གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་། གསའ་གཟིག

2019-10-12 11:33:53 ཅི་ཏི་མ་ཅཱ།1 ཀློག་གྲངས། མཆན ཡོད།


                                                 ———ཅོ་ཀྲེ་ཧྲ་ལེ་ལ་2་ཕུལ་བ།


 

                                              ༡


སྐར་མདའ་གཅིག་མེ་སྟག་བཞིན་ལྷུང་དུས།
ངའི་ལུས་པོ་སྐད་ཅིག་ཉིད་དུ།
འོད་ཟེར་གྱིས་ཁྲ་ལམ་ལམ་དུ་བསྒྱུར་སོང་། སྤུ་ཡི་ཉག་མ།
མེ་རུ་འགྱུར་བ་ནི་དཀར་བོང་བོང་གི་མེ་ལྕེ་འདྲ།
ང་ཡི་གྲིབ་གཟུགས། གཞུ་ལས་ཤོར་བའི་འོད་ཀྱི་མདའ་མོ་ཞིག་སྟེ།
དངུལ་གྱི་ཉ་མོ་ཞིག་ལྟར་མུན་ནག་གི་མཁའ་མཐའ་ནས་ཡལ་སོང་།
ང་ནི་བཀྲུས་ཀྱང་མི་དག་པའི་གངས་རིའི་བུ་རྒྱུད་ཅིག་སྟེ།
ཁེར་རྐྱང་ཁོ་ན་སྲུང་བཞིན། ཡུལ་དུས་ཀྱི་ལ་མོ་ཡོད་ཚད་བརྒལ་ཟིན།
སྲ་མཁྲེགས་ཀྱི་བྲག་རྡོའི་རླབས་རྒྱུན་དབུས་སུ་ཡིབ་ནས།
བླ་ན་མེད་པའི་མངའ་ཁོངས་འདི་སྲུང་བཞིན་ཡོད།
དོགས་པ་སྤུ་ཙམ་ཡང་སྐྱེ་མི་དགོས་སྟེ། རིགས་རྒྱུད་འདིིའི་ངོ་སོ་ཡོད་ཚད།
ཡབ་མེས་ཀྱི་འཁྲུངས་རབས་ཀྱིས་བསྟོད་ཟིན།
ང་སྐྱེས་པ་ནི་གངས་དཀར་ལྷ་མོས་ལོ་ངོ་སྟོང་ལ་རུམ་པའི་ལྷག་བསམ་ཡིན།
ང་འཆི་བ་ནི་གངས་དཀར་ལྷུན་པོའི་འཁོར་བ་རྟག་བརྟན་གྱི་ལྷིང་འཇགས་ཡིན།
དེ་ཡང་། ང་ཡི་མིང་འདིའི་དོན་སྙིང་ནི།
སྨུག་པ་དང་ན་བུན་གྱི་གཏིང་དུ་སྐུངས་ཡོད།
ང་ནི་ཚེ་སྲོག་གི་འདུ་ཤེས་ཁྲོད་ཀྱི་ས་མཐའ་གཞན་ཞིག་བརྒྱུད་དེ་འགྲོ་ཡི་ཡོད།
ང་ཡི་མིག་ཟུང་གི་གཏིང་ཟབ་སར།
དབུགས་ལྷེམ་ལྷེམ་དུ་ལུས་པའི་སྐར་འོད་འཚེར།
ང་ཡི་བསམ་གཞིགས་ཀྱི་མུ་ཏིག་རྡོག་པོ།
གཅིག་ཏུ་འདུས་ནས་སྐྱ་རེངས་ཀྱི་ཆུ་ཐིགས་སུ་གྱུར།
ང་ནི་གླེགས་བམ་ཞིག
ཞལ་ཁ་ཕྱེ་མ་ཐག་གི་དབུ་ཁྱུད་དེ་མ་ཡིན།
ང་ཡི་སྐད་ངག་ནི་རི་ཚོགས་ཀྱིས།
དུས་ཚོད་ལས་རྒྱལ་བའི་ལྷིང་འཇགས་ཡིན།
ང་ཡི་སྐད་ཆ་ནི་མཁའ་དབྱིངས་སུ་དཔྱངས་པའི།
ཡི་གེའི་ཕྲེང་བ་ལ་མི་དབང།
ང་ནི་འོད་ཀྱི་ཉག་མ་ཙམ་གྱིས།
ཤུལ་དུ་བསྐྱུར་བའི་ཁྲ་ཆེམ་ཆེམ་གྱི་འོད་ཐིག་ཙམ་ཡིན།
ང་ནི་བློ་དཀར་ལ་གཞུང་དྲང་བས།
རྒྱབ་གཏོད་ཅེས་པའི་མིང་གིས་མཚོན་མི་སྲིད།
ང་ནི་ནམ་ཡང་རྫུན་གྱིས་བསླེས་པའི་འཇིག་རྟེན་འདིའི།
ཕྱི་རོལ་དུ་འཚོ་བཞིན་ཡོད།
གངས་རི་ཉི་མས་བཞུ་ཡང་།
ང་ནི་གནས་འདི་ནས་གྱེས་མི་སྲིད།
 


ང་ནི་རི་བོའི་གཟུགས་དབྱིབས་དང། ནག་རོག་རོག་གི་མེ་ཏོག
རྟོག་བཏགས་དང་མངོན་གསུམ།
མཚན་གུང་གི་མཁའ་དབུགས་ཁྲོད་དུ་བྱིངས།
 
རང་དབང་གི་ངང་ནས། མེས་པོའི་མངའ་ཁོངས་ལ་བསྐོར་ཞིབ་བྱས།
རྣམ་པ་གཞན་ཞིག་ལ་བརྟེན་པ་ནི།
ཤ་ཁྲག་བརྒྱུད་སྤྲོད་བྱེད་སའི་གསང་གྲངས་རེད།
 
སྐྱ་རེངས་དང་དགོང་དྲོའི་དུས་སུ། འདོད་རྔམས་ཀྱིས།
ང་རང་མགྲོན་དུ་བཀུག་ནས།
གསང་བ་ཡི་ལྷིང་འཇགས་འགྲིམས།
 
སྐབས་དེ་ཤེད་ཙམ་ལ།
ད་གཟོད་བོར་ཟིན་པའི་དུས་རབས་དེའི་སྣང་བ།
སེམས་ལ་དངོས་སུ་སྒོམ་སྲིད། …………
 


མཁའ་མཐའ་ནས་ལྷུངས་པའི་སྐར་མར་ལྟ་དུས།
ལུས་པོ་འདི་ཕ་མཐའ་ཡས་པའི་བར་སྣང་གི་རྒྱ་མཚོའི་ཐོག་ཏུ་འཕྱོ་བ་དང་འདྲ།
འོད་མདངས་ཉམས་པའི་མིག་འོད། ལྗིད་ཚད་མེད་པའི་རྣམ་ཤེས་ལ་འགྲོགས་ནས།
མཐའ་མེད་པའི་ཁ་ཕྱོགས་ལ་དམིགས་ནས་འཕེལ་བཞིན་འདུག
གློག་འོད་འཁྱུག་པ་ལྟ་བུའི་རྒྱང་མཆོངས་ཤིག
ད་དུང་མགོ་བརྩམས་མེད།
སྟོབས་ཤུགས་ཀྱིས་བཏེགས་པའི་རྐང་པའི་མཛུབ་མོས།
རྣོ་ལྕགས་ལྟ་བུའི་མཁའ་དབུགས་རྡུངས་ཟིན།
དེ་ལྟ་བུའི་བརྒྱུད་རིམ་ཞིག་སུས་ཀྱང་མཐོང་མི་སྲིད།
ངའི་དབུགས་ཀྱི་འབྱིན་རྔུབ་དང་དྲན་གསོ། གསང་བ་ཡི་དྲི་ངད་ཀྱིས།
ཐང་སྟོང་འདི་ཡོངས་སུ་ཁེབས་ཟིན།
འོན་ཀྱང་། ང་མ་འཚོལ་ཅིག གདོང་འབག་སྔར་ནས་བོར་ཟིན། …………
 


