ཚེ་རིང་ནོར་བུའི་བརྩམས་སྒྲུང《ལག་དམར》བོད་འགྱུར་མ།

 ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཞིག་མུ་མེད་བྱེ་ཐང་སྟེང་རྡུལ་འཚུབ་བེར་ནུབ་ཕྱོགས་སུ་མྱུར་སྟབས་ཀྱིས་སྐྱོད་ཀྱིན་འདུག རླངས་འཁོར་ནང་དུ་ཅ་དངོས་ཀྱིས་བཀང་ཡོད་ཅིང་ཅ་དངོས་དག་ཐོག་ཁེབས་ལྗང་ཁུ་ཞིག་གིས་བཀབ་ཡོད། རླངས་འཁོར་གྱི་ཁ་ལོ་སྒྱུར་ཁང་ནང་དུ་མི་གཅིག་ལས་མེད་དེ་དེ་ནི་ང་ཡིན། རེ་ཞིག་ལུས་ཡོངས་ཉོབ་མདངས་ཀྱིས་བཟི་ཡོང་བས། བསྟུད་མར་ཨ་སྟོང་ཐེངས་ཁ་ཤས་བརྒྱབ་བྱུང་།

 ངས་ལག་གཡས་ཀྱིས་ཁ་སྒྱུར་འཁོར་ལོ་བཟུང་ཞིང་། ལག་གཡོན་གྱིས་སྟོད་ཐུང་ཁུག་མའི་ནང་ནས་ཐ་མག་རྐང་གཅིག་བླངས་ཏེ་ཤ་རྒྱགས་པའི་ལག་གིས་ཁོབ་ཉམས་དང་བཅས་མེ་ཆ་བཏོན་ནས་མེ་སྒྲོན། ཐ་མག་གི་དུ་བ་ཁ་ནས་ཕྱི་རུ་ཕྱུང་ཚེ་མྱུར་མོར་རླངས་འཁོར་གྱི་ཁ་ལོ་སྒྱུར་ཁང་ཡོངས་དུ་བས་ཁྱབ་སོང་ལ། སྐྱ་ཆིལ་ཆིལ་གྱི་དུ་བ་དག་རིམ་བཞིན་ཁ་དབུགས་ཀྱི་ཁྲོད་མངོན་མེད་དུ་གྱུར། མདུན་ཕྱོགས་ནི་ཐལ་མདོག་ཕྱུར་བའི་མཐའ་མེད་ཀྱི་ས་གཞིའི་ཁྱོན་ཆེན་པོ་ཡིན། ད་ནི་ཉོབ་སྣང་གིས་བདག་གི་ལུས་ཡོངས་ཁྱབ་ཀྱིན་འདུག བཟོད་དཀའ་བའི་ཉོབ་མདངས་འདི་སེལ་ཆེད་ངས་ཧུབ་ཀྱིས་དུ་བ་བརྔུབས། དབུགས་ཐེངས་གཅིག་ལ་ཐ་མག་རྐང་གཅིག་ཙམ་འཐེན་ཟིན།ངས་ལག་གཡས་ཡང་བསྐྱར་ཁུག་མའི་ནང་བསྲིང་དུས། གློ་བུར་དུ་གནམ་ས་འི་མཚམས་ནས་གྲིབ་གཟུགས་ནག་རིལ་ཆུང་ཆུང་ཞིག་འགུལ་བཞིན་ཡོད་པའི་སྣང་བ་ཤར་བྱུང་། དེ་ནི་མི་ཞིག་ཡིན་ནམ་ཡང་ན་སྲོག་ཆགས་ཤིག་ཡིན་སྙམ་བཞིན། རླངས་འཁོར་གྱི་སྣུམ་སྒོ་ཅུང་གློད་ནས་གྲིབ་གཟུགས་ཀྱི་ཕྱོགས་སུ་མགྱོགས་པོར་བཏང་།བར་ཐག་ཉེ་རུ་འགྲོ་བ་དང་བསྟུན་ནས་གྲིབ་གཟུགས་ནག་རིལ་དེ་རིམ་བཞིན་ལྷང་ལ་བུད་བྱུང་། དོན་དུ་གྲིབ་རྐྱང་གཟུགས་རྐྱང་དེ་ནི་རྒྱབ་ཏུ་ཉལ་ཆས་འཁུར་བའི་མི་ཞིག་འདུག སྙིང་རུས་ཅན་གྱི་མི་འདི་འདྲ་ཡོད་དུས་ཁོ་ནི་གནས་མཇལ་བ་ཞིག་ཡིན་ངེས་སྙམ་ཞིང་། ཁོའི་ཕྱོགས་སུ་རླངས་འཁོར་མྱུར་མོར་་བཏང་། ཁོས་རླངས་འཁོར་དུང་བརྡ་འབུད་པ་ཐོས་མ་ཐག་འགྲོ་མཚམས་བཞག་ཅིང་སྔོན་གྱི་འདུག་གནས་དེ་ནས་ཁ་ཤར་ཕྱོགས་སུ་གཏད་ནས་ལངས་བྱུང་། ངས་ཁ་ལོ་སྒྱུར་ཁང་གི་ཤེལ་ཁྲ་ནས་ཕྱི་རུ་བལྟས་ཚེ།མཐའ་ཡས་པའི་གནམ་སའི་བར་ན་ཁོ་ནི་ཇི་ལྟ་བུའི་ཉམས་ཆུང་ཞིག་དང་ཅི་ལྟ་བུའི་སྐྱོ་སྣང་གི་ཁེངས་པའི་རོགས་མེད་ཅིག་རེད་ཨང་།གློ་བུར་དུ་ལས་བཟང་ཞིག་སྒྲུབ་རྒྱུའི་འདུན་པ་སྐྱེས་པས་མི་དེ་རླངས་འཁོར་དུ་འདུག་ཏུ་འཇུག་རྒྱུའི་སེམས་ཐག་བཅད། རླངས་འཁོར་ཁོ་དང་ཉེ་བར་བཅར་མ་ཐག་ཁོས་ལག་ཟུང་མཐོ་རུ་བཏེགས་ནས་གཡབ་མོ་བྱས་བྱུང་། མཚམས་དེར་ངས་ཁོ་རང་གསལ་པོར་མཐོང་ཐུབ་སྟེ། མགོ་ལ་སྐྲ་གཞུག་ནག་པོ་ཞིག་དཀྲིས་ཡོད་ཅིང་། ལུས་པོ་སྐམ་ཞིང་རིད་པ། སྐེད་པར་གྲི་རིང་ཞིག་འཛེར་འདུག དེ་མུར་རླངས་འཁོར་མི་དེའི་འགྲམ་དུ་ཁ་བཀག་ནས་ལག་གཡུགས་བྱས་ཏེ་རླངས་འཁོར་སྟེང་དུ་འཛེགས་དགོས་པའི་བརྡ་བསྟན། ཁོས་ཀྱང་རླངས་འཁོར་གྱི་སྒོ་ཕྱེས་ཤིང་།མགྱོགས་མྱུར་ངང་ནག་དྲེགས་ཆགས་པའི་ཉལ་ཐུལ་དང་ནག་ཐིང་ཐིང་གི་ཧ་ཡང་ཁོག་ལྡིར་ཁ་སྟན་གྱི་སྟེང་དུ་བཞག་ནས། ཁོ་ཡང་དེ་དག་མཉམ་དུ་འཚང་ཁ་རྒྱག་བཞིན་བསྡད་བྱུང་།

 “དངོས་པོ་དག་སྟན་ནས་མར་ཕོབ”ངས་དེ་ལྟར་བཤད།

 ཁོས་ཉལ་ཐུལ་ཁ་སྟན་ལས་བླངས་ཏེ་རྐང་འོག་ཏུ་བཅུག་རྗེས། རྐང་པ་ནན་གྱིས་ཐེངས་ཁ་ཤས་རྡབ་བྱུང་། ཁོ་ནི་ངོ་གདོང་ནག་ཅིང་མཁུར་རུས་ཟུང་ཅུང་འབུར་བའི་ཁམས་པའི་ཕོ་རྒོད་ཅིག་རེད། ཁོའི་གདོང་སྟེང་དུ་རྔུལ་ཆུ་འགྲིམ་པའི་ཤུལ་དོད་ཡོད་ལ། རྐང་སྟེང་གི་ཀོ་ལྷམ་ནག་རྩི་ཡལ་ནས་སྐྱ་མདོག་དུ་མངོན་ཞིང་རྐང་རྩེར་ཁུང་བུ་ཞིག་ཀྱང་བརྡོལ་འདུག

