གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧ་སི་ལ་སྤྲིངས་པ།

2018-10-06 12:34:06 ཞིས་མོའུ་རོང་།(སོག་པོ) ཀློག་གྲངས། མཆན ཡོད།

 
                      —རང་ཉིད་རྒྱ་རུ་གྱུར་སོང་སྙམ་པའི་ནུ་བོ་ནུ་མོ་རྣམས་ལ་ཕུལ།

6159252dd42a283405b921785bb5c9ea15cebfa1.jpg

              འདི་འདྲའི་སྙིང་ཉེ་བའི་རིགས་མཐུན་སྤུན་ཟླ་མང་བོ་ཞིག་ངོ་ཤེས་སུ་གྱུར་བ་ནི་བདག་གི་ཆེས་བླ་མེད་ཀྱི་བསོད་ནམས་ཡིན། ཁྱོད་ཅག་གིས་ང་ལ་གནང་བའི་བརྩེ་བ་དང་སྐུལ་འདེད་ནི་བདག་གི་ཆེས་ཆེ་བའི་རྙེད་པ་ཡིན། དེ་རིང་སྔོན་གྱི་ཉིན་ཐོ་ཞིག་སྔར་བཀླགས་མ་མྱོང་བའི་ནུ་བོ་ནུ་མོ་རྣམས་ལ་སྐུལ་འདེད་ཀྱི་ཕྱིར་དུ་འབུལ་བར་བྱེད།  ང་ཁྱོད་ཅག་ཐམས་ཅད་ལ་སྙིང་ནས་དགའ།

ཧ་སི། ངས་འུ་གཉིས་ཀྱིས་ཕན་ཚུན་ངོ་ཤེས་མིན་མི་ཤེས། ངས་དེ་ལྟར་ཟེར་དོན་ནི།  ལོ་ངོ་མང་བོའི་སྔ་རོལ་ཞིག་ལ།  ངས་མིང་ལ་ཧ་སི་འབོད་པའི་སོག་པོའི་བུ་མོ་ཞིག་ངོ་ཤེས་པ་ཡིན།  ངེད་ཁྱིམ་ཁ་གཉིས་ཀྱི་ཕ་མ་དག་ནི་ཕན་ཚུན་གྱི་གྲོགས་པོ་བཟང་བོ་ཡིན།  ཁོ་མོ་གཟུགས་རིང་ཞིང་འགྲོགས་བདེ་ལ་ནམ་རྒྱུན་གདོང་ལ་འཛུམ་གྱིས་ཁེངས་པ་དེ་འདྲ་ཞིག་ཡིན། འོན་ཀྱང་། ང་ཚོའི་བར་དུ་འགྲུལ་རྒྱུན་ཆད་ནས་རིང་ཞིག་འདས་ཟིན། ངས་ཤེས་པ་ནི་ཁོ་མོ་ཕྱི་རྒྱལ་དུ་སློབ་གཉེར་ལ་ཆས་སོང་ཞིང་།  ཕྱིས་སུ་དེར་གཞིས་ཆགས་ཏེ་གཉེན་བསྒྲིགས་ཤིང་ཕྲུ་གུའང་སྐྱེས་འདུག་ཅེས་པ་ཙམ་ཡིན།  ཁྱོད་ངས་བཤད་པའི་ཧ་སི་དེ་ཡིན་ནམ། ཡང་ན་དེ་ལས་འཚབ་གཤིས་སྐྱེན་ལ།  དེ་ལས་ལོ་ན་ཕྲ་ཞིང་། མིང་ལ་ཧ་སི་འབོད་པའི་སོག་པོའི་བུ་མོ་གཞན་ཞིག་ཡིན།  འོན་ཀྱང་། ངས་ཁྱོད་རང་ངོ་ཤེས་མིན་གང་ལྟར་ཡང་།  ངས་བསམ་ན།  ངས་ཁྱོད་ཀྱི་སེམས་པ་ངོ་ཤེས་ཀྱིན་འདུག  དེ་ནི་ཁྱོད་ཀྱི་སོམ་ཉི་དང་དཀའ་སྡུག་དེ་དག་བདག་གིས་ཀྱང་མྱངས་ཡོད་པས་ཡིན།  ཧ་སི།  དེ་ནི་འུ་བུ་ཅག་ཐམས་ཅད་པོ་དེ་ལྟར་ནར་སོན་པས་ཡིན།

