གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམངས་གླུ་ཆུ་མིག་དགུ་སྒྲིལ།༩

2009-09-25 20:36:00 རྔ་བ་ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་། ཀློག་གྲངས། མཆན ཡོད།

262

ཤིང་ཤུག་པ་ཨ་ཁྲ་པ་ཁྲ་རེད།།

བྱ་ཁུ་བྱུག་འབབ་སྟབས་མི་བདེ་གི།

ཐང་སྐྱ་མོ་ཁ་ཞུ་གཏིང་འཁྱག་རེད།།

རྟ་འདོ་བ་རྒྱག་སྟབས་མི་བདེ་གི།

རོགས་ཆུང་འདྲིས་བློ་རྩེ་བརྒྱ་འགྱུར་རེད།།

སེམས་གངས་དཀར་གཏད་ས་མི་ཉན་གི།

263

མགོ་ཝ་ཞྭ་གོན་ནས་མྱེ་འབུད་བྱེད།།

ཞྭ་གྲ་རྩེ་མེ་ཡིས་ཚིག་དོགས་གྱིས།།

རྐང་སོག་ལྷམ་གོན་ནས་རྫ་རྩེ་འགྲིམ།།

ལྷམ་ཁྲ་རིས་རྡོ་ལ་རྡེབ་དོགས་བྱོས།།

བཟའ་ཚེ་རོགས་ཉར་ནས་ཡང་རོགས་འཚོལ།།

ཁྱིམ་བཟའ་ཚང་ཁ་ཡ་བྲལ་དོགས་གྱིས།།

264

འགྲོ་མ་མྱོང་རྒྱ་གར་སྟོད་ལ་སོང་།།

རྙེད་མ་མྱོང་དངུལ་དཀར་དྲིལ་བུ་རྙེད།།

བསྙབ་མི་ཕོད་བླ་མའི་མཆོད་རྫས་རེད།།

གཡུག་མི་བྲ་རྒྱ་དངུལ་ལྷད་མེད་རེད།།

 

འགྲོ་མ་མྱོང་ཟི་ལིང་མཁར་ལ་སོང་།།

རྙེད་མ་མྱོང་ཟིང་རྟ་འགྲོས་མ་རྙེད།།

འཁྱེར་མ་ཕོད་ཨམ་བན་ཆིབས་ཆེན་རེད།།

སྐྱུར་མི་བྲ་གྱི་ལིང་འཆུག་མེད་རེད།།

 

འགྲོ་མ་མྱོང་རྒྱ་ནག་སྨད་ལ་སོང་།།

རྙེད་མ་མྱོང་རྒྱ་གཡུ་དྲུག་དཀར་རྙེད།།

སྒྲུག་མི་ཕོད་དཔོན་པོའི་གཡུ་རྣ་རེད།།

གཡུག་མི་བྲ་ནོར་སྣ་འཁྲུལ་མེད་རེད།།

265

ཁ་ལོ་མེད་སའི་ཁ་དཀར་རྐྱང་།།

འོག་རྟ་བྱེད་འདོད་སྨྱོན་པ་རེད།།

སྣ་ལོ་མེད་སའི་བྲེ་སེར་འབྲོང་།།

སྣ་མ་བྱེད་འདོད་སྨྱོན་པ་རེད།།

ཤེས་རྒྱ་མེད་སའི་ཨ་མཐུན་རོགས།།

ཚེ་རོགས་བྱེད་འདོད་སྨྱོན་པ་རེད།།

266

ཁྲི་གདུགས་ཉི་མའི་ཁ་ཡ་ལ།།

བཅོ་ལྔའི་དུང་ཟླ་ནག་པོ་རེད།།

དུང་ཟླ་ནག་པོ་མ་རེད་ད།།

གསལ་བོས་གསལ་བོ་སྒྲིབ་སོང་ཐལ།།

 

མགྱོགས་ཆེན་ཤ་ཁྱིའི་ཁ་ཡ་ལ།།

གཅན་གཟན་ཝ་མོ་ཞ་བོ་རེད།།

ཝ་མོ་ཞ་བོ་མ་རེད་ད།།

མགྱོགས་པས་མགྱོགས་པ་བསྐྱུར་སོང་ཐལ།།

 