 ངས་ཡང་བསྐྱར་རླངས་འཁོར་བཏང་ཞིང་། རླངས་འཁོར་མུ་མཐུད་དུ་ཐལ་རྡུལ་གྱིས་ནམ་མཁའ་བསྟིམས་པའི་བྱེ་ཐང་དུ་གང་མྱུར་གྱིས་མདུན་དུ་བསྐྱོད་ཀྱིན་ཡོད། ཁམས་པའི་མི་དེས་གཞུང་དྲངས་རྨོངས་བརྟུལ་གྱི་མིག་ཟུང་གཉིས་རླངས་འཁོར་གྱི་ཤེལ་ཁྲ་ནས་ཕྱི་རུ་གཡེང་ཞིང་། མིག་ཟུང་དུ་འཆར་ཡོང་བ་ནི་མཐའ་མི་མངོན་པའི་སྐྱ་ཐེར་གྱི་བྱེ་ཐང་དག་རེད། སྐབས་རེར་སྐྱེ་སྟོབས་ཀྱིས་ཕྱུག་པའི་ཚེར་ཕུང་རེ་མིག་མདུན་དུ་འཆར་ཚེ་ཁོའི་གདོང་ལས་ཤེས་ཚོར་དཀའ་བའི་འཛུམ་མདངས་རེ་མངོན་ཡོང་།

 “ཁམས་པའི་བུ། ཁྱོད་གནས་མཇལ་བ་ཞིག་ཨེ་ཡིན།”

 ཁམས་པ་བ་དེས་ཐེ་ཚོམ་གྱི་མིག་ཟུང་ངའི་གདོང་ལ་ཅེར་ཞིང་། མཆིལ་མ་ཁམ་གང་མིད་རྗེས། མིག་ཟུང་མཐའ་མི་མངོན་པའི་བྱེ་ཐང་གི་སྟེང་དུ་བསྒྱུར་སོང་།

 “ཁྱོད་གནས་མཇལ་བར་འགྲོ་མཁན་ཡིན་ནམ་ཚོང་རྒྱག་པར་འགྲོ་མཁན་ཡིན”ང་རང་ཁོང་ཁྲོ་ཅུང་སྐྱེས་བྱུང་བས་སྐད་ཅུང་མཐོ་པོས་དེ་ལྟར་བཤད།

 “གཉིས་ཀ་མ་ཡིན། ང་ས་དཀར་རྫོང་དུ་འགྲོ་མཁན་ཡིན།”

 ཁོས་ལན་དེ་ལྟར་བཏབ་པར་ང་རང་ཡིད་མགུ་བས་གདོང་ནས་འཛུམ་མདངས་ཕྱུང་བཞིན་། མུ་མཐུད་བཤད་པར་“དེས་ན་རང་རླངས་འཁོར་འདིར་བསྡད་པ་འགྲིག་འདུག ང་རང་མངའ་རིས་སུ་འགྲོ་མཁན་ཡིན་པས། ངས་ཁྱོད་དཔག་ཚད་ཅིག་ཙམ་བསྐྱལ་ཐུབ།”ཁམས་པ་བས་དཀའ་དྲིན་ཆེ་ཞུ་བཞིན་གདོང་ལ་འཛུམ་གྱིས་ཁེངས་བྱུང་། སྐབས་དེར་རླངས་འཁོར་ནང་ཡོད་ཚད་འཆམ་མཐུན་གྱི་ཁ་དབུགས་ཤིག་གིས་ཡོངས་སུ་བསྟིམས་ཡོད། ངས་ཡང་བསྐྱར་དུ་བ་ཞིག་མེར་སྒྲོན་ནས། ལུས་སེམས་ཡོངས་དལ་ལྷོད་ངང་རྔུབ་པས། ཉོབ་མདངས་ནི་ང་དང་རྒྱང་གིས་བཀྱེད་ཟིན་པའི་སྣང་བ་ཞིག་ཐོལ་གྱིས་ཤར་བྱུང་།

 “རང་ས་དཀར་རྫོང་དུ་ཅི་ཞིག་བྱ་རུ་འགྲོ་བརྩིས་ཡོད།”ངས་ཡིད་དོགས་ཀྱི་མིག་ཟུང་ཁོ་ལ་ཅེར་ནས་དེ་ལྟར་དྲིས།

 “མི་གསོད་དུ་འགྲོ་བ་ཡིན།” ཁམས་པ་བའི་སྐད་ཆས་ང་རང་ངོ་མ་འཇིགས་སྣང་ཞིག་སྐྱེས་སུ་བཅུག་བྱུང་། ངས་རིག་པ་གཅིག་ཏུ་སྒྲིམ་སྟེ་བློ་བག་ཡངས་མོས་འཛུམ་ཞིག་སྟོན་བཞིན“ཁྱོད་ནི་དེ་འདྲའི་བསྟན་ཤིག་ཚ་བ་ལ། ཁྱོད་ཀྱི་བཟོ་ལྟ་ཁོ་ནར་ཡང་མི་གསོད་མཁན་ཞིག་དང་འདྲ་བོ་མི་འདུག ང་ཡིད་ཆེས་གཏན་ནས་མེད།”

 ཁམས་པ་བས་གདོང་སྟེང་དུ་ཟགས་ཡོང་བའི་སྐྲ་ཡི་ཉག་མ་དག་ལག་གིས་རྒྱབ་ཏུ་འདེད་བཞིན། མིག་ཟུང་ཐད་ཀར་མདུན་དུ་ཅེར་ནས“ཁྱོད་ཡིད་ཆེས་མེད་ན་ངར་ཐབས་ཤེས་མི་འདུག”ཁོས་དཀའ་ཁག་གི་ཉམས་དང་བཅས་ཡང་བསྐྱར་མཆིལ་མ་ཁ་ཤས་མིད་སོང་། སྐབས་དེར་ངས་ཁོའི་ཁ་སྐམ་ནས་གས་ཡོད་པ་ཤེས་བྱུང་། ཁོས་ཡང་བསྐྱར་ཁ་གསབ་བྱས་པ་འདི་ལྟར་སྟེ་“ལོ་བཅུ་དྲུག་གི་སྔོན་དུ་ཁོས་ངའི་ཨ་ཕ་བསད་ནས་ད་བར་ཕྱི་རུ་བྲོས་བྱོལ་དུ་ཕྱིན་སོང་། ལོ་ངོ་སུམ་ཅུའི་རིང་བོད་ཡུལ་གྱི་ས་ཆ་ཡོངས་རྫོགས་བསྐོར་ནས་ཁོ་བསྩལ་ཡང་ད་བར་ངའི་རྒྱུག་འདུར་བྱས་པ་ཐམས་ཅད་བེད་མེད་དུ་ཕྱིན་སོང་།”

 ངས་ཁམས་པ་བར་ཟུར་མིག་ཅིག་བལྟ་དུས་སྐྱོ་སྣང་ཞིག་དབང་མེད་དུ་ཕྱུར་ཡོང་། ངའི་སེམས་སུ་དགྲ་ཤ་ལེན་མཁན་གྱི་མི་ནི་སྟོབས་དང་ལྡན་པ་ཞིག་ཡིན་དགོས་སྟེ། ལུས་སུ་གྱོན་པ་ནག་པོ་ཞིག་གོན་ཞིང་། གདོང་ལ་མིག་ཤེལ་ནག་པོ་ཞིག་གྱོན་ལ་སྐེད་པར་མེ་མདའ་ཐོག་པ་ཞིག་ཡིན་རྒྱུ་རེད་སྙམ། འོན་ཀྱང་། ངའི་མིག་མདུན་གྱི་མི་འདི་ནི་གཏམ་དང་འཛུམ་ཆུང་དཀོན་པའི་གདོང་དང་ཐོམ་ཉམས་དོད་པའི་མིག་མདངས། ད་དུང་སྐེད་པར་ཡུ་བ་དངུལ་ལས་བྱས་པའི་གྲི་རིང་ཞིག་བཏགས་ཡོད་པས་།གང་ནས་བལྟས་ཀྱང་མི་ལ་ཞེད་སྣང་སྐྱེས་སུ་བཅུག་ཐུབ་པའི་ལག་དམར་བའི་ཁྱད་རྟགས་ཤིག་ཅི་ནས་ཀྱང་མཐོང་ཐབས་བྲལ། ང་ངོ་མ་སེམས་ཕམ་སྐྱེས་བྱུང་། ངས་ཁ་ཕྱིར་བསྒྱུར་ནས་མཐའ་མི་མངོན་པའི་གནམ་སའི་མཚམས་ལ་ཅེར། རེ་ཞིག་ཁ་ལོ་སྒྱུར་ཁང་གི་ནང་དུ་སྒུལ་བྱེད་འཕྲུལ་འཁོར་གྱི་སྐད་སྒྲས་གཉིད་འགུགས་པའི་སྒྲ་ཁོ་ན་ལས་གཞན་ཅི་ཡང་མི་ཐོས་།

 “ག་དུས་ས་དཀར་རྫོང་དུ་སླེབས་ཀྱི་རེད།”ཁམས་པ་པས་མདུན་ཕྱོགས་སུ་བལྟས་ནས་དེ་ལྟར་དྲིས།

 ངས་རྒྱ་ཁྲ་ནས་ཐ་མག་གི་ཕྲུག་ལྷག་ཕྱི་རུ་གཡུགས་རྗེས་ཉབ་བེ་ཉོབ་བེའི་ངང་“ས་མ་རུབ་གོང་ན་སླེབས་ཀྱི་རེད། ཁྱོད་མི་གསོད་རྒྱུར་བྲེད་ཤ་ལངས་པ་ཨེ་རེད།”ཅེས་དྲིས།