སྐབས་འདིར། ང་ནི་ཁ་བའི་ལྗོངས་ཀྱི་མངའ་ཐང་ཡིན།
ལྡང་ཡོང་བའི་རླུང་བུའི་ཁྲོད་ནས།
ངའི་རུས་ཚིགས་ཀྱིས་བསྒྲགས་པའི་ཧྲག་སྒྲ་ཐོས་ཐུབ།
ཐང་དཀར་ཞིག་གཤོག་འགྱུར་ངོམ་བཞིན།
མཐོང་མི་ནུས་པའི་དགྲ་ཡ་ལ་འཁོར་ལན་སློག་བཞིན་འདུག དེ་ནི་ང་ཡི་གྲིབ་མ་ཡིན།
འོད་སྣང་དང་མུན་པ་ཡི།
འདྲེས་མཚམས་སུ་འཁྱམས་བཞིན་འདུག
བྱེའུ་ཡི་ཚོགས་ཀྱང་སྒྲ་མེད་པར་འབབ་ཀྱིན་མེད།
གྲོག་རོང་དང་ཆུ་བོའི་འདྲེས་མཚམས་སུ།
ང་ཡིས་བཞག་པའི་གསང་བརྡ་དང་མཚོན་རྟགས་ལུས་ཡོད།
གལ་ཏེ། འཕྱི་བ་ཞིག
སྲོག་བསྡོས་ཀྱིས་འབྲོ་བཞིན་ཡོད་ཀྱང་། རྗེས་སུ་བདའ་མཁན་མེད་ན།
དེ་ནི་ང་ཡི་འདུན་པ་ཡིས།
འཕྱི་བ་དེར་ཉེན་ཁའི་གནས་བབ་ཚོར་དུ་བཅུག་པ་རེད།
འདི་ལྟ་བུའི་དུས་སྐབས་སུ།
ཁྱེད་ཀྱིས། དུས་ནམ་ཡང་ང་ནི།
རྫུ་བག་དང་བཅོས་མ། དམར་གསོད་ཀྱིས་ཁྱབ་པའི་ས་ལྒང་འདིའི།
གནས་གང་ལ་ཡང་མི་གཏོགས་པ་མཐོང་མི་སྲིད་ཨང་།
 


ང་ཡིས་སྲོག་ཆགས་དང་རྩི་ཤིང་ཡོད་དོ་ཅོག
ངོས་འཛིན་བྱ་ཐབས་བྲལ།
འོན་ཀྱང་། འདི་ནི་སྒོར་དབྱིབས་ཀྱི་འཇིག་རྟེན་ཞིག་རེད།
ང་ཡིས་ཚེ་སྲོག་གི་རྒྱ་རྡོའི་སྐོར་གཏན་ནས་མི་ཤེས།
ཡང་སྙིང་རྒྱ་རྡོ་དེ་གཡས་སུ་སྣུར་དགོས་པའམ།
ཡང་ན། གཡོན་དུ་བསྒྱུར་དགོས་སམ།
ང་ནི་གསའ་གཟིག་ཅིག་ལས་མ་འདས།
ཚེ་སྲོག་གཅིག་དང་ཚེ་སྲོག་གཞན་ཞིག་གི་འབྲེལ་བ་ཅི་ཡིན།
ལན་འདེབས་ཐབས་བྲལ།
འོན་ཀྱང་། འཇིག་རྟེན་འདིའི་སྒྲིག་སྲོལ་ནི།
གློ་བུར་བ་དང་། ཐོལ་བྱུང་དུ་གྲུབ་པ་ཞིག་གཏན་ནས་མིན་པའི་གདེང་ཚོད་ཡོད། །
ང་ནི་ལྷན་སྐྱེས་ནས།
གནའ་བ་དང་ཝ་མོ། འཕྱི་བའི་བར་དུ་ལྡོག་པར་མི་ནུས་པའི།
གཅིག་ལ་གཅིག་རྟེན་དུ་གནས་ཡོད།
ང་ཚོའི་ལས་དབང་ནི།
སྙིང་སྡུག་བྱ་རྡོ་ལམ་འཕྲད་མ་ཡིན།
དེ་ནི་གསེད་པར་དཀའ་བའི་གབ་ཚིག་གཅིག་དང་འདྲ།
ང་ཚོས་འདིར་གནས་བཅོས་ནས་ཡུན་རིང་འགོར་བས།
སུས་ཀྱང་སུ་ཞིག་འདོར་ཐབས་བྲལ།
འོན་ཀྱང་། ང་ཚོ་ནི་འཇིགས་སྐྲག་ཁོ་ནས་གནས་བཟོད་མི་བདེ་བ་ནི།
རྗེས་འདེད་དང་གསར་སྐྱེས་ལ་དབྱེ་བ་གཞན་མེད་པས་ཡིན། …………
 


ང་ཡི་རྐང་རྗེས། གངས་དཀར་གྱི་འདབ་མའི་ཐོག་ཏུ་བཀོད།
དེ་ཡི་དབྱིབས་ནི།
འདབ་རྒྱ་གྲོལ་བའི་གངས་ལྷ་མེ་ཏོག་ལས།
ཡིད་དབང་འཕྲོག་པ་ཞིག་ཡོད་སྲིད།
ཡང་ན། རྟོག་བཏགས་ཀྱིས་བསྐྲུན་པའི་འཕྲུལ་སྣང་ཞིག་སྟེ།
དེ་ཡིས་ལྐོག་གྱུར་ཅི་ཡང་།
གསེད་དཀྲོལ་བྱ་ཐབས་བྲལ་ལ།
མ་འོངས་པའི་ལུང་བསྟན་གང་ཞིག
སྟོན་ཐབས་བྲལ།
ཚེ་སྲོག་གི་ངོ་མཚར་གྱིས།
ཡུན་ཐུང་གི་འཚོ་གནས་དང་ཡུན་རིང་གི་འཆི་བ།
ངེས་ཤེས་འདྲོངས་སུ་བཅུག་ཟིན་ཀྱང་།
དེ་དག་གི་བར་ནས་གང་ཞིག་གལ་ཆེ་བ།
གསལ་བཤད་བྱེད་ཐབས་བྲལ།
དེ་ལྟ་བུའི་རྐང་རྗེས་ནི།
པྲ་ཕབ་མཁན་གྱིས་བཀོད་པ་མིན་ཀྱང་།
དེ་ནི། སྐད་རིགས་གཞན་ཞིག་ཡིན་པས།
རྣ་ཤེས་ཀྱིས་མྱོང་མི་ནུས་པའི་སྒྲ་འབྱིན་ཐུབ།
རླུང་ལྡང་བ་འམ།
བསྐྱར་དུ་བསམ་ཡུལ་ལས་འདས་པའི་གངས་ཞོད་ཞིག་བྱུང་ན།
རྐང་རྗེས་ཐར་ཐོར་དེ་དག
ཤུལ་ཙམ་ཡང་མེད་པར་འཇིག་སྲིད། …………
 