ཁྱོད་ཀྱིས་དེ་མ་ཐག་ང་ལ་ན་ཟུག་བསླངས་བྱུང་།  ཁྱོད་ཀྱིས། འདི་ནི་རིག་གཞུང་གི་རྒྱབ་རྟེན་དང་སྒྲིག་སྲོལ་ཡོད་པའི་དཔྱད་རྩོམ་ཞིག་མིན།  འདི་ནི་ང་རང་ནར་སོན་པའི་གོ་རིམ་ཁྲོད་གདོང་ཐུག་པའི་སེམས་ཚོར་ཙམ་ཡིན།  རེ་བ་ནི་རྩོམ་ཡིག་འདིར་གླེང་བའི་སོམ་ཉི་དང་དཀའ་སྡུག་གིས།  འདི་འདྲའི་རིགས་མཐུན་གྱི་སེམས་ཚོར་ལྡན་པའི་ཡུལ་གཅིག་སྤུན་ཟླ་དག་ལ་ང་ཚོ་ཁེར་རྐྱང་མིན་པའི་ཚོར་བ་ཙམ་བསྐྱེད་རྒྱུ་དེ་ཡིན་ཟེར།

རེད་ཡ།  ང་རང་ལོ་ན་གཞོན་དུས་རྒྱུན་པར་ཁེར་རྐྱང་གི་ཚོར་བས་གདུང་མྱོང་།  ཐེངས་དང་བོར་དེ་འདྲའི་ཁེར་སྡུག་གིས་མནར་དུས་ནི་དམའ་འབྲིང་གི་ལོ་རིམ་གཉིས་པའི་ས་རྒྱུས་ཀྱི་སློབ་ཁྲིད་སྐབས་ཡིན།  དེ་དུས་ང་རང་ཧོང་ཀོང་ནས་ཐེེ་ཝན་ལ་སླེབས་རུང་ཡིན་ལ།  བུ་མོའི་སློབ་གྲྭའི་དམའ་འབྲིང་གི་ཐད་ཞུགས་སློབ་མར་རྒྱུགས་འཕྲོད་པ་རེད། ས་རྒྱུས་དགེ་རྒན་ནི་ང་ཚོའི་མཛུབ་ཁྲིད་དགེ་རྒན་ཡིན་ལ། ཞི་དུལ་གཞུང་དྲང་ཞིག་གོ། དེར་མ་ཟད་གཟབ་ནན་གྱིས་སློབ་ཁྲིད་བྱེད་པས་ང་རང་ཁོ་མོར་ཤིན་ཏུ་དགའ་བོ་ཡོད།

འོན་ཀྱང་།  ཉིན་དེར་“ནང་སོག་ས་ཁུལ”ཞེས་པའི་སྡེ་ཚན་དེ་ཁྲིད་དུས། ཁོ་མོ་རྩ་བ་ནས་འགྱུར་སོང་ལ། དེ་ནས་བཟུང་ངའི་སེམས་ཀྱི་དགའ་ཞིང་གུས་པའི་མཛུབ་ཁྲིད་དགེ་རྒན་དེ་ཡང་མ་རེད་དོ། །ཁོ་མོས་ཧམ་པ་ཚ་བའི་ཐ་སྙད་བཀོལ་ཏེ་རྒྱང་རིང་གི་ཡུལ་གྲུ་དེ་མཚོན་པར་བྱས་ཤིང་། ས་ཕྱོགས་དེ་ན་འཚོ་བའི་སོག་པོའི་མི་རིགས་ལ་མཚམས་མེད་པར་ངོ་མཚང་བྲུས་བྱུང་།  ཁོ་ཚོའི་སྐད་ཆ་དང་དད་པ། ཡུལ་སྲོལ་གོམས་གཤིས་ལ་ཟུར་ཟ་དང་ཁྲེལ་དགོད་བྱས་སོང་། ཁོ་མོས་དྲངས་པའི་དཔེར་བརྗོད་འགའ་རེ་ནི་དངོས་གནས་བདེན་པ་ཡིན་ནའང་། ལ་ལ་ནི་ཁུངས་མེད་ཀྱི་བཤད་ཡམས་འབའ་ཞིག་རེད། དེ་ལྟ་ནའང་། མོ་ལ་དབྱེ་ཞིབ་དང་དཀར་འདོན་གྱི་བསམ་པ་ཕྲན་བུ་ཙམ་ཡང་མེད་ཅིང་།   ངོ་མདངས་ཙམ་ཡང་མི་འགྱུར་བར་ཆུ་བཞུར་བཞུར་གྱིས་བཤད་བྱུང་བས།  བརྗོད་པ་ཛ་དྲག་གི་སྐབས་སུ་སློབ་གྲོགས་ཚོ་ཧ་ལས་ཧང་སངས་ཤིང་།  ཡང་དགོད་སྒྲས་སློབ་ཁང་འགེངས་པར་བྱེད།

