངང་།    དེས་ན་ང་ཚོ་ལ་ནམ་ཡང་ཤོག་སྟོང་འབྲིས་ནས་དེབ་ཏུ་བསྒྲིགས་ཚར་རྒྱུ་ཡོང་མི་སྲིད་ལ།   བློ་ཕམ་ཡིད་ཐང་ཆད་པོས་བསྐྱར་དུ་འབྲི་བར་རྩོམ་པར་མི་ནུས་སོ།    འདོད་ཆུང་མཆོག་ཤེས་དགོས།      རྔམ་པ་ཆེ་བར་བྱ་མི་ཉེན།   ཆུང་ངུ་རྣམས་ལེགས་པར་འབྲི་ཐུབ་ན།   ཆེན་པོ་རྣམས་ལེགས་པར་འབྲི་ཐུབ་རྒྱུར་རེ་བ་ཡོད་ངེས་ཡིན།    དེ་བཞིན།   རྩོམ་ཡིག་གི་ཡག་ཉེས་དེ་འབྲུ་ཡི་ཁ་གྲངས་མང་ཉུང་ནས་ཐག་གཅོད་མི་ཐུབ་པ་སྟེ།   སྙན་མོ་བརྒྱ་དཔྱད་སྟོང་བརྟག་གིས་དམངས་གླུ་ཞིག་ལ་ལུས་སུ་དུ་ཚིག་རྐང་བཞི་འམ་བརྒྱད་ཙམ་ལས་མེད་རུང་།   རི་ལུང་ཀུན་ལ་ཁྱབ་ཅིང་།    བརྒྱ་ཉན་སྟོང་ལ་ཉན་རུང་ད་དུང་ཉན་འདོད་པའི་བློ་ཡོད་པའི་ཕྱིར་རོ།

ད་དུང་།     ང་ཚོས་འཚོ་བའི་ཉམས་མྱོང་རྣམས་དོན་དངོས་སུ་བདེན་པར་ཡིན་རུང་།   དེ་ཙམ་གྱིས་རྩོམ་འབྲིས་ནས་བྱ་བ་ལེགས་པོ་ཡིན་རུང་།     དེ་ལ་དཀའ་ངལ་འཕྲད་སྲིད་པ་རེད།--ཚིག་སྐམ་ཕྱུར་བ་རུས་པ་སྐམ་པོ་མུར་བ་བཞིནརོ་མེད་སོ་ལ་ཟུག་རྒྱུ་མང་བ་འོ།   འདི་ནི་ཅིའི་ཕྱིར་ཡིན་བཤད་ན་ངས་ངོས་ནས་བརྗོད་ན་མདོར་བསྡུས་འདི་འདྲར་སྙམ།: ང་ཚོས་ཤེས་པ་ནི་མི་སྣ་རེ་འགའ་བ་དག་དང་དོན་དག་རེ་གཉིས་ཙམ་ལས།  དེ་ལས་མང་བའི་གནད་དོན་དང་མི་སྣ་མང་དག་དེ་རྣམས་མ་ཤེས་པས་རེད།  དེར་བརྟེན་མི་སྣ་གཞན་མང་པོ་དང་བྱ་བ་གཞན་མང་པོ་རྣམས་བེད་སྤྱད་ནས་གང་གཙོ་བོར་འབྲི་བར་བྱ་བའི་མི་སྣ་གང་ཅན་པོ་དེ་རྣམས་དེ་བས་འབུར་དུ་ཐོན་ཅིང་གསོན་ཉམས་ལྡན་པར་ཕུན་སུམ་ཚོགས་པོས་གཟུགས་བརྙན་གསར་བཞེངས་བྱེད་པའི་ཐབས་ལམ་མ་རྙེད་མེད་པས་རེད།    རེད་ལགས།  བརྩམ་སྒྲུང་དེབ་གཅིག་གམ་ཡང་ན་འཁྲབ་གཞུང་དེབ་གཅིག་ནི་ངོ་མཚར་ལྡན་པའི་འཇིག་རྟེན་ཆུང་ཆུང་ཞིག་རེད།    ང་ཚོས་ཤེས་པ་དང་རྟོག་པ་ནི་དངོས་གནས་མང་པོ་ཡིན་པས་ང་ཚོས་ད་གཟོད་ཡུལ་དུས་ཅི་རུང་ལ་མི་སྣ་གསར་དུ་བཞེངས་ཤིང་བྱ་བ་བརྗོད་པ་ཡུལ་ལྗོངས་ཞིབ་ཏུ་འབྲི་བ་མི་སྣའི་གླེང་མོལ་ལྷུག་པོར་བཀོད་ཅིང་ཚང་མ་གསོན་ཉམས་དོད་པོས་བཀོད་པ།  གནམ་དྭངས་ཤིང་གསལ་བར་འབྲིས་པས་ཀློག་པ་པོར་ཁམས་དྭངས་ཤིང་གཙང་ལ་ཡིད་ལ་སྤྲོ་བ་སྦྱིན་ནུས་པ།   མེ་ཏོག་ཉག་གཅིག་འབྲིས་པས་མི་རྣམས་ལ་དྲི་བསུང་རབ་ཏུ་འཐུལ་བའི་ཚོར་བ་སྟེར་ཐུབ་པ།  