ང་ཕྱི་རུ་ཐོན་པའི་སྐད་ཅིག་དེར།
ཁྱེད་ནི་འཆི་ཟིན་པའི་དྲན་པ་འམ།
ཡང་ན། སད་ལ་ཉེ་བའི་རྨི་ལམ་གྱི་ཞིང་ཁམས་ནས།
མངོན་གསུམ་མམ་རབ་རིབ་ངང་ང་རང་མཐོང་ཡོད་དེ།
ཉི་མའི་ལྡོག་འོད་རེད། འོད་འཕྲོ་བའི་དོང་ཙེ་རེད།
བྲག་སྟེང་གི་ཐིག་རིས་རེད། རླུང་བུའི་ཁྲོད་ཀྱི་སྐྱེ་དངོས་རེད།
རྒྱ་སེ་མེ་ཏོག་རྐང་གཅིག་མཁའ་རླུང་ཁྲོད་དུ་སྤུར་བའི་ཁ་དོག་རེད།
རྒྱ་སེ་མེ་ཏོག་ཁྲི་ཕྲག་བཞུར་བའི་རྦབ་ཆུ་རེད།
འགུལ་མེད་ཀྱི་མྱུར་ཚད་རེད། གསེར་གྱི་གཞུ་དབྱིབས་རེད།
གཉེན་ཞིང་འབོལ་བའི་དུས་ཚོད་རེད། ཆག་གྲུམ་གྱི་སྟོབས་ཤུགས་རེད།
ཚད་ལས་བརྒལ་བའི་སྐྱ་རིས་རེད། ནག་པོ+དཀར་པོའི་བདེན་པ་རེད།
འོད་ཀྱིས་བསྐྲུན་པའི་ཚོ་དཔོན་རེད། གཡང་རོང་བརྒྱུད་པའི0རེད།
འཇིག་རྟེན་གྱིས་བོར་བའི་མདུང་རིང་རེད། འཕུར་བཞིན་པའི་མདའ་མོ་རེད།
ཚོར་བ་དང་གཉིད་ལམ་གྱི་བརྡབ་སིག་ལས་བྱུང་བའི།
ཐོར་བཞིན་པའི་གཤེར་གཟུགས་གང་རུང་ཞིག་ཀྱང་རེད།
ཆུ་རྡུལ་ཕྱོགས་བཞིར་འཐོར། ཁ་དོག་རྣམ་པར་བཀྲ།
དཔའ་རྟུལ་གྱི་བརྒྱན་ཆའི་ངོས་སུ་བཀྲ་བའི་བླ་ཡི་མགྲོན་བུ་རེད།
ནུབ་ཟིན་པའི་རྒྱལ་པོ་ཞིག་གི་སྐྲ་རྒྱན་རེད།
ས་ཆེན་གྱི་བུ་སྣོད་ནང་དུ་བྱུང་བའི་འདས་ལོག་གཞན་ཞིག་རེད།


ཟླ་བ་གཉིས་པ་ནི་ཚེ་སྲོག་ལ་མཁོ་བའི་ནམ་དུས་ཤིག་རེད།
ངོ་ཚའི་ཟོལ་ལས་བྲལ་ཏེ། མེ་རུ་འབར་བའི་ཁ་བ།
འཕྱུར་མགོ་ཚུགས་དུས་རེད།
རྩུབ་སྤྱོད་ཀྱི་རླུང་བུས། གྲོག་རོང་གི་དུང་བརྡ་དཀྲོལ།
བོར་ཟིན་པའི་མིང་ཡིག འདི་ནས་བཙལ་ཏེ།
ཚེ་སྲོག་གཞན་ཞིག་འཁྲུངས་པའི་ཆོ་གར་གྱུར།
ལྐོག་གྱུར་གྱི་ཚིག་ཚོགས་དང་སྙན་ངག་གི་ཚོགས་ནི།
མ་ཡི་རིགས་སུ་གྱུར་པ་ཡོངས་ཀྱིས།
སྐྱེ་འཕོའི་ལྷ་མཆོག་བྱོན་ཕྱིར་གྱེར་བ་ཁོ་ན་རེད། …………
 
རྗེས་འདེད། ལྟེ་བྲལ་ནུས་ཤུགས། ཡང་ལྕི་ཤོར་བ། གློག་དམར། གཞུ་དབྱིབས་ཀྱི་ཐིག
འདོད་པའི་གཞུ་མོ། གཏུབ་ཟིན་པའི་ཕ་ལམ། ཆག་གྲུམ་ཤོར་བའི་མཁའ་རླུང་།
བསྐྱར་ཟློས་ཀྱི་མཆོངས་རྒྱུགས། དྲི་ཡི་ལྕེ། བཏུས་པའི་སྲ་མཁྲེགས།
མཆོངས་བསྐྱོད་ཀྱི་དམིགས་ཚད། མགལ་རུས་ཀྱི་ཡོ་ཚད། ཆ་མི་མཉམ་པའི་འཕུར་སྐྱོད།
འགོར་བའི་འོད་ཀྱི་མྱུར་ཚད། ཁ་ཐོར་གྱི་གཡོ་འགུལ། ཞུགས་མ་ཐུབ་པའི་འཁུར་པོ།
སྤར་བྲད། སྤར་བྲད། ཁྲག་རྩའི་རྒྱུ་ཆ་ལིང་། སོ་མཆུའི་ལེགས་སྐྱེས།
དབུགས་རྔུབ་གཏོང་གི་རླབས་རིས། མྱུར་ཚད་ཀྱི་འཕེལ་ཁ། ཐོག་མ་འདྲ་བའི་ཤུགས་དྲག
རྡུང་བའི་ཞབས་བྲོ། བར་མདོའི་ཕྲང་གི་ལམ་སྟོན། ཁོམ་དུས་འཚོལ་བ། ཁོམ་དུས་འཚོལ་བ།
བསམ་གཞིགས། ས་ཡོམ་གྱི་འདར་ཁྱོམས། འབུལ་བ། ས་གཞིའི་འོབ་དོང་།
ཕྱི་རུ་བྱོ་བ། ཁ་ཐོར་ཡ་བྲལ། ཆུ་མིག ཆུ་མིག ཆུ་མིག
ཚེ་སྲོག་གི་ནང་དུ་ཐིམ་པའི་ངལ་དུབ། བས་མཐའི་འདར་ཁྱུག ཕྱིར་དྲན།
འབྲུག་སྒྲའི་རྗེས་ཀྱི་ལྷིང་འཇགས། རེ་སྒུག རི་ཚོགས་ཀྱི་བྲག་ཆ། …………
 