ཡུལ་ན་ཡོད་དུས།   ཆུང་ངུའི་སྐབས་ནས་རྨོ་བོའམ་ཕ་མ་ཟུང་གིས། ང་ལ་རྒྱུན་པར་རང་ཉིད་སོག་པོ་ཞིག་ཡིན་པ་བརྗེད་མི་རུང་བའི་སློབ་གསོ་ཡང་ཡང་གཏོང་།  འོན་ཀྱང་ཤེས་མེད་ཚོར་མེད་ཀྱི་ངང་ནས་ངས་རང་ཉིད་གཞན་དང་མི་འདྲ་བའི་ཁྱད་པར་ཅན་ཞིག་ཡིན་ནོ་སྙམ་དུ་མི་འདོད།  འོན་ཀྱང་ཉིན་མོ་དེར། སློབ་གྲོགས་ཡོངས་ཀྱི་ཧབ་དགོད་དང་ངེས་མེད་དུ་བསྟན་ཡོང་བའི་མིག་མདངས་དེ་དག་ལས།  ངས་ད་གཟོད་རང་ཉིད་“མི་རིགས་གཞན་”ཞིག་ཡིན་པ་ཚོར་བྱུང་།  ཐེངས་དང་བོར་རིགས་བཀར་ཞིང་མཐར་དེད་པའི་ཁེར་སྡུག་དང་ན་ཟུག་ཚོར་བྱུང་།  ད་གཟོད་སྙིང་ཁོང་རུས་པའི་གཏིང་ནས་རང་ཉིད་རུས་རྒྱུད་དང་ཁ་བྲལ་བའི་སོག་རིགས་ཤིག་ཡིན་པའི་འདུ་ཤེས་རྙེད་བྱུང་།

ཧ་སི།   ཁྱོད་རང་ནར་སོན་གྱི་མྱོང་བའང་ཕལ་ཆེར་ངའི་འདི་དང་ཆ་འདྲ་བ་ཞིག་ཨེ་རེད།

ཡ་མཚར་བ་ཞིག་ལ།  ལོ་ན་གཞོན་པའི་ང་ལ་མཚོན་ན།  ཐེངས་དེའི་ས་རྒྱུས་ཀྱི་སློབ་ཐུན་དེ་ནི་ཚེ་སྲོག་འདིའི་ཆེས་ཐོག་མ་དང་ཆེས་ཟབ་པའི་རྨ་ཤུལ་ཆེན་པོ་ཞིག་རེད།  འོན་ཀྱང་།  སྐབས་དེར་ཡུལ་དངོས་དེར་ཡོད་པའི་མི་གཞན་པ་དག་ལ་མཚོན་ནས་བཤད་ན།  ཤིན་ཏུ་ཉན་སྤྲོ་བའི་ས་རྒྱུས་ཀྱི་སློབ་ཐུན་ཞིག་ལས་ཅི་ཡང་ཡིན་མི་སྲིད།  སློབ་ཐུན་གྲོལ་རྗེས། སློབ་གྲོགས་དག་གིས་སྔར་བཞིན་བདག་ལ་འགྲོགས་བདེའི་རྣམ་འགྱུར་འཛིན་པར་བྱེད་ལ། དགེ་རྒན་གྱིས་ཀྱང་གཤིས་འཇམ་དང་བློ་དཀར་གྱི་ཞལ་མདངས་བསྐྱར་ཏུ་གསོས་བྱུང་། སུས་ཀྱང་ངའི་སེམས་ཀྱི་རྨ་ཁ་ཚོར་གྱིན་མི་འདུག  ཁོ་ཚོར་མཚོན་ན་དོན་དག་ཅི་ཡང་མ་བྱུང་བ་དང་འདྲ།

རྗེས་སུ།  དེ་ལྟ་བུའི་རྐྱེན་ངན་ལ་རྟག་པར་འཕྲད་ཅིང་།  བདག་གི་སེམས་སུ་རྨ་ཁ་ཡང་ཇེ་མང་ནས་ཇེ་མང་དུ་གྱུར།  དེ་ལྟ་ན་ཡང་དེ་ཉིད་ཇེ་སྲབ་ནས་ཇེ་སྲབ་ཏུ་ཡང་གྱུར་ཏོ། །དེ་ནི་ནར་སོན་གྱི་གོ་རིམ་ཁྲོད།  ངས་རང་གི་ཉེ་འཁོར་གྱི་རྒྱ་མི་ཕལ་མོ་ཆེས་ང་ལ་བསམ་གཟས་ནས་གནོད་སེམས་བཅངས་པ་མེད་ལ། དེ་ལྟར་བྱས་པས་ང་ལ་གནོད་པ་བྱས་འགྲོ་བར་ཡང་ཤེས་ཀྱིན་མེད་པ་ཡུན་གྱིས་ཧ་གོ་བས་ཡིན།  དེ་ནི་མི་གྲངས་མང་ཞིང་ལོ་རྒྱུས་རིང་ལ། རིག་གནས་རྒྱ་ཆེ་བའི་རྒྱ་ནག་མི་རིགས་ལ་མཚོན་ནས་བཤད་ན། དུས་ཡུན་ཤིན་ཏུ་རིང་བོར་རང་གི་མི་རིགས་དཀྱིལ་སྙིང་དུ་བཟུང་ནས་ཆོས་ཐམས་ཅད་ཀྱི་ཚད་གཞི་ལ་བསམ་བློ་གཏོང་བ་དང་རྟོག་ཞིབ་བྱེད་པ་དང་ཐག་གཅོད་པར་གོམས་ཡོད་པས་ཡིན།