དྲིན་ཆེན་ཕ་མའི་ཁ་ཡ་ལ།།

ཆུང་འདྲིས་རོགས་ལོ་འདང་ཆུང་རེད།།

རོགས་དགའ་འདང་ཆུང་མ་རེད་ད།།

གལ་ཆེན་གལ་ཆུང་ཐུག་སོང་ཐལ།།

267

རྟ་མེད་རྐང་ཐང་འགྲོ་ཉིན་མོ།།

ཁྲི་གདུགས་ཉི་མ་དཀའ་རོགས་རེད།།

རྒྱུས་མེད་མི་ཡུལ་འགྲིམས་ཉིན་མོ།།

ཁུ་བྱུག་གསུང་སྐད་སྐྱོ་རོགས་རེད།།

རོགས་མེད་ས་མཐའ་བསྐོར་ཉིན་མོ།།

ཨ་མཐུན་ཆུང་འདྲིས་སུན་རོགས་རེད།།

རི་མགོ་མཐོན་པོའི་ཉི་མ་དེ།།

དྲོ་རོགས་མ་རེད་འཁྱག་རོགས་རེད།།

268

བྲ་བོ་བརྔོས་མའི་ཡོས་ཁྲ་དེ།།

བརྒྱགས་རོགས་མ་རེད་ལྟོགས་རོགས་རེད།།

ས་ཐག་རིང་བོའི་རོགས་ལོ་དེ།།

དགའ་རོགས་མ་རེད་སྡུག་རོགས་རེད།།

269

རི་མགོ་མཐོན་པོའི་དར་ལྕོག་དེ།།

ཤར་རླུང་བརྒྱབ་དུས་ནུབ་ལ་སྐྱོད།།

ནུར་རླུང་བརྒྱབ་དུས་ཤར་ལ་སྐྱོད།།

ཁྱོད་དར་ལྩེ་རྡེབ་ཚོད་མ་ཟིན་ན།།

དར་ཤིང་རྩ་བ་ཆག་རན་རེད།།

 

ལྷ་ལུག་མ་མོ་འགྲོ་ཡུ་མ།།

རྩྭ་སྔོ་མ་རིག་དུས་གཞུང་ལ་འབབ།།

རྩི་ཐོག་རིག་དུས་གཞུང་ལ་འབབ།།

རྩི་མགོ་རིག་དུས་རི་ལ་འགོ།།

ལུག་གཡུང་མོ་འགྲོ་ཚོད་མ་ཟིན་ན།།

རི་སྤྱང་སྔོན་མོས་ཟ་རན་རེད།།

 

རྒྱ་གྲོང་དཀྱིལ་གི་ཆུང་ལོ་ཁྱོད།།

རོགས་སྔ་འདྲིས་རིག་དུས་གྲོང་སྟོད་འགྲིམས།།

ད་འདྲིས་རིག་དུས་གྲོང་སྨད་འགྲིམས།།

རོགས་གསར་རྙིང་བརྗེ་ཚོད་མ་ཟིན་ན།།

རོགས་མེད་ཁེར་འཁྱར་ལུས་རན་རེད།།

 

སྡེ་ཆེན་པོ་རོགས་གིས་བསྐོར་དུས།།

ངའི་ཞེ་མཐུན་རོགས་ལོ་དྲན་གི།

སྡེ་མི་གཅིག་ཚོ་དྲུག་གླིང་ན།།

མགོ་སྒུར་རེ་རྩེ་གོ་འདོད་ན།།

ཞེ་སྡུག་ནས་ཁ་ལ་སྨྲེང་གི།

270

རྟ་རྐྱང་ཆུང་གསེར་གྱི་གདོང་མཐུར་ཅན།།

སྔར་སྔོན་མ་ང་ཚོའི་གློ་རྟ་ཡིན།།

དུས་དེང་སང་གར་སོང་ཆ་མེད་རེད།།

རྟ་དེ་ཆས་ཁེབས་འཛོམས་པར་ཤོག།

 

མཛོ་ཁྱུང་དཀར་གཡུ་ཡི་རྭ་ཅོ་ཅན།།

སྔར་སྔོན་མ་ང་ཚོའི་ཁལ་མཛོ་ཡིན།།

དུས་དེང་སང་གར་ཡོད་ཆ་མེད་རེད།།

མཛོ་དེ་ལ་རྩྭ་ཆུ་འཛོམས་པར་ཤོག།

 