གཡང་གཟར་གྱི་རྩེ་རུ་བྲོ་གར་འཁྲབ།
མུན་ནག་གི་སྦྱིན་ཤོག
དཀར་ངོགས་ཀྱི་རྒྱ་མཚོའི་གཏིང་དུ་བྱིངས།
སྟེང་ནས་འོག་གི་གཏན་ཚིགས།
སྟོང་པ་དང་བདེན་པའི་རྫ་ཆུ་ལས་སྒྲོལ།
རང་དབང་གི་མངའ་ཁོངས།
འདི་རུ་རང་ཉིད་གཅིག་པུས།
རང་གི་འདོད་འདུན་དེ་བཞིན་གདམ་ག་བྱ་ཐུབ།
ང་ཡི་སུག་ལག་བཞི་པོའི་འཛེག་རྩལ།
གཡང་གཟར་གྱི་དབང་རྩ།
སྡེར་མོས་བྲག་རྡོ་ཡི་རྒྱུད་སྐུད་དཀྲོལ།
ཡང་ཞིང་གཡོ་བ་བྱ་སྤུ་དང་འདྲ།
ང་ནི་རི་ཚོགས་ཀློང་གི་འདེད་དཔོན་ཡིན།
མིང་གིས་མ་གྲུབ་པའི་འདུན་པ་ཡིས་མནར་ཡོད།
ང་ཡིས་ཕར་རྒོལ་བྱ་དུས།
རླུང་བུའི་ལྡང་ཚད་ཀྱང་ང་ལས་མགྱོགས་པ་མེད།
འོན་ཀྱང་། ང་ཡི་གོ་ཁྲབ་མཁའ་རླུང་ལ་བརྡར་ནས།
ཚག་སྒྲ་སྒྲོག་གིན་འདུག
ང་ནི་རང་དབང་གིས་ལྷུངས་པའི་རྒྱས་སྲས་ཤིག་ཡིན།
སྲིད་པའི་གངས་རྒན་གྱི་བུ་ཕྲུག་བཅུ་གཉིས་ཀྱི་སྤུན་ཟླ་ཡིན།
གྱེན་དུ་ཏུའུ་དགུ་བཅུ་མཆོངས་པ་དང་།
ཐུར་ལ་གློ་བུར་དུ་ཏུའུ་བརྒྱ་དང་ཉི་བུ་འབབ་པ་ནི།
ང་ལ་མཇུག་མ་ཁྲ་རིང་མ་ཡོད་པས།
སྐྱེ་འཆིའི་མཚམས་དོ་སྙོམས་སུ་བཅུག་པས་ཡིན། …………
 

༡༠


མདང་རྒོངས་རྨི་ལམ་ལས་ཨ་མ་མཇལ་བྱུང་།
ཁོ་མོས་ད་དུང་ཡང་གནས་དེར་སྒུག་འདུག མིག་མདངས་ཟིམ་ཟིམ།
 
ང་ཚོའི་སྐོས་ཐང་ནི།
ཁེར་རྐྱང་གི་འགྲོན་པོ་ཞིག་ལས་མ་འདས།
ལོ་གཉིས་ལ་སོན་རྗེས། འགེབས་སྲུང་ལས་གྱེས་ནས།
རང་ཉིད་གཅིག་པུར།
རང་གི་ཨ་ཕ་ལས།
དཔའ་སྟོབས་རྒྱས་པའི་དཔའ་རྟུལ་ཞིག་ཏུ་གྱུར་བ་བདེན་དཔང་བྱ་རུ་འགྲོ་དགོས།
ང་ཡིས་རང་གི་བླ་ན་མེད་པའི་གདུང་རྒྱུད་ལ་སྲུང་སྐྱོབ་བྱ་སྲིད་ལ།
ཕ་མེས་ཡང་མེས་ནས་བརྒྱུད་ཅིང་།
ནམ་ཡང་དམའ་སར་འཇོག་མི་རུང་བའི་སྙན་གྲགས་ཀྱི་དོན་དུ།
མཐའ་མཇུག་གི་ཟུངས་ཁྲག་ཐིགས་པ་གཅིག་ཀྱང་བཞུར་ཚར་དུ་འཇུག་ངེས་ཡིན།
 
ང་ཚོས་ངོ་ཚ་རིན་གྱིས་ཉོ་མི་སྲིད།
རྒྱལ་ཕམ་གྱི་འཐབ་རའི་ནང་དུ།
ང་ཡིས་འཆི་ཁའི་སྐད་ཅིག་དེ་ལའང་།
སྐད་གསེང་ཐོན་པོས།
ང་ནི་སུ་ཞིག་གི་བུ་ཕྲུག་ཡིན་པ་ཤེས་སུ་འཇུག་ངེས་ཡིན།
ཕ་མེས་ཀྱི་མཁས་མཛངས་ནི།
གངས་ལ་ཉི་མ་ཤར་བ་ཇི་བཞིན་ལྷད་དང་བྲལ་བས།
ང་རང་སྐྱེས་པའི་ཉིན་མོ་དེ་ནས།
ང་དང་ང་ཡི་སྤུན་གྲོགས་རྣམས་ནི།
གངས་རི་རེ་རེའི།
ནུབ་པ་མེད་པའི་སྲུང་མ་ཡིན་པ་ཤེས་བྱུང་།
 
བླ་ན་མེད་པའི་འགན་འཁྲི།
ང་ཚོས་འདོར་མི་སྲིད།
ང་ཡི་རྨི་ལས་གྱི་ཞིང་ཁམས་སུ་རྟག་ཏུ་བྱོན་པ་ནི།
མེས་བོན་སྐུ་དུས་རེ་རེའི་བཞིན་རས་རེད།
ང་ཡི་མཆུ་སྒྲོས་ཀྱི་ཐོག་ཏུ་འཕྱོ་བ་ནི།
གྲགས་པ་འབར་བའི་ཁྱིམ་རྒྱུད་གཅིག་གི
འོད་སྟོང་འབར་བའི་གདུང་རབས་རེད།
 
ང་ནི་རྒྱུན་དུ་འཆི་བའི་གམ་དུ་ཉེ་བར་བཅར་མྱོང་ལ། མ་འོངས་པར་རེ་སྙེགས་ཀྱང་བྱས་མྱོང་།
 

༡༡


མི་འགའ་རེས་ང་ཡིས་སྲུང་བཞིན་པའི་གངས་རི་ལ།
གངས་སྐྱོན་དང་ནད་ཡམས་མེད་ཅེས་ཟེར།
ང་རང་གཅིག་པུ་ལ་རྩེ་རུ་ལངས་དུས།
ང་ཡིས་མིག་རྒྱང་ཆོད་མཚམས་ཀུན་ཏུ།
གངས་དཀར་གྱི་འདབ་མས་ཀླུབས་འདུག
ཚེ་སྲོག་ཡོད་རྒྱུར་དྭངས་ཤིང་གཙང་ལ། བཀྲ་ཤིས་པའི་འོད་ཀྱིས་བྱི་དོར་བྱས།
རྒྱང་རིང་གི་རྒོད་པོ།
ཐོག་མར་ཕ་མཐའ་ཡས་པའི་མཁའ་མཐའ་ན།
ནག་ཐིག་ཤིག་ཏུ་གྱུར་བ་མཐོང་ཐུབ་ཀྱང་།
གཡའ་དག་པའི་མཁའ་དབྱིངས་ནས།
སྔར་བཞིན་གྲིབ་མ་ཙམ་ཡང་མེད་པར་ཡལ་འདུག
ཐག་ཉེ་སའི་འབྲོག་པའི་དུ་ཁུང་ལས།
དུ་བ་གྱ་གྱུར་ཕྱུར་བཞིན་འདུག
དེ་ནི་མངོན་གསུམ་ནམ་རྨི་ལམ་ཅི་ཞིག་ཡིན་པ་བརྡར་ཤ་ཆོད་ཐབས་བྲལ།
ནག་རོག་རོག་གི་གཡག་གུ ཐང་ཤོང་ཀུན་ལ་གྲམ།
གནས་དེ་རུ་སྨུག་པ་ཟིང་སྐྱ་རེ།
ཆུ་ཕྲན་ཐོག་གི་སྐྱ་སོབ་སོབ་ཀྱི་འཁྱགས་པ་སྲབ་མོའི་ཐོག་ཏུ་ཕྱུར་ཞིང་ལྡང་།
སྐབས་འདིའི་དུས་སུ། རྣམ་ཤེས་དང་ལུས་པོ་སོ་སོར་གྱེས་ཟིན།
ང་ཡི་བསམ་གཞིགས་ཀྱིས་ང་རང་བརྗེད་པ་ཇི་བཞིན་གཡོ་མགོ་ཚུགས།
འདིའི་དུས་སུ། འཇིག་རྟེན་ཁམས་ནས་གྲགས་པའི་སྒྲ་ཞིག་ཐོས་ཐུབ་པ་འདྲ་ཡང་།
ངའི་ལྕེ་ཐོག་གི་མིང་དང་ཚིག་གིས་རྣམ་པ་གཞན་ཞིག་ལ་བརྟེན་ནས།
བར་སྣང་གི་གཏོས་ཆེ་བའི་སྒོ་འགྲམ་ནས།
གནམ་འོག་གི་སྐྱེ་འགྲོ་ཡོངས་ཀྱི་དོད་དུ་སྨོན་ལམ་འདེབས་མགོ་ཚུགས། …………
 