འདི་ལྟ་བུའི་གོམས་སྲོལ་དེ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མངོན་པ་ཙམ་ཡིན་ན། དེ

ལ་མི་འགྲིག་པ་ལྷག་པོ་ཅང་མེད་དེ། མི་རིགས་རེ་རེས་རང་ཉིད་འཛམ་བུ་གླིང་གི་དཀྱིལ་སྙིང་ཡིན་སྙམ་གྱི་རྟོག་བཟོ་བྱ་ཆོག་པ་རེད། འོན་ཀྱང་། ཆབ་སྲིད་ཀྱི་ཁྲོད་དུའང་དེ་ལྟ་བུའི་སེམས་ཁམས་བཟུང་བ་ཡིན་ན།  གནོད་འཚེ་ནི་བཟློག་ཐབས་མེད་པ་ཞིག་གོ །

ཧ་སི། འདིས་ཀྱང་ཁྱོད་ལ་དངངས་འཚབ་སྟེར་གྱིན་པ་ངས་ཧ་གོ་ཡི་འདུག  དེའི་ཕྱིར་ཁྱོད་ཀྱིས།  ང་ཚོས་གདོང་གཏོད་པའི་ཉེན་ཁ་ཆེས་ཆེ་བ་ནི། ཁོར་ཡུག་ཆེན་པོ་འདིས་རིས་སུ་མི་འབོར་བའི་ཆེད་དུ།  ང་ཚོས་ཅིས་ཀྱང་ཁོར་ཡུག་ཆེན་པོ་འདིའི་རིག་གནས་དང་དུ་ལེན་དགོས་ལ།  ཡང་མི་གྲངས་ཉུང་དྲགས་པས་ང་ཚོས་དང་ལེན་བྱེད་པས་མི་ཚད་དང་དུ་ལེན་རྒྱུ་ཚད་ལས་བརྒལ་ཏེ།  རང་གི་རྩ་བའམ་སྲོག་ཉིད་ཡོངས་སུ་བརྗེད་པར་འགྱུར་བ་ཧ་གོ་ཡོང་བ་དེ་རེད། ཅེས་ཟེར། 

ཧ་སི།  མ་སྐྲག་དང་།  ངས་ཁྱོད་ལ་ཡུན་གྱིས་བཤད། 

ཐེངས་འདིར་ང་རང་ཕ་ཡུལ་དུ་ལོག་དུས།  ས་གནས་དེ་གའི་གྲོགས་མོ་ཞིག་གིས་ང་ལ་འདི་སྐད་བརྗོད།  མོ་རང་ལོ་ན་གཞོན་པའི་སྐབས་ཤིག  ནང་སོག་གི་རྟ་རྩལ་རུ་ཁག་ཅིག་ལ་འགྲོགས་ནས་ལྷོ་ཕྱོགས་ལ་འཁྲབ་སྟོན་བྱེད་པར་སོང་བ་ཡིན།  སི་ཁྲོན་གྱི་གྲོང་གསེབ་ཅིག་ཏུ།  སྤྲོ་སེམས་རབ་ཏུ་འཁོལ་བའི་མི་ཚོགས་ཤིག་གིས་ཡོངས་སུ་བསྐོར་ཅིང་།  རྒན་གཞོན་ཤིན་ཏུ་མང་བོས་ཁོ་ཚོར་སྐེ་འཇུ་དང་ལག་འཇུ་གཏོང་ལ།  གདོང་ལ་མཆི་མས་ཁེངས་ཏེ་ངག་ནས། “ང་ཚོ་ནི་སོག་རིགས་ཡིན།  ང་ཚོའི་གནའ་བོའི་མེས་པོ་དག་ནི་སོག་རིགས་ཡིན། ”ཞེས་ཡང་ནས་ཡང་དུ་ཟློ་བར་བྱེད།

དེ་དག་ནི་མི་རབས་ཅི་ཙམ་བརྒྱུད་པ་མི་ཤེས་པའི་ཚ་རྒྱུད་དག་དག་རེད་ལ།  ཁོ་ཚོས་སྨྲས་པའི་སྐད་ཆ་ནི་སི་ཁྲོན་གྱི་ལུང་སྐད་འབའ་ཞིག་རེད། དེ་དག་གི་ཁྲོད་ཀྱི་མི་མང་བོ་ཞིག་ནི་སྔར་ཉིན་ནས་ལེ་བར་བཅུ་ཕྲག་ལྷག་གི་ས་ནས་ཡོང་བ་རེད་ལ།  ཁོ་ཚོ་ལམ་ཐག་དེ་འདྲའི་རིང་བོ་ཞིག་ནས་རྒྱང་རིང་གི་སྤུན་ཟླ་དག་ལ་བལྟ་འདོད་ཀྱིས་ཡོང་ཞིང་། དེ་དག་ལ།  “ང་ཚོ་ཡང་སོག་རིགས་ཡིན།  ང་ཚོས་གནའ་ནས་ད་བར་རང་གི་རྩ་བ་དེ་བརྗེད་མེད། ” ཅེས་པའི་གོ་བརྡ་སྤྲོད་དུ་འོངས་པ་རེད།