རོགས་ཆུང་ལོ་གཤིས་བཟང་སེམས་དཀར་ཅན།།

སྔར་སྔོན་མ་ང་ཚོའི་ཨ་མཐུན་ཡིན།།

དུས་དེང་སང་གར་སོང་ཆ་མེད་རེད།།

རོགས་དེ་ལ་བདེ་སྐྱིད་འཛོམས་པར་ཤོག།

271

མི་ཁྱོད་ལ་དགོས་པའི་བློ་རྟ་གཅིག།

རྟ་ང་ལ་དགོས་པའི་གསེར་སྲབ་གཉིས།།

མི་རྟ་སྒ་སྲབ་ཆ་འགྲིག་རེད།།

སེམས་དེ་བས་དགའ་ཞིག་གང་ན་ཡོད།།

 

བདག་པོ་ཁྱོད་ལ་མཁོ་བའི་སྒོ་ཟོག་གཅིག།

ཟོག་ང་ལ་དགོས་པའི་སྐེ་ལུང་གཉིས།།

མི་ཟོག་རྡང་འཆར་ཆ་འགྲིག་རེད།།

ཞེ་དེ་བས་སྐྱིད་ཅིག་གང་ན་ཡོད།།

 

བུ་ཁྱོད་ལ་དགོས་པའི་རོགས་ལོ་གཅིག།

རོགས་ང་ལ་དགོས་པའི་གཤིས་རྒྱུད་གཉིས།།

ཨ་མཐུན་རོགས་དགའ་ཆ་འགྲིག་རེད།།

བློ་དེ་བས་བདེ་ཞིག་གང་ན་ཡོད།།

272

སྐྱ་རིལ་རིལ་ངང་བའི་སྒོ་ང་རེད།།

བཅག་མ་བཏང་བསྙབ་ན་ཅི་ལ་སྐྱོན།།

སྨུག་ཤམ་ཤམ་བླ་མའི་ན་བཟའ་རེད།།

བརྫིས་མ་བཏང་གོན་ན་ཅི་ལ་སྐྱོན།།

ཁྲ་ལྡེམ་ལྡེམ་བརྒྱ་སྡེའི་ཨ་མཐུན་རེད།།

འདྲིས་མ་བཏང་གཤིབ་ན་ཅི་ལ་སྐྱོན།།

273

འགྲོ་ཚོད་འདུག་ཚོད་མ་ཤེས་ན།།

ཐག་རིང་ཨ་མགྲོན་སྨྱོན་པ་རེད།།

ཟ་ཚོད་འཐུང་ཚོད་མ་ཤེས་ན།།

ཁྱིམ་འཛིན་མ་རྒན་སྨྱོན་མ་རེད།།

འདྲིས་ཚོད་གཤིབ་ཚོད་མ་ཤེས་ན།།

ཨ་མཐུན་རོགས་ལོ་སྨྱོན་མ་རེད།།

274

སྐེ་གཟི་ཁྲ་བལ་བོའི་རྡོ་ཁྱ་རེད།།

བོར་སོང་ན་ང་ལ་ཕངས་སེམས་མེད།།

ལོང་དར་ཐག་བླ་མའི་ཚེ་མདུད་ཡིན།།

བརླག་མི་འཇུག་སེམས་ཐག་གོར་མོ་རྡོ།།

 

རྟ་འདོ་བ་དུད་འགྲོ་རྩྭ་ཟན་རེད།།

ཤི་སོང་ན་ང་ལ་ཕངས་སེམས་མེད།།

སྒ་གསེར་སྒ་ཕ་གཞིས་ཕུགས་ནོར་ཡིན།།

ཆག་མི་འཇུག་སེམས་ཐག་གོར་མོ་རྡོ།།

 