 ཁམས་པ་བས་མིག་འབུར་ཚུགས་ཀྱིས་བདག་ལ་ཅེར་ཞིང་། མིག་མདངས་ལས་མཐོང་ཆུང་གི་ཉམས་ཞིག་ལས་གཞན་ཟུར་ཟའི་ཆ་ཡང་འདྲེས་འདུག རེ་ཞིག་བདག་གི་ལུས་ཡོངས་བདེ་སྣང་གིས་དབེན་ཞིང་ལག་མཐིལ་དུ་རྔུལ་ཆུ་ཡང་འབབ་ཡོང་། ཁམས་པ་བས་

 “བདག་གིས་ལོ་བཅུ་སྒུག་ཐུབ་པར་ཉིན་ཕྱེད་ཐུང་ཐུང་ཞིག་སྒུག་མི་ཐུབ་པ་གང་ཡོད།”

 ངས་ཁོར་ལན་མ་བྱིན་པར་མིག་ཟུང་མདུན་ཕྱོགས་སུ་བསྒྱུར།

 ཅུང་ཙམ་འགོར་རྗེས། ནུབ་ཕྱོགས་ཀྱི་གནམ་སའི་མཚམས་ནས་བར་མི་ཆད་བར་སྦྲེལ་བའི་རི་ཚོགས་ཀྱི་སྐྱ་རིས་ཕབ་བྱུང་། རླངས་འཁོར་གྱི་ཕྱི་ནུར་ཤེལ་སྒོ་ལས་དམར་ཆིལ་ཆིལ་གྱི་ཉི་མའི་གཟུགས་བརྙན་མངོན་བྱུང་། ཉི་མ་དལ་བུའི་ངང་ནུབ་ཕྱོགས་སུ་བཞུད་ཀྱིན་འདུག

 ངའི་འགྲམ་གྱི་ཁམས་པ་བ་ནི་ཧོན་ཐོར་བའི་བཟོ་དང་བཅས་མདུན་ཕྱོགས་སུ་ཅེར་འདུག ཁོའི་ཁུ་སིམ་དང་། ལྷིང་འཇགས། མཁྲེགས་བཟུང་བཅས་ཀྱིས་ང་རང་འཇིགས་སྣང་སྐྱེས་སུ་བཅུག་བྱུང་། ངས་ཛ་དྲགས་ཀྱི་ཁ་དབུགས་འདི་ཞི་འཇགས་སུ་གཏོང་ཆེད། “ས་དཀར་དུ་སླེབས་ལ་ཉེ། རི་སུལ་གྱི་ལམ་བུ་དེ་བརྒྱུད་ནས་ཕྱིན་ན་སླེབས་ཀྱི་རེད།”ཅེས་བཤད།

 “ཨེའེ”རླངས་འཁོར་གྱི་ལྡིར་སྒྲས་ཁམས་པ་བའི་སྐད་སྒྲ་ཡོངས་འགེམས་པར་བྱས།

 རླངས་འཁོར་ནུབ་ཕྱོགས་ནས་མངོན་ཡོང་བའི་རི་བོའི་ཕྱོགས་སུ་མྱུར་སྟབས་ཀྱིས་བསྐྱོད་ཀྱིན་ཡོད། རི་སུལ་དུ་སླེབས་རྗེས་ཀྱག་ཀྱོག་གི་ལམ་བུ་བརྒྱུད་ནས་མུ་མཐུད་མདུན་དུ་བསྐྱོད།

 “འབབ་ཚུགས་སུ་སླེབས་སོང་།”ངའི་སེམས་སུ་རྡོག་མཁྲིས་ཆེན་པོ་ཞིག་ཕྲག་སྟེང་ནས་ཕབ་པ་ལྟར་དེ་ལྟར་བཤད། སྐབས་དེར་ས་རུབ་ལ་ཉེ་བས། རྒྱང་རིང་གི་མདུན་ལྗོངས་དག་རིམ་བཞིན་རབ་རིབ་ནས་རབ་རིབ་ཏུ་འགྱུར་འགྲོ་ལ་དེ་དང་ཆབ་ཅིག་རླུང་འཁྱགས་ཅིག་ཀྱང་འུར་འུར་གྱིས་ལྡང་འོང་། ཁམས་པ་བས་ཁོབ་ཉམས་དང་བཅས་རླངས་འཁོར་གྱི་སྒོ་ཕྱེས་མ་ཐག་གྲང་རླུང་ལྡོམ་པོ་ཞིག་འུར་གྱིས་ལྡང་བྱུང་བས། ང་གཉིས་ཀྱི་ལུས་ཡོངས་རང་དབང་མེད་པར་གྲང་འདར་བརྒྱབ་བྱུང་། ཁོས་འཁོར་སྒམ་ནས་ཉལ་ཐུལ་དང་ཧ་ཡཱང་ཁོག་ལྡིར་བླངས་རྗེས་རྒྱབ་ཏུ་འཁུར་ནས་ངས་སྟོན་པའི་ལམ་གྱི་ཕྱོགས་སུ་ཐད་ཀར་ཕྱིན་སོང་། ཡུན་རིང་མ་འགོར་བར་ཁོ་མུན་ནག་གི་ཁྲོད་ནས་མངོན་མེད་དུ་གྱུར་བ་དང་བསྟུན་ནས་མིག་ལམ་ནས་ཡལ་སོང་།

 བྱེ་རྡུལ་ནི་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཤུགས་ཀྱིས་འཁུར་འོང་བས། རླངས་འཁོར་གྱི་རྒྱ་ཁྲས་སྐྱོ་ཉམས་དང་བཅས་ཚག་ཚག་གི་སྡུག་སྐད་དབང་མེད་དུ་འབྱིན་འོང་ལ། རླངས་འཁོར་གྱི་རྒྱབ་ཁེབས་ཀྱང་རླུང་བུའི་ཁྲོད་དུ་ལྷབ་སྒྲ་བར་མེད་དུ་སྒྲོགས་འོང་། གནས་འདིའི་བྱེ་རླུང་ནི་དེ་འདྲའི་འཇིགས་སྐྲག་སྐྱེས་དགོས་པ་ཞིག་རེད་ཨང་། ངས་རླངས་འཁོར་གྱི་དུང་སྒྲ་ཐེངས་ཁ་ཤས་འབུད་ཀྱང་། སྐད་སྒྲ་དག་རླུང་གིས་ལྷག་མེད་དུ་འཁྱེར་ཟིན། དུང་སྒྲ་འབུད་པ་ནི་ཁོར་བློ་སྤོབས་སྐྱེས་སུ་བཅུག་པ་ཡིན་སྲིད་ལ་ཁོ་དང་གྱེས་ཕྱག་འབུལ་བ་ཡང་ཡིན་འདོད།

 རླངས་འཁོར་མུ་མཐུད་མུན་སྟུག་གི་མཚན་ལྗོངས་ཁྲོད་མངའ་རིས་ཀྱི་ཕྱོགས་སུ་བསྐྱོད་ཀྱིན་ཡོད། འོད་མདངས་བཀྲ་བའི་གློག་འོད་ནི་མཐའ་མི་མངོན་པའི་གནམ་སའི་བར་ན་ཇི་ལྟ་བུའི་སྐྱོ་ཉམས་དང་ཁེར་རྐྱང་དུ་སྣང་།

 ང་རང་སེང་གེ་ཁ་བབས་ལ་ཉིན་བཞི་འགོར་འགྱང་བྱུང་སོང་། ཕྱིར་ཡོང་དུས་རླངས་འཁོར་སྟོང་རྐྱང་ཡིན། ལམ་བར་དུ་ངས་ཁམས་པ་བ་ཡང་དུ་དྲན་ཞིང་། ཁོས་དགྲ་ཤ་ལེན་ཐུབ་ཡོད་མིན་ཡང་མནོ་བསམ་ལན་མང་བཏང་ལ་མཇུག་འབྲས་མང་པོ་ཞིག་ཀྱང་བསམ་ཚོད་སྐོར་བ་ཡིན། དེ་ལྟར་རླངས་འཁོར་ས་དཀར་དུ་འགྲོ་སའི་ལམ་གྱི་གཞི་མདོ་རུ་ཐོན་དུས། ངས་རང་ཉིད་ཀྱི་བློ་ཡུལ་ལས་འགོངས་པའི་ཐག་གཅོད་ཅིག་བྱས་སྟེ་ཨུ་ཚུགས་ཀྱིས་རླངས་འཁོར་ས་དཀར་གྲོང་ཚོའི་ཕྱོགས་སུ་ཁ་བསྒྱུར་བ་ཡིན།

 ཉིན་དགུང་གི་ཉི་མ་ནི་ཅི་འདྲའི་ཚ་བ་ཆེ་བ་ཞིག་སྟེ། ཉི་འོད་ཀྱིས་ལམ་ཡོངས་མདོག་མེད་སྐྱ་ཐེར་ཅན་དུ་བཏང་འདུག