 ང་ཚོས་ངེས་པར་དུ་འཚོ་བར་གཏིང་ཟབ་པོས་ངང་ནས་རབ་ཏུ་སིམ་ནས།  

སྨྱུ་གུའི་གཡུགས་སོར་རྒྱུན་ཆད་དུ་མེད་ཅིང་།  

ང་ཚོས་དེ་རིང་མེ་ཏོག་ཞིག་ཞིབ་ཏུ་བརྗོད་ལ།

སང་ཉིན་སླར་ཡང་མི་སྣ་ཞིག་གསར་དུ་བཞེངས་ཤིང་ཞིབ་པར་འབྲི་བ།

དེ་རིང་བྱ་བ་ཞིག་ཇི་མ་ཇི་བཞིན་དུ་བཀོད་ཅིང་།

སངཉིན་ཡིད་འགྱུར་གྱི་དུང་བརྗོད་སྙན་ངག་གཅིག་འབྲི་ཨེ་ཐུབ་ལྟ་ནས་གཏམ་བཤད་ཀྱི་ནུས་པ་ཇེ་བཟང་ཇེ་མཐོར་གཏོང་དགོས།

འཚོ་བ་ཇི་ཙམ་གྱི་ཕུན་སུམ་ཚོགས་སུ་སོང་ན།  

ནང་སེམས་ཀྱི་ཁོག་རྒྱ་དེ་ཙམ་གྱི་ཆེ་རུ་འགྲོ །

ཧོར་བརྩོན་གྱིས་འབྲི་བར་རྩོམ་ན།

ཡིད་ལ་ཅི་ཤར་ལག་ནས་ཅི་འདོད་འབྲི་ཐུབ་པའི་དུས་ཤིག་ཡོད་དུ་ངེས།

རེད་ལགས།    དཀའ་བ་ཁྱད་དུ་ངལ་བས་སྤྱད་ནས་རྨང་གཞི་གཏན་པོ་ཞིག་གཏིང་དགོས།

བྲེལ་འཚུབ་ཨེ་ནས་མ་བྱེད།  

སྔོན་ལ་འགྲེམས་སྤེལ་བྱེད་མ་བྱེད་ལ་བསམ་མནོ་མི་གཏོང་བར།

སུས་དཀའ་བ་སྤྱད་ཐུབ་ན།   དེས་རྩོམ་ཡིག་འབྲི་ཐུབ་རྒྱུ་རེད།

འདི་ལྟར་བཤད་ན། རྩོམ་འབྲི་ཡི་འཕུར་བསྐྱོད་བྱེད་ཐུབ་རྒྱུ་དཀའ་མོ་མ་ཡིན་ནམ།  མིན།  རྩོམ་འབྲི་ཡི་འཕུར་བསྐྱོད་ནི་རིགས་གཞན་གྱི་ལས་བྱའི་འཕུར་བསྐྱོད་དང་གཅིག་འདྲ་རེད།  དཀའ་སྤྱད་ངན་སྦྱང་རྒྱབ་ཏུ་བསྐྱུར་ནས་སྟོང་གཏམ་གྱི་འཕུར་བསྐྱོད་དྲུངས་ནས་བྱེད་མི་རུང་།  

  ལྟོས་དང་།   སྔ་མོ་སོར་བཞག་འགུལ་བར་སྐྲག་པའི་སྨྱུ་གུ །  ད་ཆ་སྨྱུ་གུ་བཟུང་ཐུབ་སོང་།  འདི་ནི་ད་དུང་འཕུར་བསྐྱོད་ཀྱི་ངར་ཤུགས་རེད་དམ།  དེས་ན་ཆེན་པོ་འབྲིས་མི་ཐུབ་རུང་།   ཆུང་ངུ་འབྲི་རྒྱུ་ཡིན།      སྙན་ངག་འབྲི་མ་ཤེས་ན།  ལྷུག་རྩོམ་འབྲི་རྒྱུ་ཡིན།  འདི་ལྟར་བྱས་ན་དགའ་དགའ་སྤྲོ་སྤྲོའི་ངང་ནས་མིང་གྲགས་དང་ཁེ་ཕན་མི་བཅངས་པར་མུ་མཐུད་འབྲི་བར་རྩོམ་ནི་ཡིན།  རྒྱལ་ཁའི་ཉིན་མོ་དེ་ཡོད་ངེས་ཡིན།    དེས་ན་འདི་ནི་ཕུར་བསྐྱོད་མིན་སྲིད་དམ།    རེད་ལགས།    ང་ཚོ་ཚང་མ་དགའ་སྤྲོའི་ངང་ནས་མུ་མཐུད་རྩོམ་པར་གྱིས་ལགས།  

དཔའ་སྟོབས་ཆེན་པོས་ངང་ནས།  

སྔོན་ནས་ཅི་འདྲ་ཡོད་པ་དེ་བཞིན་འབྲིས། 

ཅི་ཙམ་ཡོད་རུང་དེ་ཙམ་འབྲིས།

ང་ཚོའི་ཆུ་ཚད་མཐོ་རུ་འགྱུར་ནས།

རིན་ཐང་ཅན་གྱི་རྩོམ་ཡིག་འབྲིས་ཤོག

སྨྱུ་གུ་འགུལ་དགོས་པར་མ་སྐྲག

སྨྱུ་གུས་ང་ཚོའི་ཅི་ཟེར་ལ་ཉན་ནས་དེ་ཟེར་བསྒྲུབས།

འདི་འདྲ་མ་ཡིན་ནམ།

                          ཁ་གནག་ལྕེས་བསྒྱུར།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)




རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།