༡༢


ང་ནི་བསྟན་བཅོས་ཀྱི་ཁྲོད་དུ་གསོན་ཡོད། བྲག་རྡོའི་གསེང་གི་སྦྲུལ་ཡིན།
ང་ཡི་སྲོག་ནི་རྟ་ཕོ་བརྒྱ་ཡི་སྲོག་ལས་གྲུབ་ཡོད། ནོར་ཆིག་སྟོང་གི་སྲོག་ལས་གྲུབ་ཡོད།
ང་ཡང་མི་ཁྲི་གཅིག་གི་སྲོག་ཡིན། རྒྱུ་མཚན་ནི་ང་རང་།
དམ་ཆོས་ཀྱི་ཤོག་ངོས་གང་རུང་ཞིག་ཏུ་གབ་ཡོད་པས་ཡིན།
ང་ཡི་སྲོག་འདི་སུ་ཡིས་འཕྲོག་ན།
དེ་ནི་མཐོང་མི་ཐུབ་པའི་ང་གཞན་ཞིག་གི་སྲོག་ཁྲི་སྟོང་མང་པོ་འཕྲོག་པ་དང་མཚུངས།
ང་ཡི་ཟུངས་ཁྲག་གི་ཤུལ་རྗེས་བྲག་རྡོའི་ཐོག་ཏུ་འབེབས་མི་སྲིད།
རྒྱུ་མཚན་ནི་ང་ཡི་ཟུངས་ཁྲག་ལ་ཁ་དོག་མེད་པས་ཡིན།
འོན་ཀྱང་། དེ་ཡིས་སྔར་བཞིན་སྡིག་ཉེས་ཀྱི་དཔང་རྟགས་གྲུབ་ཡོད།
མཚན་མོའི་ཡོལ་བ་བརྟོལ་ཏེ་ག་སོང་ཆ་མེད་དུ་གྱུར།
ཟུམ་ཟིམ་པའི་མིག་ཟུང་། རྡོ་བའི་ནང་ཁྲོལ་ཇི་བཞིན་རྟོག་ཐབས་བྲལ།
རྣམ་ཤེས་ཤིག་ཁེར་རྐྱང་དུ་ལུས་ན། ས་གཞི་ཆེན་མོའི་སྙིང་གི་འཕར་ལྡིང་ཐོས་ཐུབ་བམ།
འོན་ཀྱང་། ང་ནི་སྔར་བཞིན་མཁའ་དབྱིངས་ཀྱི་སྐར་ཚོགས་ལ་བལྟ་རྒྱུར་དགའ་བས།
སྐར་ཚོགས་ཀྱི་མཆི་མའི་རྡོག་པོ་ལྷུང་རེག་བར་དུ་དུས་ཡུན་ཇི་ཙམ་འགོར་བ་ཡང་མ་ཤེས།
 

༡༣


མདེའུ་གཅིག་ང་ཡི་སྤུན་ཡར་ཕོག་སོང་།
ཁོ་ནི་མིང་ལ་དངུལ་དཀར་ཞེས་ཐོགས་པའི་གསའ་གཟིག་ཞིག་རེད།
མདེའུ་འཕེན་མཁན་གྱི་མཛུབ་མོ། དཀྱོགས་ནས་ལུས་འདུག
རྐང་གླིང་གི་བྲག་ཅ་ཡིད་མུག་དགོས་པ་ཞིག་གིས།
འཆི་བདག་གི་ཕོ་ཉ་འབྱོར་བའི་འཕྲིན་པ།
ཅོང་རོང་གི་ཁྱོན་ཏུ་བསྒྲགས་ཟིན།
མདེའུ་དེས།
ང་ཚོོའི་རྫི་རྣོ་བའི་མིག་ཟུང་ཡང་། ཡུད་ཙམ་ཞིག་བྱེད་ནུས་དང་བྲལ་དུ་བཅུག
མདེའུ་དེ་ནི་གློག་དམར་ཁྱུག་པ་ཇི་བཞིན་འཕུར་འོང་ནས།
མེ་ཡིས་ཚིག་བཞིན་པའི་དུས་ཚོད་དང་བར་ཐག་བརྟོལ་བ་མཐོང་བྱུང་།
འོན་ཀྱང་། གབ་པའི་གླགས་མ་རྙེད།
སྐྱ་རེངས་ཀྱིས་དབུགས་རྔུབ་མཚམས་བཞག་བྱུང་།
མདེའུ་དེ།
འཕེན་མཁན་གྱི་མགོ་རུས། དེ་མིན།
མགོ་རུས་དེར་ཟུངས་ཁྲག་གནང་མཁན་གྱི་སྙིང་།
སྡིག་ཉེས་ཀྱི་རྩིས་ཁྲ་འཁྱགས་པས་བསྡམས་ཟིན།
མདེའུ་དེ། ཁྲག་ཐིགས་ཤིག་དང་འདྲ་བར།
འབེན་ལ་ཕོག་པའི་སྐད་ཅིག་དེར།
མདེའུ་འཕེན་མཁན་ཡང་མིག་མདུན་གྱི་སྣང་ཚུལ་དེར་ཧ་ལས་སྲིད།
མདེའུ་འཕུར་བའི་ཤུལ་དུ།
རི་ཚོགས་ཀྱི་ངུ་སྐད་ཁྲོད་དུ་རྨ་ཁ་ཡི་སྒྲ་ཡིས་ཁྱབ་འདུག
ཝ་དམར་གྱི་སྨྲེ་ངག་འདོན་མཚམས་ཡང་གཏན་ནས་མ་ཆད།
བྲག་རྡོའི་ཐོག་ཏུ་འོད་ཆེམ་ཆེམ་གྱི་མིག་ཆུ་བཞུར་བཞིན་འདུག
རྩྭ་མཁན་པས་འཆི་བ་མི་རྟག་པ་གླིང་བུར་དྲངས་སོང་།
འཁྱགས་ཀླུང་གས་མི་རུང་བའི་དུས་སུ་ཙག་སྒྲ་གྲགས་བྱུང་།
ནམ་མཁའི་ངོས་སུ་དམྱལ་ཁམས་ཀྱི་ཁ་དོག་ཤར་འདུག
འཇིགས་སྐྲག་གི་འབྲུག་སྒྲ་མུན་ནག་གི་མཁའ་མཐར་གྲིལ།
 
