གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསར་བརྩམས་གཏམ་དཔེ།

2014-06-09 07:32:00 ས་སྐྱ་བ་བསོད་ཚེ། ཀློག་གྲངས། མཆན ཡོད།

མགོ་ཐོག་བཀུར་རྒྱུ་སྒོར་མོ། །རྐང་འོག་བརྫི་རྒྱུ་རྒྱུ་འབྲས། །
 
གོ་ས་མཐོ་ཚད་སྡིག་ཉེས་ལྕི། །མི་སེར་དཀྱུས་མ་བར་དོ་ཡངས། །
 
གཞུང་རྒྱུ་ཕར་སྟེར་ཚུར་ལེན་རེད། །སྒེར་དོན་ཕར་རོགས་ཚུར་བསྒྲུབ་རེད། །
 
མཚན་འགྲུལ་རྒྱག་མཁན་ར་བཟི་བ། །ཉིན་གཉིད་ཉལ་མཁན་གཞང་འཚོང་མ། །
 
བསྟོད་པ་ངས་མི་ཤེས། །དྲང་གཏམ་འདི་ན་ཡོད། །
 
རང་ཡག་མི་ཤེས་མི་ཡིས་ནི། །གཞན་རྐུབ་ལྡག་པ་ཨ་ཅང་ཅང་། །
 
འབྲི་མར་སེར་པོ་གཞན་ལ་བཙོངས། །ཤིང་མར་སོབ་སོབ་རང་གིས་བཟས། །
 
ལག་ཤེས་པ་ཅན་ཚོ་དམན་པར་བརྩི་བ་འདི། །བོད་རྗེས་ལུས་ཐེབས་པའི་རྒྱུ་མཚན་ཡིན་ནམ་ཅི། །
 
ཕོ་ཨ་གསར་ཅན་གྱིས་དོན་མི་བསྒྲུབ། །དམན་ཕྲག་དོག་ཅན་ལ་སེམས་སྡུག་མང་། །
 
གཙང་ལ་བཙོག་པ་དཔོན་གྱི་ལག་པ་རེད། །བཙོག་ལ་གཙང་བ་དམངས་ཀྱི་ལག་པ་རེད། །
 
གཏམ་རྫིག་པོ་ཚོགས་འདུའི་ཐོག་ལ་ཤོད། །ལས་ངན་པ་ཚོགས་འདུའི་རྗེས་ལ་ཡོད། །
 
ལོ་གསུམ་དཀོན་གཉེར་མ་དངུལ་གྲབས་གསོག་གིས། །གྲྭ་ལོག་ཚོང་པའི་མ་རྩ་ཚུགས་རབས་བཤད། །
 
མི་འཇོན་དཔོན་གནས་བཟུང་བ་དེ། །རང་སྡུག་རང་གིས་ཉོས་པ་རེད། །
 
གཞུང་སྒོར་ཐར་ས་མི་འདུག །ལྟག་སྒོ་བརྒྱུད་དེ་ཕེབས་རོགས། །
 
འདོད་པ་ཆེ་བ་ལས་ཕུགས་བསམ་རིང་བ་དགའ། །
 
ལྐོག་ལྐོག་སུབ་སུབ་ཀྱིས་རང་དོན་བསྒྲུབ་སྟེ། །དམར་དམར་རྗེན་རྗེན་དུ་གཞན་སྐྱོན་འཚོལ་བ། །
 
ཁ་དགྲ་བསགས་པ་དོན་ཆུང་རེད། །ལྐོག་མདའ་འཕང་ན་སྡིག་ཉེས་ཆེ། །
 
བླ་མས་རྒྱ་ཡུལ་འགྲིམས། །བཙུན་ཆུང་སྲང་ལ་འཁྱམས། །
 
རྩིབ་རྡོ་བཟང་ལོས་ལས། །འཇོན་ཐང་ཆེ་ཆུང་མེད། །
 
ཁ་ལ་མཁས་ལོས་ལས། །ཡོན་ཏན་ལ་ཆེ་ཆུང་མེད། །
 
གོ་ཆོད་ཀྱི་སྦག་སྦག །སྲོག་འཕྲོག་གི་གཤེད་མ། །
 
མི་ལ་ཆོས་དད་མེད་ན། །སྤྱོད་པ་ལ་ཚད་འཛིན་མེད། །
 
ཁྲིམས་ཀྱིས་གཅུན་པ་མ་རེད། །རྒྱུ་འབྲས་ལ་འཛེམས་པ་རེད། །
 
རང་དོན་བསྒྲུབ་པར་འཆུག་པ་མེད། །གཞན་སྐྱོན་གླེང་བར་ཐོགས་པ་མེད། །
 
གོམ་གསུམ་ཕར་ལ་སྤོ་ན་ཐོབ་ཐང་ལག་འཁྱེར་དགོས། །དོན་གསུམ་ཚུར་ལ་བསྒྲུབ་ན་ལྟག་སྒོའི་པྰ་སེ་དགོས། །
 