ཧ་སི།  ཁྱོད་ཀྱིས་ཤེས་རྒྱུ་ཞིག་ལ།  “ཁྲག་རྒྱུད་”ནི་ཤིན་ཏུ་ཁྱད་མཚར་གྱི་ཆོས་ཤིག་རེད་དེ།  དེ་ནི་ཁྱོད་རང་སྐྱེས་པའི་སྔ་རོལ་ནས་ཆེས་གདོད་མའི་ཚེ་སྲོག་གི་ས་བོན་དུ་བསྐུངས་པའི་འབོད་པ་ཞིག་རེད།  ཁྱོད་ཉིད་རང་གི་རུས་རྒྱུད་ཀྱི་ཚོ་བ་དེར་འཚོ་ཞིང་།  རང་གི་མཐའ་འཁོར་གྱི་ཟླ་གྲོགས་དང་ཁྱད་པར་གང་ཡང་མེད་པའི་དུས་དང་།  ཁྱོད་ཀྱི་རུས་རྒྱུད་དེའི་འཚོ་གནས་ལ་མངོན་གསལ་གྱི་འཇིགས་པ་ཅི་ཡང་མེད་པའི་སྐབས་སུ།  དེ་ཉིད་ལྷིང་ཞིང་འཇགས་པའི་ངང་དུ་བསྟན་མེད་ཐོགས་མེད་དུ་གནས་པས།  ཁྱོད་ཀྱིས་ཚེ་གང་བོ་ཁུ་སིམ་གྱིས་བསྐྱལ་ཆོག་ཅིང་།  དེ་ཡི་རང་བཞིན་ཚོར་མི་ཐུབ་ལ་དེ་ཡི་ཤུགས་རྐྱེན་དེ་ལས་ཀྱང་མྱོང་མི་དགོས་སོ། །

དེ་ཡི་ཤུགས་རྐྱེན་ནི་རུས་ཚོ་དང་གྱེས་པའམ། རུས་ཚོ་ཧྲིལ་བོའི་འཚོ་གནས་དེ་ཉེན་ཁ་ལ་ཐུག་པའི་སྐབས་སུ་ད་གཟོད་མངོན་ཡོང་བ་ཞིག་རེད། དུས་དེར།  དེ་ཉིད་ཁྱོད་ཀྱི་བླ་སྲོག་ལས་ཕྱིར་བུད་དེ་ཁྱོད་ལ་འབོད་པ་གཏོང་ངོ་། །

ཧ་སི།  འདི་ལྟའི་འབོད་པ་དྲག་པོའི་དབང་གིས། ད་གདོད་ང་ཡིས་མགྱོགས་པོར་ལམ་དེ་འདྲའི་མང་བོ་ཞིག་བརྒྱུད་ནས་གཙང་བོ་དེའི་འགོ་ཁུངས་བཙལ་བ་ཡིན།  ཞི་ལ་མུའུ་ལོན་གཙང་བོ་ནི་བདག་གི་སེམས་སུ་ཡུན་རིང་བོར་བཞུར་ཅིང་།  མཚན་མོའི་རྨི་ལམ་ལས་ངས་རྟག་པར་གཙང་བོ་གང་དེ་ཆལ་ཆིལ་གྱིས་འབྲོག་ཐང་དུ་འབབ་པའི་སྒྲ་ཉིད་ཐོས་ཡོང་།

འབྲོག་ཐང་ལ་མུ་དང་མཐའ་བྲལ།  ཉིན་དེར།  ང་དང་གྲོགས་པོ་དག་ཅེ་ཕུ་རྟགས་ཅན་གྱི་མོ་ཊ་གཉིས་ལ་བསྡད་དེ།  རྩྭ་ཐང་དུ་ཉིན་གང་བོར་བཙལ་ནའང་གཙང་བོ་འབབ་སའི་གཡང་རོང་རྙེད་ཐབས་བྲལ།  གྲོགས་པོ་ལམ་པ་དེ་སྔོན་མར་ཐེངས་འགར་སོང་མྱོང་ནའང་།  རྩྭ་ཐང་ནི་དངོས་གནས་ཆེ་དྲགས་ཤིང་།  ལམ་སྟོན་གྱི་རི་བོ་རེ་རེ་ཡང་ཕན་ཚུན་ལ་ཤིན་ཏུ་འདྲ་བ་ཞིག་གོ །ང་ཚོ་སྐབས་རེར་སོང་ཞིང་སྐབས་རེར་བསྡད་པ་ཡིན་ལ།  ཡང་མངོན་པར་འཕགས་པའི་རི་དང་དེའུ་རེར་འགོས་ནས་རྒྱང་རིང་ལ་བལྟས་པ་ན།  གཙང་བོ་རྒྱང་རིང་གི་ཕྱོགས་སུ་འབབ་པའི་སྒྲ་ཉིད་ཐོས་ཡོང་།  ཧ་སི།  སྒྲ་དེ་ནི་ངའི་སེམས་སུ་བབས་པ་དང་འདྲའོ། །