ང་ཚོའི་འཆི་དུས་རེ་རེ་ནི་ཚེ་སྲོག་གི་ཞུ་འབོད་ཁོ་ན་ཡིན་ཨང་།
 

༡༤


ཁྱེད་ཀྱིས་ང་རང་བྲག་རྡོའི་ཐོག་ཏུ་བསྡད་དེ་ངུ་དགོས་དོན་ཅི་ཡིན་ཟེར།
དོན་མེད་ཀྱི་ངུ་འབོད། གནས་ལུགས་མེད་པའི་ངུ་འབོད།
དོན་དངོས་སུ། ངས་ཚིག་གཅིག་གི་ལྡོག་ཕྱོགས་ནས།
ཚིག་གཞན་ཞིག་འོད་དུ་སྒྲོན་འདོད་པ་ཡིན། རྒྱུ་མཚན་ནི་འདིའི་དུས་སུ།
ཚིག་དེ་ནི་མིག་ཆུ་ཡིས་སྣུབས་པའི་མུན་པའི་དབུས་སུ་གནས་ཡོད།
བྲག་རྡོའི་གྲིབ་མའི་དབུས་སུ་སྐུངས་པའི་མགོ་བོ།
སྨུག་པའི་གཏིང་ནས་བཏེགས་ཏེ། ཐེ་ཚོམ་གྱིས་ཁེངས་པའི་མིག་ཟུང་གིས།
དོགས་ཟོན་ངང་ཉེན་ཁའི་འོབ་དོང་གིས་ཁྱབ་པའི་འཇིག་རྟེན་ལ་སོ་ལྟ་བྱ་རྒྱུ་ཡིན།
འཚོ་གནས་ཀྱི་ཐབས་ལམ་ཡོད་རྒྱུ། ཕ་མེས་ཀྱི་རྒྱུན་འཛིན་ཁོ་ན་ལས་བྱུང་ཡོད།
གནས་འདི་རུ་སྐལ་པ་ཡ་ཐོག་གི་ཉི་མས། ང་ཚོར་དྲོ་སྐྱིད་གནང་བྱུང་།
ལག་ཟུང་བཏེགས་པ་ཙམ་གྱིས་འཛིན་ཐུབ་པ་ནི། ཐུར་དུ་དཔྱངས་པའི་ཟླ་བ་རེད།
དྲིན་ཆེན་པོ་དག་གིས། བརྩེ་བ་མཐའ་ཡས་པ་ཞིག་བཅངས་ཏེ།
བྱ་དངོས་ཡོད་རྒུའི་སྐད་རིགས་དང་། མངོན་ཤེས་ཀྱི་གསང་བ་དཀྲོལ་ཚུལ་རྟོགས་སུ་བཅུག
རེད་ཨང་། སྲིད་པ་ཆགས་དུས་ནས་ལྷུན་གྱིས་གྲུབ་པའི་ཆོས་ཉིད།
མིའི་རིགས་ཀྱིས་ཉིན་རེ་བཞིན་འཁྲུག་ཏུ་བཅུག་པ་རིམ་གྱིས་ཤེས་བྱུང་།
ངར་ལྕགས་ཀྱི་སྐད་སྒྲ། དེ་བཞིན་མཁའ་རུ་ཟུག་པའི་ཨར་འདམ་གྱི་སྨིག་སྒྱུ།
ས་ལྒང་འདིའི་ལྗང་མདོག་གི་གློ་བ་ཡི་ལོ་མའི་ཐོག་ཏུ།
ཟུངས་ཁྲག་དམར་ཆེམ་ཆེམ་གྱི་རྨ་ཁ་ཕབ་འདུག ང་ཚོས་ད་དུང་།
དུས་ཡུན་སྐར་མ་རེ་རེའི་སྟོང་ཆའི་ནང་དུ་ཡང་།
སྲོག་ཆགས་དང་རྩི་ཤིང་གི་རྒྱུན་སྟོངས་བཞིན་པ་མཐོང་ཐུབ།
ང་ཚོ་ལ། ད་ནི་དུས་ཚོད་རིང་པོ་མེད་པ་རྟོགས་བྱུང་།
མིའི་རིགས་ཀྱི་ཐད་ནས་ཡིན་ནའང་འདྲ་ལ། ང་ཚོ་རང་ཉིད་ཀྱི་ཐད་ནས་ཡིན་ནའང་འདྲ།
འདི་ནི་ཆེས་མཐའ་མཇུག་གི་གོ་སྐབས་ཤིག་ཡིན་སྲིད།
རྒྱུན་མཚན་ནི་ས་ལྒང་འདིའི་ཚེ་སྲོག་གི་བཞུར་རྒྱུན་འདི་ཡིས།
སྲོག་ཆགས་དང་རྩི་ཤིང་གང་རུང་ཞིག་གི་རྒྱུན་སྟོངས་པ་ནི།
ངེད་ཅག་ཐུན་མོང་གི་མགོ་ཐོག་ཏུ་ལྷུང་བའི་ཆག་སྒོ་དང་ལྟས་ངན་ཡིན་པ།
ར་སྤྲོད་བྱས་ཟིན།
ངས་འདི་ནས། མིའི་རིགས་ལ་བརྗོད་འདོད་པ་ནི།
ངེད་ཅག་སུ་ལ་ཡང་ལྡོག་ཐབས་གཏན་ནས་མེད། འདི་ཡང་།
ང་རང་བྲག་རྡོའི་ཐོག་ཏུ་བསྡད་དེ།
ངུ་མཚམས་གཏན་ནས་འཇོག་མ་ཐུབ་པར་ལུས་པའི་རྒྱུ་རྐྱེན་ཡིན།
 

༡༥


ང་ནི་རྣམ་པ་གཞན་ཞིག་གི་ཚུལ་དུ་གནས་ཡོད། བྲག་རྡོ་ཁམ་པའི་སྟེང་ནས་ལོག་འོང་པ་ཁོ་ན་ལས།
རྒྱུན་དུ་རང་ཉིད་མཐོང་ཐབས་བྲལ།
ཆེས་དགའ་ཞིང་སྤྲོ་བ་ནི། སྐར་འོད་ཀྱི་ཕྲ་ཚོམ་བཀོད་པའི་མཚན་གུང་གི་ནམ་མཁའ་རེད།
རྒྱུ་མཚན་ནི། ཕ་མཐའ་ཡས་པའི་མཁའ་མཐའ་དེ་ནི།
རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་ལུས་པོའི་འཆར་སྣང་ལས་འཁྲུངས་པའི་རི་མོ་འདྲ།
 