 རླངས་འཁོར་ནི་གཙང་པོའི་བཞུར་རྒྱུན་དང་ལྡོག་ནས་ཤུགས་ཀྱིས་བགྲོད་ཀྱིན་ཡོད། གཙང་ཆུ་གྲམ་རྡོར་བརྡབ་ནས་ཐོར་བའི་ཆུ་ཡི་ཟེགས་མ་དག་དང་ཆལ་ཆིལ་ཀྱི་གཙང་ཆུའི་བཞུར་སྒྲ་དག་གིས་བདག་གི་སེམས་ལ་སྐྱིད་སྣང་ཞིག་དབང་མེད་དུ་སྦྱིན་ཡོངས། ལམ་བར་གྱི་རི་ཚོགས་དག་ཏུ་ཚེར་ཕུང་ཐར་ཐོར་རེ་ལས་རྩི་ཤིང་གཞན་གང་ཡང་སྐྱེས་མེད། སྐབས་འགར་ཚེར་ཕུང་དག་གི་འདབས་ནས་ལུག་རེ་གཉིས་རེ་མཐོང་ཡོང་། གནས་འདི་ནི་ངོ་མ་ལུང་སྟོང་ཞིག་རེད་ཨང་།

 ཅུང་དམའ་བའི་དམངས་ཁྱིམ་དག་མིག་ལམ་དུ་མངོན་ཡོང་། ཐལ་མདོག་ཕྱུར་བའི་ཁང་ཁྱིམ་དག་ནི་གསོན་ཉམས་ཀྱིས་དབུལ་ཡང་གནའ་ཉམས་ཀྱིས་ཕྱུག་ཅིང་རིང་པོ་མིན་པའི་ཁྲོམ་ལམ་ཞིག་མཁར་གྲོང་ཡོངས་བརྒྱུད་འདུག ངས་རླངས་འཁོར་མཁར་གྲོང་གི་འགྲུལ་ཁང་ཞིག་གི་འགྲམ་དུ་ཁ་བཀགས།

 གུང་ཟས་ཇ་ཁང་ཞིག་ནས་ཟོས་ཤིང་། ཇ་ཁང་དེ་ནི་ཧ་ཅང་སྟབས་བདེ་ཅིག་སྟེ། ཤིང་གི་སྒྲོག་རྩེ་ཁ་ཤས་ཤིག་དང་། རགས་བཟོ་བྱས་པའི་ཤིང་གི་རྐུབ་བཏེགས་ཆུང་ཆུང་ཁ་ཤས་ཤིག་ལས་མེད་ཅིང་། ས་ངོས་ནི་འབར་འབུར་གྱིས་ཁེངས་པའི་ཞལ་བ་ཁོད་མི་སྙོམས་པ་ཞིག་རེད། ངས་ཇ་དངར་མོ་ཚ་དེམ་གང་དང་། མོག་མོག་བཅོ་ལྔ་ཟས་པས། གྲོད་ཁོག་རྒྱགས་ནས་ལྡིར་ལྡིར་དུ་བཏང་། གྲོད་ཁོག་རྒྱགས་རྗེས་ངས་ལག་དམར་བ་དྲན་ཡོང་ལ་དེ་དང་བསྟུན་ལུས་སེམས་ཡོངས་འཚུབ་ཆ་ལངས་ཡོང་།

 “ཨེའེ། བུ་མོ།”

 “ཁྱེད་རང་ད་རུང་ཅི་ཞིག་ཟ་རྩིས་ཡོད།”བུ་མོས་མཚར་སྣང་གི་ཉམས་དང་བཅས་དེ་ལྟར་དྲིས། ཁོ་མོའི་སེམས་ལ་ངས་ད་དུང་ཅི་ཞིག་མངག་རྩིས་ཡོད་སྙམ་པ་འདྲ།

 “ང་མི་ཞིག་རྩད་གཅོད་བྱེད་འདོད།”

 “མི་དེ་སུ་རེད།”ཁོ་མོའི་གདོང་ལ་འཛུམ་མདངས་ཕྱུང་བཞིན་དེ་ལྟར་དྲིས།

 “ཉིན་ཤས་སྔོན་འདིར་སླེབས་པའི་ཁམས་པ་བ་དེ་རེད།”

 “ལུས་སྐམ་ཞིང་རིད་པ་དེ་ཨེ་རེད། ཐོག་མར་ངས་ཁོ་ནི་ཟས་སློང་མཁན་ཞིག་རེད་སྙམ་བྱུང་།”

 “ཁོས་རྙོག་དྲ་བསླང་མ་སོང་ངམ།”

 “མ་སོང་། ཁོ་ནི་མ་བཀྲ་འཚོལ་མཁན་རེད་འདུག ”

 “ཁོས་རྙེད་སོང་ངམ།”

 “རྙེད་སོང།”

 ངའི་སེམས་ལ་འཇིགས་སྐྲག་གིས་ཁེངས་ཤིང་། ཀླད་པའི་ནང་དུ་མངོན་པ་ནི་ཁམས་པ་བས་གྲི་རིང་ཞིག་མ་བཀྲའི་བྲང་ཁར་བསྣུན་ཞིང་། མ་བཀྲའི་ཚི་ལེན་དཀར་པོ་ཁྲག་དམར་ཆིལ་ཆིལ་གིས་ཟིན་པ་ནི་ཁོའི་བྲང་ཁར་རྒྱ་སེའི་མེ་ཏོག་ཅིག་བཞད་པ་དང་ཀུན་ནས་མཚུངས།

 “ཡ། ད་ངས་ཁྱོད་ལ་བཤོད།”བུ་མོ་འདི་སྐད་ཆ་ཆབ་ཆོབ་ལབ་རྒྱུར་དགའ་བ་ཞིག་རེད། དེ་ཡང་ཁག་མེད་དེ་།ཇ་ཁང་དུ་ང་གཉིས་ལས་གཞན་སུའང་མེད།

 “ཉིན་དེར། ཉི་མ་ཤར་ནས་ཡུན་རིང་འགོར་དུས། མཁར་གྲོང་གི་འགྲོ་ལམ་སྟེང་གློ་བུར་དུ་ངོ་མི་ཤེས་པའི་ཁམས་པའི་མི་ཞིག་མངོན་ཞིང་། ཁོས་རྒྱབ་ལ་མལ་ཐུལ་འཁུར་ནས་ཚ་ཟེར་གྱི་ཉི་འོད་འོག་གང་སར་མྱུལ་བཞིན་འདུག

 ང་ཚོའི་རྫོང་མཁར་གཞི་ཁྱོན་ཆེན་པོ་མེད་པས་མིག་གིས་བལྟས་པ་ཙམ་གྱིས་མཐའ་མཐོང་ཐུབ། ཁང་པ་དག་ནི་ལམ་གྱི་གཞོག་གཉིས་སུ་ཐར་ཐོར་དུ་གནས་ཤིང་། ལམ་སྟེང་ཕར་ཚུར་བགྲོད་མཁན་གྱི་མི་ནི་ཉུང་ཉུང་ལས་མེད། ཁོ་ཕལ་ཆེར་དཀའ་ལས་ཁག་ཡོད་པ་འདྲ་སྟེ། ཁོའི་ཁྲག་མདོག་ཕྱུར་བའི་མིག་ཟུང་ལས་ཀྱང་མཐོང་ཐུབ། ཁམས་པ་བ་མདུན་དུ་ཡོང་ཞིང་ཚོང་ཁྲོམ་གྱི་སྒེའུ་ཁུང་འགྲམ་དུ་བསྡད་སོང་། ཁོའི་མིག་མདངས་ངའི་ཕྱོགས་སུ་འཕང་བྱུང་ལ་ངས་ཀྱང་ཁོའི་སེར་ཁ་གས་པའི་མཆུ་ཏོ་དང་ཧྲལ་ཧྲུལ་གྱི་གྱོན་པ་དག་མཐོང་བྱུང་། ཁོའི་སྐེད་པར་ཐོག་པའི་གྲི་དེ་ནི་ཇི་འདྲའི་མཛེས་པ་ཞིག་རེད་ཨང་།

 ངས་ཆུ་འཁོལ་ཚ་དེམ་གང་པང་དུ་བཏབ་ཅིང་སྒྲོག་ཙེ་གཉིས་ཀྱི་བར་ཐག་ཡོད་ས་ནས་ཁོར་ཞིབ་ལྟ་བྱས།

 ‘འདིར་མ་བཀྲ་ཞེས་པའི་མི་ཞིག་ཨེ་ཡོད།’ཁོས་དེ་ལྟར་དྲིས་བྱུང་།

 ད་ངས་ཤེས་སོང་། ཁོ་ནི་མི་འཚོལ་མཁན་ཞིག་རེད་འདུག དེ་སྔོན་ཁོ་ནི་ཟས་སློང་མཁན་ཞིག་ཡིན་སྙམ་པའི་ནོར་འཁྲུལ་གྱི་བསམ་ཚུལ་དེར་ད་གཟོད་ཡོ་བསྲང་བྱ་ཐུབ་སོང་།་