མི་མེད་འབྲོག་སྟོང་གི་རྩྭ་ཐང་དུ་ད་གདོད་སྐྱ་མི་གཞོན་ནུ་ཞིག་དང་ཕྲད་བྱུང་།  ཁོ་རང་གསེག་འཕྲོས་ཀྱི་ཉི་འོད་ཀློང་ནས་ང་ཚོར་ཕྱོགས་ཏེ་དལ་དལ་གྱིས་སླེབས་བྱུང་།  ང་ཚོའི་དཀའ་ཁག་ཤེས་འཕྲལ། གཞོན་ནུ་དེས་ལག་པ་བཏེགས་ཏེ་གཡས་ཕྱོགས་ཀྱི་མདུན་ཐད་སྟོན་ཙམ་བྱས་པར།  གཙང་བོ་འབབ་སའི་ལུང་འགག་མིག་མདུན་དུ་ཤར་བྱུང་།  ང་ཚོ་ནགས་ཚལ་ཆུང་ཆུང་ཞིག་བརྒྱུད་ཅིང་། བདེ་མོ་མིན་ལ་བགྲོད་དཀའ་བའི་རྡོ་ལམ་རིང་བོ་ཞིག་དེད་ནས་སོང་སྟེ།  གཞི་ནས་གཙང་བོའི་འགག་འཕྲང་གི་མཐིལ་ལ་སླེབས་དུས།  ས་རུབ་ལ་ཉེ་བྱུང་།

འདི་ནི་ཕྱོགས་གསུམ་རི་བོས་བསྐོར་ཞིང་།  མཐིལ་གཏིང་དུ་ལྷུང་བའི་རི་འགག་ཅིག་རེད།  རི་རྩའི་རྡོ་གསེག་ནི་ཆུས་སྦངས་ཏེ་འདམ་དུ་གྱུར་འདུག  ཞིབ་ཏུ་བལྟས་ཚེ་དེ་ལས་ཆད་མེད་ཀྱི་ཆུ་འབུད་བཞིན་འདུག་ལ། དེ་ཡིས་རྡོ་གསེག་གི་ས་གཞི་ཡོངས་སུ་བརླན་འདུག  ཕྱིར་བུད་པའི་ཆུ་དག་འདོམ་པ་འགའི་མཚམས་སུ་གཅིག་ཏུ་འཁྱིལ་ཞིང་དེ་ནས་ཀྱང་ཕྱི་ཕྱིར་ལྷུང་ལྷུང་གིས་འབབ་ལ།  དེ་ཉིད་ཆུ་ཕྲན་དུ་གྱུར་བའི་འགྲམ་ངོགས་སུ་ལྕུག་ཕྲན་དང་མེ་ཏོག་གིས་ཁེངས།  ཆུ་ཕྲན་དེ་ཉིད་ཀྱི་རྒྱུན་ནི་སྔ་མ་སྔ་མ་ལས་ཆེ་ཞིང་སྒྲའང་ཇེ་དྲག་ནས་ཇེ་དྲག་ཏུ་སོང་སྟེ།  ཅུང་ཐག་རིང་བའི་ནགས་ཚལ་གྱི་མཚམས་སུ་གཙང་བོ་ཆུང་ཆུང་ཞིག་ཏུ་གྱུར་ནས།  རྒྱང་རིང་ནས་རྒྱང་རིང་གི་ཕྱོགས་སུ་འབབ།

ང་རང་རྐང་རྗེན་དུ་ཆུ་ཕྲན་སྲབ་བུ་དེར་ཞུགས་པ་ཡིན།  སྟོན་ཟླ་དགུ་བ་ཚེས་རུང་གི་གནམ་གཤིས་དྲན་པོ་ཡིན་ནའང་ཆུ་ཕྲན་དེ་འཁྱགས་པ་ལ་ཚད་ཅིག་མི་འདུག   ང་རང་འཁྱགས་རོམ་གྱི་སྟེང་དུ་འགྲེང་བ་བཞིན་ཅང་མ་འགོར་བར་གྲང་ནས་གཟེར་བར་བྱེད།  འོན་ཀྱང་།  ཧ་སི།  ཁྱོད་ཀྱིས་ངའི་སེམས་ཁོང་གི་དྲག་ཏུ་གདུ་བའི་ཁྲག་དྲོན་དེ་ཚོད་དཔག་ཐུབ་ངེས། 