རང་ཉིད་ཀྱི་ཤེས་རྟོགས་ལ་བདེན་དཔང་བྱེད་ཆེད།
དབུགས་དལ་མོར་རྔུབ་གཏོང་བྱས། ང་ཡིས་ལེ་དབར་སྟོང་གི་མཚམས་ནས།
རྩྭ་ཐང་སྟེང་གི་མེ་ཏོག་དང་རྩི་ཏོག་གི་བསུང་ངད་སྣོམ་ཐུབ།
དེ་མིན་སྐད་ཅིག་ཙམ་ལ། གཙོད་ཁྱུ་བོར་སའི་ཁ་ཕྱོགས་གསལ་པོར་འབྱེད་ཐུབ།
ཐ་ན་མཚམས་རེར། སུ་ཞིག་གི་རྨིག་རྗེས།
རྫ་ཆུའི་གཏིང་དུ་ལྷུངས་སྲིད་པ། ནོར་འཛོལ་མེད་པར་སྔོན་དཔག་བྱེད་ཐུབ།
 
ང་ཡིས་རྡུལ་ཕྲ་རབ་ཀྱི་སྐད་སྒྲ་ཐོས་ཐུབ།
དེ་ཡི་ལྟེ་བ་རུ། བྲག་རྡོ་ཆེན་པོ་སིལ་བུར་ཐོར།
རེས་གསལ་རེས་ཡིབ་ཀྱི་དགུ་ཚིགས་ཀྱི་གཙང་པོ་ཡང་གཏན་དུ་ནུབ་སོང་།
ཤུལ་དུ། གཏིང་རིང་བའི་ནག་ཁུང་ཁྲི་མ་འབུམ་ལས།
རྒྱུས་མེད་ཀྱི་འོད་སྣང་ལམ་ལམ་འཚེར།
 
ང་ཡིས་རྨི་ལམ་གྱི་ནང་ནས། འཆི་བའི་ཐེམ་སྐས་ཀྱི་གམ་དུ་ཡང་ཡང་འབྱོར་བའི་ངང་ཚུལ་འཆང་ཐུབ།
དེ་ཡི་དུས་སུ། སྐྱེ་བ་མ་འཕོས་གོང་གི་ཆ་བྱད་དེ་མཐོང་ཐུབ།
སྡིག་ཉེས་ཀྱི་རྡེའུ་ནག་པོའི་ཁ་གྲངས་ཉུང་དུ་གཏོང་ཆེད། སྔོན་ཆད་ངས་ཀྱང་།
འགྱོད་བཤགས་ཀྱི་དུང་བརྡ་ཡང་ཡང་བརྡུངས་མྱོང་།
 
མ་གཞི་ང་ལ་སྲོག་དགུ་ཡོད་ཀྱང་། འཆི་བ་མི་རྟག་པ་ཐོན་ཚེ།
སྐྱེ་བ་ཕྱི་མ་ཞིག་ཏུ་གསར་དུ་སྐྱེས་པ་དང་གཅིག་མཚུངས་ཡིན། …………
 

༡༦

ང་ཡིས་ཡི་གེ་ལས་གྲུབ་པའི་སྙན་ངག་འབྲི་མི་ཤེས།
འོན་ཀྱང་། ང་ཡིས་སྔར་བཞིན་རང་གི་སུག་ལག་ལ་བརྟེན་ནས།
དཀར་བོང་བོང་གི་ཁ་བའི་འབྲི་བྱེད་ཐོག་ཏུ།
བུ་རབས་ཚ་རྒྱུད་ལ། རང་གི་ཆེས་མཐའ་མའི་ཁ་ཆེམས་འདི་འཇོག་ངེས་ཡིན།
 
ང་ཡི་མི་ཚེ་ཧྲིལ་པོ། ངེད་ཅག་གི་ཕ་མེས་ཡང་མེས་ཇི་བཞིན།
གངས་རིའི་ལྗོངས་ཀྱི་འཇིག་རྟེན་འདིའི་ཡོད་ཚད། གོམས་འདྲིས་ཆེ་ལ་ཆ་རྒྱུས་ཟབ།
གནས་འདི་རུ། སྐྱ་རེངས་ཀྱི་ཉི་ཟེར།
ས་སྲོས་ཀྱི་ཉི་མ་ནུབ་ཚུལ་ལས་ལྡབ་བརྒྱ་ཕྲག་གིས་ཡི་གར་འོང་། དེ་ཡི་འབྱུང་རྩ་ནི།
གངས་དཀར་པོའི་ལྡོག་འཕྲོ་ལས་བྱུང་བ་ཞིག་རེད། ངེས་ཅག་གིས།
དུས་ཚིགས་བཞི་པོར། བདེ་སྐྱིད་ཀྱི་སྣང་བའི་ངང་ནས་འཚོ་ནུས་པ་ཞིག་མ་ཡིན།
གཅིག་བྱས་ན། འདི་ནི་ལས་དབང་དང་འཚོ་བ་ཡི་མི་རྟག་པ་ཡིན་ཡང་སྲིད།
མཚམས་རེར། འཚོ་གནས་ཀྱི་ལྟོ་ཐུན་རེ་རེའི་དོན་དུ།
རྣོ་ངར་ཅན་གྱི་རྡོ་ཆག་གིས་རྨ་ཁ་གཏད་པ་ཡང་ཉུང་ཉུང་མིན།
གནས་བབ་འདི་འདྲ་ཞིག་ཡིན་རུང་། ང་ཡི་བདེ་སྐྱིད་ཀྱི་འཚོ་བ།
སྡུག་བསྔལ་གྱི་དུས་ཚིགས་ལས་ལྷག་ཏུ་མང་བ་ཡོད།
 
སྔོན་ཆད་ང་ཡིས་བརྗིད་ཆགས་ཉམས་དགའ་བའི་ཡུལ་ལྗོངས་སྣ་ཚོགས་མཐོང་མྱོང་།
དེ་དག་ནི་མི་ཡང་ཚུད་པའི། འཇིག་རྟེན་འདིའི་སྟེང་གི་སྲོག་ཆགས་གཞན་དག་སུས་ཀྱང་།
གཏན་ནས་རིག་མ་མྱོང་ཞེས་བརྗོད་ཆོག
ང་ཡི་འདོད་པ་ཡིས་རྙེད་པ་ཞིག་མ་ཡིན་པར།
རླབས་ཆེ་བའི་འཇིག་རྟེན་གྱི་བྱེད་པོས་ང་ལ་བསྩལ་བའི་ལེགས་སྐྱེས་ཡིན།
གངས་རི་མཐོན་པོ་འདིའི་ཡང་རྩེ་ནས། བརླན་བཤེར་གྱི་དུས་ཚོད།
གངས་སྔོན་པོའི་གཟི་བྱིན་གྱི་ཁྲོད་དུ་ཡལ་བཞིན་པ་དང་།
འོད་འཕྲོ་བའི་སྐར་ཚོམ་གྱིས། དྲི་བསུང་ཐུལ་བའི་བདུད་བརྩི་འབབ་བཞིན་པ་མཐོང་བྱུང་ལ།
འོད་ཀྱི་ཉག་མ་ཞིག།འཇིག་རྟེན་ཁམས་ཀྱི་ཚི་སྣ་ལས་འཁྲུངས་སྟེ།
དལ་བུར་རྟག་བརྟན་གྱི་མུན་པའི་དབྱིངས་སུ་ཇི་ལྟར་བྱིངས་པ། ང་ཡིས་མཐོང་བྱུང་།
རེད་ཡང་། ང་ཡིས་ད་དུང་ཁྱེད་ལ་གསང་བ་ཞིག་བརྗོད་པར་བྱ་སྟེ།
ང་ཡིས་དམྱལ་ཁམས་ཀྱི་ཆ་ཚང་བའི་རྣམ་པ་དེ་རིག་མ་མྱོང་ཡང་།
ལྷ་ཡུལ་ལ་བགྲོད་པའི་ཐེམ་སྐས་དེ་རྙེད་མྱོང་།
 