 ངས་སྒྲོག་ཙེ་དང་རྐུབ་བཏེགས་ཀྱིས་བཅད་པའི་བར་ཐག་བརྒལ་རྗེས། ཚ་དེམ་གྱི་ཁ་གཅོད་ཕྱེས་ནས་འོ་དྲི་ཐུལ་བའི་ཇ་དེ་ཤེལ་ཕོར་ནང་དུ་ལྡུག་ནས་ཁེངས་བར་བྱས།

 མཁར་གྲོང་ནུབ་མགོའི་ཚོང་ཁང་ཆུང་ཆུང་གཉེར་མཁན་དེ་ནི་མ་བཀྲ་ཚང་རེད།’ངས་དེ་ལྟར་ལན་བཏབ།

 ‘ཁོའི་ཕ་ཡུལ་གོང་ཇོ་ནས་ཨེ་རེད། ཕལ་ཆེར་ལོ་ལྔ་ཅུ་ཙམ་ལ་ཐོན་ཡོད།’ངས་འཛུམ་ཆུང་དགོད་བཞིན་‘ཁྱོད་གཉེན་ཕྲད་དུ་ཡོང་བ་ཨེ་ཡིན’ཁམས་པ་བས་ཡང་བསྐྱར་བྲེལ་འཚུབ་ངང་འདི་ལྟར་དྲིས་བྱུང་སྟེ།‘གོང་ཇོ་ནས་ཨེ་རེད།’

 ངས‘གོང་ཇོ་ནས་ཡིན་མིན་མི་ཤེས་ཀྱང་། ཁོ་ཕལ་ཆེར་ལོ་ལྔ་ཅུ་ལ་ཐོན་ཞིང་། ཡུལ་འདིར་ཚོང་ལས་གཉེར་ནས་ལོ་གཉིས་ཙམ་ཕྱིན་སོང་། ཁོས་རྟག་ཏུ་དགོན་པར་མཇལ་སྐོར་འགྲོ་ཞིང་། དཀོན་མཆོག་ལ་རྩེ་གཅིག་ཏུ་དད་པས། ང་ཚོའི་མཁར་རྫོང་གི་མི་ཚང་མས་ཁོ་ངོ་ཤེས་ཀྱིན་ཡོད།’ ཅེས་ལན་བཏབ།

 ཁམས་པ་བས་དེ་མུར་དབུགས་རྔུབ་གཏོང་ཇེ་མགྱོགས་སུ་བཏང་ཞིང་གདོང་ལ་དམར་མདངས་རྒྱས་འདུག

 ‘རང་གཉེན་ཉེ་རྙེད་པས་དགའ་བ་ཨེ་རེད།’ང་ཁོའི་མདུན་དུ་འགྲེང་ནས་དེ་ལྟར་དྲིས། གློ་བུར་དུ་ཁམས་པ་བའི་མིག་ཟུང་ནས་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་བྱུང་།

 ‘ད་གཞི་ནས་རྙེད་སོང་།’ཁོས་དེ་ལྟར་བཤད། ངས་ཁམས་པ་བ་དེ་སྤྲོ་སྣང་གིས་བརྟས་ཡོད་པ་མཐོང་བས། མཚར་སྣང་གི་ཉམས་དང་བཅས་སྒྲོག་ཙེ་གཅིག་གིས་བར་ཆོད་ཡོད་ས་ནས་ཁོའི་ཐད་དུ་བསྡད། ད་ནི་ཤེལ་ཕོར་ནང་གི་ཇ་མངར་མོ་ལས་རླངས་པ་ཐུལ་གྱིན་མི་འདུག

 སྐབས་དེར་ཁམས་པ་བ་ལྷོད་འཇགས་སུ་གྱུར་ཞིང་། ཁོས་གདོང་གི་མིག་ཆུ་ཕྱིས་རྗེས་ཕྱི་རོལ་གྱི་ལམ་བུར་ཅེར། ཁྲོམ་ལམ་དུ་མི་ཐར་ཐོར་རེ་ལས་མེད་ཅིང་། ཁོ་ཚོའི་གོམས་སྟབས་དང་རྣམ་འགྱུར་ལས་ཀྱང་མཁར་གྲོང་ཆུང་ཆུང་འདིའི་སོས་དལ་དང་ལྷིང་འཇགས་དཔོགས་ཐུབ།

 ཁོ་ཁ་ཕྱིར་འཁོར་དུས་ང་ད་དུང་ཁོར་ཅེར་ཡོད་པ་མཐོང་མ་ཐག་ཇ་ཕོར་བཀྱགས་ནས་ཇ་དག་དབུགས་ཐེངས་གཅིག་གིས་བཏུང་སོང་།

 ‘རང་ཁམས་པ་བ་མང་པོ་ཞིག་དང་འདྲ་བོ་མི་འདུག’ངས་དེ་ལྟར་བཤད། ཁོས་རེངས་པོར་གྱུར་བའི་གདོང་གཉེར་ཙམ་བྱས་རྗེས། ཇ་ཕོར་མཐོ་རུ་བཀྱགས་ནས་ནང་དུ་ལྷག་ཡོད་པའི་ཇ་ཐིག་ཁ་ཤས་ལྕེ་སྟེང་དུ་ཟགས་པར་བྱས།

 ངས་ཡང་བསྐྱར་ཇ་ཕོར་བ་གང་ལྡུག་པ་ཡིན།

 ‘བོད་ཐུག་ཨེ་ཡོད།’ཁམས་པ་བས་དེ་ལྟར་དྲིས་བྱུང་།

 ‘ཡོད།’

 ‘བྱས་ན་ངར་ཕོར་བ་གང་དགོས།’

 ངས་སྒོ་ཡོལ་ཕྱེས་ནས་ཐབ་ཁང་དུ་ཕྱིན།

 ‘བོད་ཐུག་སླེབས་ཡོད།’

 དཀར་ཡོལ་ནང་གི་ཐུག་པ་སྦོམ་པོ་དག་རུས་ཐང་གི་ནང་ནས་སྣུམ་ཚིལ་ཚིལ་དུ་སྣང་ཞིང་། སྟེང་ལ་སུར་པན་དམར་པོ་ཐུར་མ་གང་གཏོར་ཡོད་པ་མཐོང་དུས། ཁམས་པ་བ་ཟ་འདོད་ལངས་ནས་མཆིལ་མ་ཡང་ཡང་དུ་མིད་སོང་། ཁོས་སེར་རོག་རོག་གི་ལྕེ་ལེབ་ཀྱིས་ཕོར་བར་རེག་ཙམ་བྱས། ཕོར་བའི་ངོས་སུ་ཁ་ཆུ་ཟགས་ཡོད་པ་མཐོང་བས། ང་རང་སྐྱུག་མེར་བྲོ་བ་ཞིག་བྱུང་། ཅུང་ཙམ་ཡང་མ་འགོར་བར་ཁོས་བོད་ཐུག་ཕོར་བ་གང་ཧུབ་ཀྱིས་བཏུང་ཚར་སོང་།

 ‘ངའི་ཉལ་ཐུལ་་ཅུང་ཙམ་ཞིག་གྱང་ཟུར་འདིར་བཞག་ན་འགྲིག་གམ།’ཁོས་ང་ལ་དེ་ལྟར་དྲིས།

 ངས་མགོ་བོ་གཡུག་གཡུག་བྱས་ནས་འགྲིག་པའི་ཚུལ་བསྟན་བཞིན་‘རང་གཉེན་ཉེ་བཙལ་ཟིན་རྗེས་ཕྱིར་ཉལ་ཆས་ལེན་པར་ཤོག’ངས་དེ་ལྟར་བཤད།

 ཁོ་ཐད་ཀར་ཕྱི་རུ་ཕྱིན་སོང་།

 ཁྱོས་བལྟོས་དང་ཁོས་ཉལ་ཐུལ་དང་ཁོག་ལྡིར་འདིར་བཞག་པ་ནས་བཟུང་ཕྱིར་སླེབས་མ་བྱུང། གལ་ཏེ་ཁོ་མཁར་གྲོང་འདིར་བསྡད་ཡོད་ཚེ་མཐོང་སྲིད་པས། ཕལ་ཆེར་ཁོ་ས་ཕྱོགས་གཞན་དུ་ཕྱིན་པ་འདྲ། ངོ་མ་རེད། ཉལ་ཐུལ་དང་ཁོག་ལྡིར་དག་ནི་ཁོའི་རེད། དེས་ན་ཁོ་ག་དུ་ཕྱིན་པ་ཡིན་ནམ།

 “མ་བཀྲ་ད་རུང་བསྡད་ཡོད་དམ།”

 “བསྡད་ཡོད། ཁོའི་མཁར་རྫོང་མདུན་ངོས་སུ་ཚོང་ཁང་ཆུང་ཆུང་ཞིག་གཉེར་བཞིན་ཡོད།”