ཧ་སི།  ངས་རང་གི་ཁྲག་རྒྱུད་དེའི་རྐྱེན་གྱིས་ཅི་ཙམ་གྱི་ང་རྒྱལ་འཛིན་བཞིན་པ་ཁྱོད་ཀྱིས་ཤེས་སམ།  ཕ་མའི་ཡུལ་སྡེ་ལ་མིས་བྱས་པའི་གནོད་འཚེ་ཤིན་ཏུ་མང་བོ་ཕོག་ནའང་།   ས་གཞི་འདི་ཇི་སྲིད་གནས་པ་དེ་སྲིད་དུ།  ཚེ་སྲོག་གི་རེ་འདུན་ཡོད་ཚད་དུས་གཅིག་ལ་འཕག་འཚག་དང་འཚང་ཁ་ཤིག་ཤིག་གིས་ཕྱིར་བརྟོལ་བར་བྱེད། ཞི་ལ་མུའུ་ལོན་གཙང་བོའི་ཁྲོད་དུ་ཞུགས་དུས།  འགོག་ཐབས་མེད་པའི་རིགས་ཀྱི་འདུ་ཤེས་དྲག་པོ་ཞིག་གིས་ང་རང་དམ་པོར་བཅངས་པའི་ཚོར་བ་སྟེར།  དེ་ལྟ་བུའི་བདེ་སྣང་ཆེན་པོ་དེས་ང་ཚོའི་ངོ་གདོང་མཆི་མས་དཀྲིགས་པའང་མི་ཚོར་ལ།  དེ་ཉིད་སྡུག་བསྔལ་དྲག་པོ་ཞིག་ལས་རྙེད་པ་ལོས་ཡིན་སྙམ་པ་བྱེད།

ལོ་ངོ་མང་བོར་ང་ཡི་ཁྲག་རྩའི་སྦུབས་སུ་ང་ལ་འབོད་པ་གཏོང་བའི་སྒྲ་སྐད། རྒྱུན་པར་རྒྱང་རིང་བའི་རི་སྒང་ནས་ང་རང་འབོད་པའི་སྒྲ་སྐད།  སྐབས་འདིར་དེ་དག་ལྷུང་ལྷུང་གི་ཆུ་སྒྲའི་ཁྲོད་གཅིག་ཏུ་གྱུར་བས།  ངས་ད་གཟོད་མ་ཡུམ་གྱི་ས་གཞི་རུ་ཆ་ཚང་བའི་རང་ཉིད་རྙེད་བྱུང་།

སྐྱེས་ནས་ད་ལ་ཐུག་པས་ད་ནི་བློ་འགྱོད་གང་ཡང་མེད།  ང་རང་ཁ་སྦུབ་ཏུ་ལོག་སྟེ་ཆུ་འགོའི་ཆུ་གཙང་འཐུང་།  གནམ་རྒན་མའི་ཕོན་ཆེ་བའི་གནང་སྐྱེས་ལ་ཐུགས་རྗེ་ཆེ།  འོན་ཀྱང་།  ཧ་སི།  ངས་ཁྱོད་ལ་སེམས་གཏིང་ནས་མཉན་དུ་གཞུག་འདོད་པ་ནི་དེའི་རྗེས་ཀྱི་བདག་གི་སེམས་ཁམས་ཡིན།

དེའི་རྗེས་སུ།  ང་རང་ཕྱིར་ཁི་སི་ཁི་ཐིན་ཚོ་བར་ཡོང་བ་ཡིན།  ས་གནས་དེའི་སྣེ་ལེན་དགོངས་ཚོགས་སུ་ཁོ་ཚོས་ང་ལ་དཀར་གཙང་གི་ཁ་བཏགས་ཤིག་ཕུལ་སོང་།  ལོ་ན་བགྲེས་པའི་རྒན་པོ་འགས་ང་ལ་སྔོན་ཆད་བདག་གི་སྤོ་བོ་དང་རྨོ་བོས་གནས་འདིར་ཇི་འདྲའི་སེམས་ཤུགས་བཏོན་པ་ཡིན་ཚུལ་སྨྲས་བྱུང་།  ཡང་མི་འགའ་རེ་ཡོང་ནས་ཁོ་ཚོས་བདག་གི་ཨ་མ་ལགས་བརྗེད་མེད་ཚུལ་བཤད་བྱུང་།