བཟས་པའི་བཅུད་ཡིན་དང་། །གནོད་པའི་དུག་ཡིན་ཤོད་དཀའ། །
 
འདོད་པ་དང་ཕུགས་བསམ་གཅིག་པར་མ་བརྩི། །འདོད་པས་ཕུང་ཡང་ཕུགས་བསམ་གྱིས་མི་ཕུང་། །
 
ར་མ་ལུག་གི་སྐད་ཆ། །ཤི་མ་གསོན་གྱི་མི་རིགས། །
 
སེམས་ཀྱི་བདེ་བ་ནི་བདེ་བའི་མཆོག་དང་། །སྐད་ཆའི་རང་དབང་ནི་རང་དབང་དངོས་ཡིན། །
 
ཁང་པ་མོ་ཊ་ཚེ་གཅིག་དམིགས་འདུན་རེད། །དམིགས་འདུན་དེ་ལས་མེད་ན་སྐྱོ་པོ་རེད། །
 
ཅ་ལག་བརྐུས་ཏེ་བཙོངས་ན་དོན་ཆུང་རེད། །སྐད་ཆ་བརྐུས་ཏེ་བཙོངས་ན་ཞེད་སྣང་ཆེ། །
 
བླ་མས་ཆུ་འགོ་ནས་ཚེ་ཐར་གཏོང་རྐྱང་དང་། །ཉ་པས་ཆུ་གཞུག་ཏུ་ལྕགས་ཀྱུ་འཕེན་རྐྱང་རེད། །
 
བླ་མས་ཁྲིན་ཏུ་རུ་ཉ་ཚེ་ཐར་བཏང་ནས་སྤྲོ་ཡོད། །གྲྭ་པས་དར་མདོ་རུ་འབུ་འཚོང་བརྒྱབ་སྟེ་དགའ་ཡོད། །
 
བུ་སྐྱེ་དུས་སྐད་གྲགས་ཆེ་ཡང་། །བུ་མོ་ལོངས་ན་ཕ་མར་ཕན། །
 
རླུང་རྟ་དར་མིན་སུ་ཡིས་ཤེས། །རི་མགོར་དར་ལྕོག་ཕུང་པོ་ཆགས། །
 
ར་བཟིའི་ཁ་ན་དྲང་གཏམ་ཡོད། །དྭངས་ན་དྲང་གཏམ་ཤོད་མཁན་དཀོན། །
 
བྱམས་པའི་སྐེ་ལ་འཐམས། །སྙིང་སྡུག་ཡིད་ལ་སྒོམ། །
 
གོང་ཐང་རག་ན་རང་ཁྱིམ་སྒོ་ཁྱི་འཚོང་། །རང་འདོད་བསྒྲུབ་ན་རྒྱུ་འབྲས་བརྩི་མཁན་མེད། །
 
བྲན་དུ་བཀོལ་བ་སླ་མོ་སྟེ། །བྲན་གཤིས་ཟབ་ན་བསྒྱུར་བར་དཀའ། །
 
མིག་ཤེལ་ཇ་ཁུ་མདོག་ཅན་གྱོན་པའི་མིས། །སྤྲིན་པ་དཀར་པོ་མཐོང་ན་ཡ་མཚན་རེད། །
 
གོང་དཔོན་པོའི་ཐུགས་ལ་འབབ་ན། །འོག་མི་སེར་གྱི་ཁམས་དང་མི་བསྟུན། །
 
བོད་ཡིག་སྦྱོར་ཀློག་ཤེས་པ་ཙམ་གྱིས་གྲྭ་པ་དང་། །རྒྱ་ཡིག་འབྲི་ཀློག་ཤེས་པ་ཙམ་གྱིས་ཉེན་རྟོགས་པ། །
 
རྒྱུ་ཡིས་དབང་ཉོ། །དབང་གིས་རྒྱུ་གསོག །
 
ལན་བརྒྱར་སྨྲས་པའི་རྫུན་གཏམ་དག །ཕལ་པའི་སྣང་ངོར་བདེན་དོན་གྲུབ། །
 
འབྲོང་ནས་གཡག་ཏུ་གདུལ་དཀའ་སྟེ། །གཡག་ནས་འབྲོང་དུ་དེ་བས་དཀའ། །
 
བཙིར་ཆེ་ན་ཤོར། །གནོན་ཆེ་ན་འཕག །
 
ལུས་པོ་གཅུན་སླ་སྟེ། །སེམས་པ་དབང་བར་དཀའ། །
 
ནགས་མཐའ་སེང་གེས་སྲུང་བ་མི་ཤེས་པའི། །རི་བོང་སྡར་མས་ཝ་མོར་ཕྱག་འཚལ་བྱེད། །
 
གསར་གཏོད་ཀྱི་གྲལ་འགོར་མ་སླེབས་པར། །རྫུན་བཟོ་ཡི་གྲལ་རྗེས་ཟིན་པ། །
 
མེ་ཕུར་ཤི། །མཇེ་ཕུར་ལངས།།
 
ཆུང་དུས་རང་ཕྲུག་གསོས་པ་དེ། །རྒས་དུས་རང་ལུས་འགན་བཅོལ་རེད།།
 
ཁ་ནས་ཆོས། །ཁོག་ནས་ཚོང་།།
 
དལ་དྲགས་ན་ལུས་ལ་ན་ཚ་ལངས། །བྲེལ་དྲགས་ན་འཚོ་བར་སྐྱིད་སྣང་མེད།།
 
བལྟ་བའི་བློ་མེད་ན། །མཐོང་བའི་མིག་མེད།།
 
ཆུ་འགོ་བླ་མའི་ཚེ་ཐར་གཏོང་ས་དང་། །ཆུ་གཞུག་ཉ་པའི་དོལ་དྲྭ་འགྲེམས་ས་རེད།།
 
རྒྱལ་འཛུགས་བཅུ་ལས་ཕམ་པ་དགུ།།

       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།