 ངས་ལག་དམར་བ་མ་བཀྲས་བསད་པ་མིན་ནམ་སྙམ་ཞིང་། སེམས་ལ་བཀྲ་མི་ཤིས་པའི་སྔོན་ཚོར་ཞིག་གིས་ཁྱབ་ཡོངས། མི་ང་ནི་ཡ་མཚན་ཅན་ཞིག་རེད་ཨང་། སེམས་འཚུབ་མ་ཐག་ཁ་སྐོམ་པ་དང་། ཁ་སྐོམ་མ་ཐག་ཀླད་པའི་རྩ་ཡོངས་རྡོག་ནས་འགེད་ལ་ཉེ། ངའི་ཆུང་མས་རྟག་ཏུ་བདག་ལ་བོད་རིགས་ཀྱི་ཁ་རྒྱུན་ཞིག་གིས་སྐུལ་མ་གཏོང་བ་སྟེ། འཁྲུག་རྩོད་རྒྱག་སར་འཚང་ཁ་མ་རྒྱག སྣུམ་ནག་ཚོང་སར་འཚང་ཁ་རྒྱག་དགོས། ངོ་མ་གནས་ལུགས་ཡོད་པའི་སྐད་ཆ་ཞིག་རེད་ཨང་།

 “ཨ་རག་ཤེལ་དམ་གང་འཁྱེར་ཤོག”

 “ཨ་རག་ག་རེ་དགོས”བུ་མོས་དེ་ལྟར་དྲིས།

 “ལྷ་སའི་ཨ་རག”

 ཨ་རག་ཧུབ་ཀྱིས་ཐེངས་ཁ་ཤས་བཏུང་མ་ཐག་ཀླད་པའི་རྩ་རྡོག་པ་རྣམས་ཀྱང་ལྷོད་ཤིག་གེར་གྱུར་ཅིང། སེམས་སུ་ངེས་པར་དུ་ལག་དམར་བ་རྙེད་པར་བྱེད་དགོས་པའི་དམ་བཅའ་ཞིག་གིས་བརྟས་བྱུང་།

 “ངར་ཆང་ཞིག་བླུགས་དང་།”གློ་བུར་དུ་རྐང་པ་ཅུང་ཀྱོག་པའི་མི་ཞིག་ངའི་མདུན་དུ་མངོན་བྱུང་།

 “ལུག་སུས་བལྟ་རོགས་བྱས་བྱུང་།”བུ་མོས་དེ་ལྟར་དྲིས།

 “ལུག་དང་ཁྱོད་འབྲེལ་བ་མེད་། ལམ་སེང་ཆང་བླུགས་དང་།”ངས་གཞི་ནས་ཁོ་ནི་ལུག་རྫི་ཞིག་ཡིན་པ་ཤེས།

 ལུག་རྫིས་ངའི་གདོང་ལ་བལྟས་ནས་འཛུམ་ཆུང་ཞིག་བསྟན་བྱུང་བས། ངས་ཁོར་ཐ་མག་རྐང་གཅིག་སྟེར་ཞིང་།དེ་ནས་ང་གཉིས་ཕན་ཚུན་ལབ་གླེང་བྱས། ཁོས་ཀྱང་ཁམས་པ་བ་དེ་མཐོང་མྱོང་ཟེར།

 “དང་ཐོག་ངས་ཁོ་ནི་ཁམས་པ་ཞིག་ཡིན་པ་མ་ཤེས། ང་རང་ལུག་དེད་ནས་འགྲོ་དུས་གློ་བུར་དུ་གཅིན་སྦོས་པའི་ཚོར་སྣང་ཞིག་གིས་ཡོངས་སུ་གཅུམ་པས། ནོར་ལུག་དེད་མཚམས་བཞག་ནས་རི་སུལ་དུ་གཅིན་གཏོང་དུ་ཕྱིན། གཅིན་བཏང་ཚར་དུས་ལུས་ཡོངས་ཡང་སོབ་སོབ་ཀྱི་ཚོར་བ་ཞིག་གིས་ཁྱབ་པས་ད་གཟོད་གཞི་ནས་ཕྱོགས་བཞིར་བལྟ་བའི་འདུན་པ་ཞིག་ཀྱང་བྱུང་། སྐབས་དེར་བྲག་སྟེང་དུ་མི་ཞིག་རྔུར་བ་ཧུར་ཧུར་དུ་འཐེན་བཞིན་ཉལ་འདུག་པ་མཐོང་བྱུང་ཡང་། ཁོ་ནི་གནས་མཇལ་བ་ཞིག་པར་ཆ་བཞག་ནས་སྣང་འཇོག་མ་བྱས། ངས་ནོར་ལུག་འདེད་སྐབས་ཤུ་སྒྲ་འབྱིན་པ་དེས་གཉིད་ལས་དཀྲོགས་པ་ཡིན་ཤས་ཆེ། གང་ལྟར་ང་གཞུང་ལམ་སྟེང་སླེབས་དུས། ཁོ་གཉིད་ལས་སད་ཟིན་ནས་བྲག་སྟེང་དེར་འགྲེང་འདུག

 ཉི་མ་ཤར་རིའི་རྩེ་ནས་འཕགས་མ་ཐག སེར་ལམ་ལམ་གྱི་ཉི་འོད་ཅིག་མཁར་རྫོང་གི་གང་སར་འཕྲོས་པས་དྲོད་ལམ་ལམ་དུ་སྣང་། ཁམས་པ་བས་གླལ་སྒྱིང་ཞིག་བྱས་ནས་། ཡུན་རིང་ཞིག་ངར་བལྟས་ནས་བསྡད།

 ནོར་བཅུ་གྲངས་ཤིག་བག་གཡེང་ངང་གཞུང་ལམ་སྟེང་དལ་ལྷོད་མེད་པར་འགྲོ་བཞིན་འདུག ངས་དཔུང་པ་གཡས་པར་ལུག་བལ་དཀྲིས་ཤིང་ལག་གཡས་ཀྱིས་སྐོར་རུ་སྐོར་བཞིན་ཡིད་སེམས་བག་ཕེབས་ངང་དལ་གྱིས་མདུན་དུ་བསྐྱོད་བཞིན་ཡོད། གློ་བུར་དུ་ནོར་ཁ་ཤས་ཤིག་གཞུང་ལམ་གྱི་ཕྱི་རུ་ཕྱིན་སོང་བས། ངས་ཤུ་སྒྲ་འབྱིན་བཞིན་ས་སྟེང་ནས་རྡོ་རེ་བསྒྲུགས་ནས་ལམ་འགྲམ་གྱི་གཟར་ཐུར་སྟེང་འཛེགས་བཞིན་པའི་ནོར་དག་གི་ཕྱོགས་སུ་གཡུགས། ནོར་དེ་ཚོ་རེ་ཞིག་འཇིགས་ནས་འདུར་རྒྱུག་བྱེད་ལ་རྔམ་མ་གཡུག་བཞིན་ནོར་ཁྱུའི་གསེང་དུ་འདྲེས་སོང་། ཁམས་པ་དེས་ད་དུང་ངར་བལྟས་ནས་འདུག་ཕལ་ཆེར་ཁོའི་སེམས་ལ་དགའ་སྣང་ཞིག་གིས་ཁྱབ་ཡོད་པ་འདྲ། ཅུང་ཙམ་འགོར་རྗེས་ཁམས་པ་བས་ལག་ཏུ་ཆུ་ཧཱ་ཡང་གང་་འཁྱེར་ནས་གཞུང་ལམ་ལས་བབས་ཤིང་། གྲམ་ཐང་རྒྱུད་ནས་གཙང་པོའི་ཕྱོགས་སུ་ཕྱིན་སོང་། གཙང་བོ་དྲག་ཏུ་རྒྱུག་པའི་ཤག་ཤག་གི་བཞུར་སྒྲས་ཉེ་འཁོར་གྱི་འུར་སྒྲ་ཐམས་ཅད་འགེམས་པར་བྱས། ཁམས་པ་བས་ཚི་ལེན་ཕུད་ཅིང་། ཁོག་སྟོད་དམར་བརྗེན་ངང་ལག་ཟུང་གི་སྙིམ་པར་ཆུ་གཅུས་ནས་གདོང་དང་སྐེ་དག་བཀྲུས། ཁྲུས་ཚར་རྗེས་ཁོས་གཡས་གཡོན་དུ་ཐེངས་ཁ་ཤས་བལྟས་རྗེས། ད་གཟོད་གཞི་ནས་གཙང་འགྲམ་གྱི་ཅུང་ངོས་སྙོམས་པའི་རྡོ་ཞིག་བདམས་ཅིང་། ཁོག་ལྡིར་ནང་ཆུ་གང་བླངས་ནས་འཁྲིས་སུ་བཞག ད་ནི་ཁོས་གྲི་བརྡར་འགོ་བརྩམས་བྱུང་། ཁོས་གྲི་བརྡར་བཞིན་སྐབས་འགར་ཆུ་དག་རྡོའི་སྟེང་བླུགས་ནས་མུ་མཐུད་བརྡར། གྲི་བརྡར་བའི་ཧྲག་ཧྲག་གི་སྒྲ་ནི་སྔར་མུས་བཞིན་གཙང་ཆུའི་བཞུར་སྒྲས་འགེམས་པར་བྱས། གྲི་བརྡར་ཟིན་རྗེས་གྲི་རིང་ཤུབ་ཏུ་བཙུད་ནས་ཁོག་ལྡིར་ནང་ཆུ་གང་བླུགས་ཏེ་གཞུང་ལམ་སྟེང་འགོས་བྱུང་།