༡༧


འདི་ནི་གྱེས་ཕྱག་ཞུ་བ་མ་ཡིན།
ཀྱེ། ང་ལ་བསམ་ཤེས་གནང་རོགས། ང་ནམ་ཡང་འདི་ནས་གྱེས་མི་སྲིད།
འདི་ནི་ཆེས་མཐའ་མཇུག་གི་མངའ་ཁོངས་དེ་ཡིན་རུང་།
ང་ནི་གྲོགས་མེད་ཁེར་རྐྱང་དུ། མི་མེད་ཀྱི་ལུང་སྟོང་དུ་འཚོ་སྲིད།
 
ད་ནས་ང་གསོད་དུ་མ་འོང་། ང་ཡང་སྐར་མའི་འཇིག་རྟེན་འདིའི་ཐོག་གི
ཁྱེད་ཅག་དང་ཤ་རུས་རྒྱུད་པ་གཅིག་ཏུ་འབྲེལ་བའི་སྤུན་ཟླ་ཡིན།
གཤོག་པ་ནག་པོས་ང་མ་སྣུབས་གོང་དུ།
མནར་གཅོད་དང་འཆི་བ་ཡི་འཇིག་པ་ཚོར་དུ་མ་འཇུག་རོགས།
 
ང་རང་ཕ་མེས་ཀྱི་ལོ་ངོ་ཁྲི་ཁྲག་གི་དྲན་པ་ལས་སད་པའི་དུས་སུ།
དངོས་གྲུབ་ལས་ཐོབ་པའི་སྐད་བརྡ་ཡིས། ང་ཡི་མཆུ་ཏོ་འཁྲབ་ཆས་ལྟ་བུར་བསྒྱུར།
ཕ་བུའི་རུས་མིང་གིས་མཉམ་དུ་སྦྲེལ་བའི་སྲོལ་རྒྱུན་དེ་དག
དེང་གི་དུས་སུ། བཙན་དབང་ཡོད་ཚད་ལ་ངོ་རྒོལ་བྱེད་པའི་མཚོན་ཆར་གྱུར།
 
ཀྱེ། ང་ལ་བསམ་ཤེས་གནང་རོགས། ང་ལ་རིན་ཐང་མེད་པའི་གདུང་སེམས་མཉམ་བསྐྱེད་མི་དགོས།
ང་ཡི་ལོ་རྒྱུས་དང་རིན་ཐང་གི་མ་ལག དེ་བཞིན་ཐུན་མོང་མ་ཡིན་པའི་འཚོ་སྟངས་ནི།
ང་རང་འཇིག་རྟེན་ཁམས་ཆེན་མོ་འདིའི་ཐོག་ཏུ།
རྐང་ཚུགས་པའི་རྟེན་གཞི་ཁོ་ན་ཡིན་པས། སུས་ཀྱང་ཚབ་བྱེད་ཐབས་བྲལ་ཡོད་ཨང་།
 
ང་ཡི་འདྲ་པར་དེ།
ཀུན་གྱིས་མཐོང་སར་མ་འཇོག་རོགས།
སྲུང་སྐྱོབ་ལ་ཁ་གཡར་ཏེ། ལྐོག་ནས་རྗེས་འདེད་གཏོང་མཁན་དང་རིགས་རྒྱུད་དཀྲུག་མཁན་དེ་དག་ལ།
ང་རང་ཧ་ཅང་སྐྲག་གིན་འདུག
 
ཀྱེ། ང་ལ་བསམ་ཤེས་གནང་རོགས།
འདི་ནི་གྱེས་ཕྱག་འབུལ་བ་མ་ཡིན་ཀྱང་།
མཐའ་མཇུག་གི་འདྲི་གཅོད་དེ།
དུས་ཡུན་ཧ་ཅང་རིང་པོ་ཞིག་གཏན་ནས་མིན་པའི་ཡིད་ཆེས་ཡོད་ཨང། …………
 
 མཆན།

སྙན་ངག་འདི་ནི་ཡུན་ནན་དཔེ་སྐྲུན་ཚོགས་པས་བསྐྲུན་པའི《ཅི་ཏེ་མ་ཅཱ་ཡི་རང་བཏུས་སྙན་ངག་ཕྱོགས་བསྒྲིགས》ལས་བདམས་ཏེ་བསྒྱུར།

1 ཅི་ཏི་མཱ་ཅ། ༡༩༦༡ལོར་སི་ཁྲོན་ཞིང་ཆེན་གྱི་ཏ་ལེང་ཧྲན་དུ་སྐྱེས། དབྱི་རིགས། སྙན་ངག་པ་དང་རྩོམ་པ་པོ། ཡིག་གཟུགས་མཁས་ཅན་བཅས་ཡིན། ད་ལྟ་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའི་འགན་བཞེས་ཡོད། དེང་དུས་རྒྱལ་སྤྱིའི་ཐོག་ཏུ་གྲགས་པ་ཆེ་བའི་སྙན་ངག་པ་ཞིག་ཡིན། ༢༠༠༧ལོར་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་སྟོན་ཞེས་པ་བཙུགས་པ་མ་ཟད་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་དང་གསེར་གྱི་གཙོད་ཞེས་པའི་རྒྱལ་སྤྱིའི་སྙན་ངག་དཔྱད་འདེམས་ཨུ་ལྷན་གྱི་ཀྲུའུ་ཞི་ཡི་ཐུགས་འགན་བཞེས། ཁོང་གིས་རྒྱལ་ནང་དུ་སྙན་ངག་བསྡུས་དེབ༢༠ཙམ་པར་པར་སྐྲུན་ཞུས་ཡོད། ཁོང་གི་བརྩམས་ཆོས་ཡིག་རིགས༣༠ཙམ་ལ་བསྒྱུར་ཡོད་ལ་རྒྱལ་སྤྱིའི་རང་བཞིན་གྱི་བྱ་དགའ་སྣ་ཚོགས་ཐོབ་མྱོང་།

2 ཅོ་ཀྲེ་ཧྲ་ལེ། ༡༩༣༣ལོར་སྐྱེས། ཨ་རིའི་སྲོག་ཆགས་རིག་པ་བ་དང་རྟེན་རྫས་རིག་པ་བ། རང་བྱུང་སྲུང་སྐྱོབ་རིང་ལུགས་པ་དང་རྩོམ་པ་པོ་ཡིན། 《ཨ་རིའི་དུས་རབས་གཟའ་འཁོར་དུས་དེབ》ཀྱིས་འཛམ་གླིང་ཐོག་གི་སྲོག་ཆགས་ཞིབ་འཇུག་པ་ཕུལ་དུ་བྱུང་བ་གསུམ་གྱི་ཡ་གྱལ་ལ་བདམས་མྱོང་ལ་འཛམ་གླིང་ཡོངས་ཀྱིས་ཁས་ལེན་ཐོབ་པའི་གསའ་གཟིག་ཞིབ་འཇུག་གི་རིགས་གཅིག་མཁས་དབང་ལ་ཡང་བདམས་མྱོང་།

                                                                                            
   གྲ་གཉེན་ཚེ་རྒྱལ་གྱིས་བསྒྱུར།

 

རྩོམ་སྒྲིག་པ། དབང་མོ།


 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།