དཀར་གཙང་གི་ཁ་བཏགས་ཕྲག་པར་གཡོགས་པས་མ་ཡུམ་གྱིས་བརྩེ་བའི་བྱིལ་བྱིལ་གནང་བ་འདྲ།  ཕོར་བ་བཏེགས་ཏེ་ཐམས་ཅད་ལ་བཀའ་དྲིན་ཞུ་དུས།   ངས་གློ་བུར་དུ་ང་དང་མིག་མདུན་གྱི་གྲོགས་པོ་འདི་དག་གི་སྐྱེ་གཟུགས་ཇི་འདྲའི་མཚུངས་པ་ཚོར་སོང་།  ང་རང་གཞི་ནས་རང་གི་རིགས་མཐུན་དག་གི་ནང་ལ་ལོག་ཐུབ་སོང་།  ཧ་སི།  ངའི་མདུན་གྱི་མི་འདི་དག་གི་སྐྱེ་གཟུགས་ང་དང་ཇི་འདྲའི་མཚུངས་པ་ལ་ཨང་། ཕལ་མོ་ཆེ་ནི་མེ་ལོང་དུ་ཤར་བའི་རྒྱུས་ཡོད་ཀྱི་གདོང་དབྱིབས་དང་འདྲ་བོ་འདུག   མི་ཚོགས་ཁྲོད།  ངས་ཐ་ན་སྤོ་བོ་དང་རྨོ་བོ་ལོ་ན་གཞོན་དུས་ཀྱི་ཞལ་མདངས་ཀྱང་མཐོང་འོང་བ་འདྲ། 

སྐབས་འདིར།  ཁྲག་རྒྱུད་ནི་ཐིག་རིས་དང་ཁ་དོག་ལྡན་པའི་གཟུགས་ཅན་ཞིག་ཏུ་གྱུར་ཏེ།  ང་ཡི་མིག་མདུན་ལ་མངོན་གསལ་དུ་བཅར་ནས།  གནས་འདི་ནི་ང་ཡི་དོན་དམ་གྱི་གནས་མལ་དང་ང་ཡི་ཚེ་སྲོག་གི་ཆེས་ཐོག་མའི་འགོ་ཁུངས་ཡིན་ཚུལ་བརྗོད།  མི་ཚེ་ཕྱེད་ཀའི་དངངས་འཚབ་ཀྱི་རྗེས་ཏེ།  དུས་འདི་ཙམ་ནི་ཇི་འདྲའི་མི་སེམས་ལ་ལྷོད་བག་དང་སྤྲོ་སྣང་སྟེར་བའི་མཇལ་འཛོམས་ཤིག་རེད་ཨང་།   ལྟོགས་སྐོམ་གྱིས་མནར་བའི་མི་ཞིག་གིས་ཕུན་སུམ་ཚོགས་པའི་སྟོན་མོའི་སྟེང་རང་གི་སྡོད་ས་སྟོན་པའི་མིང་ཡིག་མཐོང་སོང་བ་ཇི་བཞིན།  ངས། གཞི་ནས་དགའ་བ་ཚད་མེད་ཀྱིས་རང་གི་སྡོད་གནས་རྙེད་སོང་།

ཧ་སི། ཁྱོད་རང་ད་དུང་སྐྲག་དོན་ཅི་ཞིག་ཡོད་དམ།

ཧ་སི། ཁྱོད་ཀྱིས་ང་ལ་ཡིད་ཆེས་གནང་རོགས།  ནམ་ཞིག་ཁྱོད་ཀྱིས་ནང་སོག་གི་ལོ་རྒྱུས་བརྗེད་པའམ།  སོག་པའི་སྐད་རིགས་བརྗེད་པའི་དབང་དུ་བཏང་ནའང་།  འོན་ཀྱང་།  ཧ་སི།  ཁྱོད་ཀྱིས་ཅིས་ཀྱང་རང་གི་སྐྱེ་ཁུངས་བརྗེད་མི་སྲིད།  “ཁྲག་རྒྱུད་”ནི་གང་འདོད་ཀྱིས་གཡུག་པ་དང་བརྗེད་རུང་བའི་ཆོས་ཤིག་མ་རེད་ལ།  སུས་ཀྱང་ཁྱོད་ཀྱི་སེམས་ནས་དེ་ཉིད་ལེན་ཐབས་ཡོད་པ་མ་རེད།

དེ་ནི་ས་བོན་དང་མེ་ཏོག་ཡིན་ལ།  ཤིང་འབྲས་ཀྱང་ཡིན། དེ་ནི་དྲོད་ཁོལ་དང་འོད་ཟེར་ཡིན་ལ།  མདུན་ཕྱོགས་ཀྱི་ཆད་པ་མེད་པའི་འབོད་པའང་ཡིན། ནམ་ཉི་མ་ཞིག་ལ།  ཁྱོད་རང་དེ་ཉིད་དང་ཐད་སོར་འཕྲད་པའི་དུས་སུ།  ཁྱོད་ཀྱིས་དེ་ནི་དྭངས་ཤིང་གསལ་ལ།  ཆུ་ཟླ་ལྟ་བུའི་མེ་ལོང་ཞིག་ཏུ་མཐོང་བར་འགྱུར།

ཧ་སི།  ང་ཡི་ན་གཞོན་གྱི་སྤུན་ཟླ།  ཁྱོད་ལ་ད་དུང་བློ་སེམས་མི་བདེ་བ་ཅི་ཞིག་ཡོད་དམ།

                       འཆིང་གྲོལ་གྱིས་བསྒྱུར།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)



རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།