 “དེའི་རྗེས་སུ་གང་བྱས་སོང།”ངས་དེ་ལྟར་དྲིས།

 “དེའི་རྗེས་སུ། དེའི་རྗེས་སུ་ངས་ཁོ་མཐོང་མ་བྱུང་།“

 ལུག་རྫིས་སྐད་ཆ་དག་བཤད་ཚར་དུས། ངས་ཀྱང་ཨ་རག་ཤེལ་དམ་གསུམ་བཏུང་ཚར་སོང་།

 ཉིན་དགུང་གི་ཁྲོམ་ལམ་ནི་ཉི་མས་དབང་དུ་བཟུང་ཡོད་པས། མི་གཅིག་ཀྱང་འགྲོ་མཁན་མེད་པར་སྟོང་སང་སང་དུ་ལུས་འདུག

 ང་རང་ཆང་གིས་ཅུང་བཟི་ཡོད་པས། ཐད་ཀར་མཁར་རྫོང་ནུབ་མགོའི་མ་བཀྲའི་ཚོང་ཁང་ཆུང་ཆུང་དེར་སོང་བ་ཡིན། ཚོང་ཁང་དེ་ནི་ལམ་འགྲམ་དུ་གནས་ཤིང་། ས་ཆ་དེ་གའི་མི་ཞིག་ནས་ཁང་པ་གླས་ཏེ་ཚོང་ཁང་གཉེར་བ་ཞིག་རེད་འདུག་ལ་དེའི་འགྲམ་དུ་ཟི་ཁྲོན་མི་ཞིག་གིས་གཉེར་བཞིན་པའི་ཟ་ཁང་ཆུང་ཆུང་ཞིག་ཀྱང་འདུག

 ང་རང་ཚོང་ཁང་དེ་དང་ཇི་ལྟར་ཉེ་བར་བཅར་བ་ན་སེམས་པ་ནི་དེ་ལྟར་འཚབ་སྣང་གིས་ཁྱབ་ཡོང་། གདོང་ཡོངས་མེ་འབར་བ་ལྟར་ཚ་འུར་འུར་བྱ་ཞིང་། མགྲིན་པ་བརྣངས་ནས་དབུགས་ཀྱང་རྔུབ་ལེན་མི་ཐུབ་པ་ལྟ་བུར་གྱུར། སེམས་སུ་ད་ནི་ང་རང་ལག་དམར་བ་ཞིག་ཡིན། ཡང་ན་ལག་དམར་བའི་བརྒྱུད་མྱོང་བའི་ལམ་བུ་དག་ཏུ་ང་ཡང་བསྐྱོད་བཞིན་ཡོད་དམ་སྙམ། ང་རང་ཚོང་ཁང་གི་སྒེའུ་ཁུང་འགྲམ་དུ་སླེབས་དུས། ཚོང་སྒྲོམ་གྱི་གཡས་ན་ཕལ་ཆེར་ལོ་སུམ་ཅུ་ཙམ་ལ་ཐོན་ཡོད་པའི་བུ་མེད་ཅིག་ལངས་འདུག ཁོ་མོས་སྤྱིར་བཏང་གི་གྱོན་པ་ཞིག་གྱོན་ཡོད་ཅིང་། ངོ་མདོག་ནི་ཅུང་སྐྱ་ཐེར་ཅན་དུ་འདུག

 མོས་ང་མཐོང་མ་ཐག་གདོང་ནས་འཛུམ་མདངས་ཕྱུང་བཞིན་“རང་ཅ་ལག་ག་རེ་ཉོ་དགོས་”ཅེས་དྲིས །ངས་ཁོ་མོར་ཅུང་ཙམ་ཅེར་རྗེས། གཞི་ནས་སེམས་ལྷོད་དུ་ཕབ་སྟེ།“མ་བཀྲས་གཉེར་བའི་ཚོང་ཁང་འདི་ཨེ་རེད།”ཅེས་དྲིས། ངའི་སྐད་སྒྲ་ཡང་སོབ་སོབ་ཅན་ཞིག་ཏུ་གྱུར་སོང་།

 ཁོ་མོས་དེ་ལྟར་ཐོས་མ་ཐག་ཡར་ལངས་ནས་ཡ་མཚན་གི་ཉམས་དང་བཅས་ “རང་གིས་ངའི་བཟའ་ཟླ་ངོ་ཤེས་སམ།”ཞེས་དྲིས།

 “ངས་ངོ་མི་ཤེས།”ངས་དེ་ལྟར་བཤད།

 “ཡ་་་”མ་བཀྲའི་ཆུང་མས་དབུགས་རིང་ཞིག་མནར་བཞིན་མུ་མཐུད་དུ།“ཉིན་ཤས་སྔོན་མི་ཞིག་གིས་ཁོ་བཙལ་བར་སླེབས་སོང་བས། ཉིན་འདི་དག་གི་རིང་ལ་ཁོའི་བློ་སེམས་མི་བདེ་བའི་སྒང་རེད །”

 “ཁོ་ནང་ལ་བསྡད་ཨེ་ཡོད།”

 “ཁོ་དགོན་པར་མཆོད་མཇལ་དུ་ཕྱིན་སོང་། ཆུ་ཚོད་གཅིག་སོང་རྗེས་ཕལ་ཆེར་ལོག་ཡོང་། རང་སྔོན་ལ་གསོལ་ཇ་བཞེས་དང་།”

 ངས་ཚོང་ཁང་གི་རྒྱབ་ཕྱོགས་ཀྱི་སྒོ་ནས་ནང་ལ་འཛུལ། ཁྱིམ་དུ་ཤིང་གི་གདན་ཁྲི་གཉིས་ཡོད་ཅིང་དཀྱིལ་དུ་བོད་བཟོའི་སྒྲོག་ཙེ་ཆུང་ཆུང་ཞིག་བཞག་འདུག ཁྱིམ་དུ་དཀར་ཆ་དོད་པོ་དེ་ཙམ་ཞིག་མིན། གྱང་ཟུར་ན་ཤོག་སྒམ་མང་པོ་ཞིག་སྒྲིག་ཡོད་ལ། ཚོང་ཁྲི་ཆེན་པོ་ཞིག་གིས་རྒྱ་ཆེ་རྒྱུ་མེད་པའི་ཁང་པ་དེ་གཞོག་གཉིས་སུ་བགོས་ཅིང་། ཚོང་སྒྲོམ་གྱི་ཕྱི་ནི་ཚོང་ཁང་ཆུང་ཆུང་དང་། ནང་ནི་ཁྱིམ་མི་ཚོའི་སྡོད་ས་རེད།

 “སྐད་གདངས་ལ་བལྟས་ན། ཁྱོད་ཁམས་པའི་མི་ཞིག་མིན་པ་འདྲ།”

 “ཁམས་པ་བ་ཞིག་མིན། ང་ས་ཆ་འདི་གའི་མི་ཡིན།”

 “ཁ་སྔོན་ཁོ་འཚོལ་མཁན་གྱི་ཁམས་པ་དེ་ག་བ་ཕྱིན་སོང་།”

 “ཅུང་ཙམ་བསྡད་རྗེས། ཁོ་མོ་ངུ་བཞིན་དུ་ཕྱི་རུ་ཕྱིན་སོང་།”

 “ཁྱོད་ཅིའི་ཕྱིར་ངུ་བ་ཡིན།”ངས་དེ་ལྟར་དྲིས།

 མ་བཀྲའི་ཆུང་མས་ལན་མ་བཏབ་པར། ང་ལ“ཁྱོད་ཁམས་པ་བ་དེའི་གྲོགས་པོ་ཨེ་ཡིན”ཞེས་ལྡོག་འདྲི་བྱས།

 “མ་རེད། ངའི་མིང་ལ་ཚེ་རིང་ནོར་བུ་ཟེར་ཞིང། ས་དཀར་རྫོང་དུ་མ་སླེབས་བར་དུ་ང་གཉིས་རླངས་འཁོར་གཅིག་ནང་ཡོང་བ་ཡིན།”

 མ་བཀྲའི་ཆུང་མ་ང་ལ་ཇ་ལྡུག་པར་བྲེལ་བཞིན་འདུག ངའི་བྲེལ་འཚུབ་ཀྱི་སེམས་ཀྱང་རེ་ཞིག་ལྷོད་དུ་འབབ་ཡོང་།

 “ལོག་ཡོང་གི་ཡོད། ”དྭངས་ཤིང་གསལ་བའི་བྱིས་པའི་སྐད་སྒྲ་ཞིག་ཕྱི་ནས་གྲགས་ཡོང་། བདག་གིས་སྐད་སྒྲ་དེ་ཐོས་མ་ཐག་ལུས་ཡོངས་འཚུབ་ཆ་ལངས་ཤིང་དབུགས་ཀྱང་རྔུབ་ལེན་དཀའ་བར་གྱུར། ཕལ་ཆེར་ལོ་བཞི་ཙམ་ལོན་པའི་བུ་ཆུང་ཞིག་ངའི་མདུན་དུ་འགྲེང་ཡོད་ཅིང། ཁོས་ཡ་མཚན་གྱི་ཉམས་དང་བཅས་བདག་ལ་ཅེར་ནས་འདུག ཅུང་ཙམ་འགོར་རྗེས་ཁོས་ཁ་ཕྱིར་བསྐོར་ནས་ཨ་མའི་པང་པར་འཁྱུད་སོང་། མ་བཀྲའི་ཆུང་མས།“ཁོ་རང་ཁྱོད་ཀྱི་་ཨ་ཕ་འཚོལ་བར་ཡོང་བ་རེད། རང་གི་ཨ་ཕ་གང་དུ་ཡོད།”བུ་ཆུང་དེས་འཚེར་སྣང་ངང“རྗེས་ནས་ཡོང་གིན་ཡོད།”ཅེས་བཤད།

 ཁང་པའི་སྒོ་ཡང་བསྐྱར་ཕྱེས་བྱུང་། ལུས་པོ་སྒུར་ཞིང་གོག་ལ། དཔྲལ་བར་གཉེར་མའི་གང་ཞིང་སྐྲ་ལོ་ཕལ་ཆེར་དཀར་རྐྱང་ཡིན་པའི་མི་ཞིག་འཛུལ་བྱུང་། ཁོས་ང་མཐོང་མ་ཐག་ཕྱི་ནུར་ཙམ་བྱས་ཏེ།ཡ་མཚན་ངང་“ཁྱོད་སུ་ཡིན། ཁྱོད་་་་་”

 “ཚེ་རིང་ནོར་བུ”མ་བཀྲའི་གདོང་སྔོ་ནག་ཏུ་གྱུར་ཅིང་། མཆུ་ཏོ་འདར་སིག་སིག་བྱེད།

 “མ་བཀྲ། ག་རེ་བྱས་སོང་་།”ཆུང་མས་དེ་ལྟར་དྲིས།

 “གང་ཡང་བྱས་མ་སོང་། ཕལ་ཆེར་གོམ་པ་སྤོས་པ་མགྱོགས་དྲགས་པས་རེད། ཁྱོས་ང་བསྩལ་ནས་ལས་ཀ་ཨེ་ཡོད།”

 “ང་རང་ཉིན་ཤས་སྔོན་ཁམས་པའི་མི་ཞིག་མཐོང་བྱུང་མིན་སྐོར་སྐད་ཆ་འདྲི་བར་ཡོང་བ་ཡིན”

 “ངས་མཐོང་བྱུང་། ཁོས་ང་འཚོལ་དུ་ཡོང་བ་ཡིན་ཟེར། འོན་ཀྱང་། ངའི་ཚུལ་འདི་མཐོང་མ་ཐག མགོ་བོ་གཡུགས་བཞིན་‘ངས་འཚོལ་རྒྱུ་དེ་ཁྱོད་མ་རེད’ཟེར།

 རྗེས་སུ་ཁོ་ངུ་བཞིན་ཕྱི་རུ་བྲོས་སོང། དེ་ནས་བཟུང་ངས་ཁོ་མཐོང་མ་བྱུང་།

 “ང་ཁོ་འཚོལ་དུ་འགྲོ་དགོས། རྗེས་སུ་མཇལ་ཡོང།”

 “འདི་ག་རེ་བྱས་པ་རེད།”

 ངས་ཁ་ཡ་ཙམ་ཡང་མ་བྱས། ་ངས་དུས་ཚོད་དང་སྣུམ་མང་པོ་ཞིག་འཕྲོ་བརླག་ཏུ་སོང་བས་། ང་འདི་ནས་མྱུར་དུ་བྲལ་འདོད། རླངས་འཁོར་ས་དཀར་གྲོང་བརྡལ་དང་བྲལ་རྗེས། ངའི་སེམས་ལ་གཅིག་བྱས་ན་ལམ་བར་ནས་ཁམས་པ་བ་དང་འཕྲད་ཀྱི་རེད་སྙམ་བྱུང་།

 མཐའ་མེད་པའི་བྱེ་ཐང་སྟེང་རླངས་འཁོར་གྱི་འཁོར་ལོ་བརྡོལ་བས།ང་རང་བྱ་ཐབས་མེད་པར་འཁོར་ལོ་སྒྱུར་ཁང་གི་ནང་དུ་གཉིད་ཉལ་ནས་བསྡད།

 མ་བཀྲའི་ཆུང་མས་ཕྲུ་གུ་འཁྲིད་ནས་ཕྱི་རུ་ཕྱིན་སོང་བས། ང་དང་མ་བཀྲ་གཉིས་ཕན་ཚུན་ཅེར་ནས་སྡོད་དུས་ཁྱིམ་ནང་གི་ཁ་དབུགས་ཀྱང་དེ་ལྟ་བུའི་སྲ་མཁྲེགས་ཅན་དུ་གྱུར་བའི་སྣང་བ་ཞིག་ངང་གིས་འཁོར་ཡོང་། ངས་ནུས་ཤུགས་ཡོད་དགུས་ལག་གཡས་ཀྱིས་གྲི་རིང་བཟུང་ཞིང་། སེམས་སུ་ཁམས་པ་བའི་དོད་ཀྱིས་ཁོའི་ཕའི་དགྲ་ཤ་ལེན་རྒྱུའི་འདུན་པ་ལས་གཞན་གྱི་ཚུལ་མིན་བསམ་ཚུལ་དག་ལོགས་སུ་བསྐྱུར། ལག་ནང་གི་གྲིའི་ཡུ་བས་ང་ལ་ཚོར་བ་གསར་བ་ཞིག་སྟེར་ཞིང་། ཡུ་བའི་སྟེང་གི་ཀྱག་ཀྱོག་གི་འབུར་རིས་དག་ལག་གིས་རེག་ཚེ་ཅི་འདྲའི་ལྷོད་བག་ལྡན་ཨང་།

 “ངས་རྒྱུན་དུ་དཀོན་མཆོག་གི་མདུན་དུ་སྡིག་བཤགས་བྱེད་ཀྱིན་ཡོད་པས། ང་ཅི་ཡང་མི་སྐྲག འོན་ཀྱང་ཁྱོད་མྱུར་པོ་འདི་འདྲ་ཞིག་ཡོང་བ་བསམ་པའི་ཡུལ་ལ་མེད། སྲོག་ལན་སྲོག་གིས་འཇལ་རྒྱུ་ནི་འཇིག་རྟེན་ཆོས་ཉིད་ཡིན་པས། ད་ནི་ཁྱོད་ཀྱིས་ང་སོད་དང་། ཡ་་་ཤོག ང་མྱུར་བར་སོད། ”

 ངས་གྲི་བཏོན་ནས་ཐད་དཀར་མ་བཀྲའི་བྲང་ཁར་བསྣུན་མ་ཐག་རྨ་ཁ་ནས་ཁྲག་དམར་ལྷོག་ལྷོག་ཏུ་བཞུར་ཞིང་། གྲི་ངོས་བརྒྱུད་ནས་བདག་གི་ལག་ཟུང་ཀྱང་ཁྲག་གིས་སྦགས་པར་བྱས། ཚ་ལམ་ལམ་གྱི་ཁྲག་དྲོན་ནི་འབྱར་རྩི་ཅན་ཞིག་རེད། མ་བཀྲའི་མིག་ཟུང་་བདེ་སྣང་གི་ཉམས་ཀྱིས་ཕྱུག་ཅིང་། བཟོད་དཀའ་བའི་ངང་བདག་ལ་འཛུམ་ཙམ་བྱས་ནས་དབུགས་ཀྱི་རྒྱུད་པ་ཆད་སོང་། ངས་གྲི་རིང་ཕྱིར་བཏོན་མ་ཐག་མ་བཀྲའི་གཟུགས་ཕུང་གྱང་ངོས་བརྒྱུད་ནས་ས་རུ་འགྱེལ་སོང་།

 གཉིད་ལས་སད་དུས། ཕྱི་རུ་ཉི་འོད་རབ་ཏུ་འཕྲོ་བཞིན་འདུག འོད་ལམ་ལམ་གྱི་ཉི་འོད་ཀྱིས་བདག་གི་མིག་ཟུང་གཙེས་ནས་འབྱེད་དཀའ་བར་བྱས། ད་ནི་རླངས་འཁོར་གྱི་འཁོར་ལོ་བརྗེ་རན་འདུག་སྙམ་ནས་ང་རང་རླངས་འཁོར་ལས་བབས་པ་ཡིན།
 
                                                          བྱང་བློ་བཟང་ཀུན་མཁྱེན་གྱིས་བསྒྱུར། 
 
རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་རིང་ནོར་བུའི་བརྩམས་སྒྲུང《ལག་དམར》བོད་འགྱུར་མ།

2019-05-04 ཚེ་རིང་ནོར་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།