རོགས་ཆུང་ལོ་གཅིག་ཐོག་གཉིས་འཁོར་རེད།།

འགྱང་སོང་ན་ང་ལ་སེམས་ཁྲལ་མེད།།

དྲིན་ཕ་མ་སྤྲིན་བར་ཉི་མ་རེད།།

སེམས་མི་གསོད་སེམས་ཐག་གོར་མོ་རྡོ།།

275

རི་མགོའི་ཁ་བ་ལྷབ་ལྷུབ་དེ།།

ཐག་རིང་མགྲོན་པོའི་སེམས་ལ་གཟན།།

གཟན་མི་དགོས་མགྲོན་པོ་ག་ལེར་ཕེབས།།

གཞུང་གསུམ་རྒྱ་ལམ་ནག་པོ་རེད།།

 

ཞོགས་པའི་ཕོ་རོག་སྟོང་སྐད་དེ།།

གླ་བ་ལུག་རྫིའི་སེམས་ལ་གཟན།།

གཟན་མི་དགོས་རྫི་བོ་ག་ལེར་ཕེབས།།

གཡང་དཀར་འགྲོ་ལམ་བདེ་མོ་རེད།།

 

རྒྱ་གྲོང་མི་ཁ་ཅག་ཅག་དེ།།

ཨ་མཐུན་རོགས་ལོའི་སེམས་ལ་གཟན།།

གཟན་མི་དགོས་རོགས་ལོ་ག་ལེར་ཕེབས།།

གཏམ་མྱི་ཁ་རྒྱབ་ལྷགས་པ་རེད།།

276

རྩྭ་ཟ་འདོད་གཡང་དཀར་གཟས་ལ་བཀྲམ།།

ཟ་མི་འཇུག་རྫི་བོས་བསྐོར་འདེད་བྱེད།།

གནམ་འབབ་འདོད་ལྷོ་སྤྲིན་བྱང་ལ་གཤར།།

འབབ་མི་འཇུག་བྱང་རླུང་ཁམ་པས་གཏོར།།

277

རྟ་ཁྱེར་ན་རྒྱུག་ན་ཆོག་ཆོག་ཡིན།།

རག་དཀར་སྒོ་ལ་བཏགས་བཞག་ཡོད།།

མ་ཁྱེར་བཞག་ན་ཆོག་ཆོག་ཡིན།།

སྲབ་སིལ་མ་ཁ་ལ་བརྒྱུས་བཞག་མེད།།

 

བོའུ་འཕང་ན་བརྒྱབ་ན་ཆོག་ཆོག་ཡིན།།

ཁྲ་རིང་རྫས་རྫོང་བརྒྱབ་བཞག་ཡོད།།

མ་འཕང་བཞག་ན་ཆོག་ཆོག་ཡིན།།

མེ་དམར་བོའི་མྱེ་རྟ་སྒྲིག་བཞག་མེད།།

 

རོགས་འདྲིས་ན་གཤིབ་ན་ཆོག་ཆོག་ཡིན།།

ཁ་ཚིག་གསུམ་སྐད་ཆ་གཏམ་བཞག་ཡོད།།

མ་འདྲིས་བཞག་ན་ཆོག་ཆོག་ཡིན།།

སེམས་གངས་དཀར་བློ་རྩེ་གཏད་བཞག་ཡོད།།

278

རི་གཉན་ཆེན་ཐང་ལྷའི་སྐུ་མདུན་ལ།།

རྩྭ་ཡག་པོ་མཁན་ཆུང་གསེར་མགོ་རེད།།

རྩྭ་ཟ་དགོས་སེམས་ལ་མ་ཤར་ཐལ།།

ངས་འགྲོ་ཞོར་བསང་རྫས་ཐེངས་གཅིག་འཐུ།།

 

བྱང་གནམ་མཚོ་ཕྱུག་མོའི་མཐའ་བསྐོར་ལ།།

ཆུ་ཡག་པོ་བདུད་རྩི་གཡང་ཆགས་རེད།།

ཆུ་འཐུང་དགོས་སེམས་ལ་མ་ཤར་ཐལ།།

ངས་འགྲོ་ཞོར་ཇ་ཆུ་ཐེངས་གཅིག་ལེན།།

 

དམའ་རྒྱ་གྲོང་ཁྲ་མོའི་གཡས་ཟུར་ལ།།

རོགས་ཡག་པ་མ་བཞེངས་ལྷ་སྐུ་ཡོད།།

རོགས་འདྲིས་འདོད་སེམས་ལ་མ་ཤར་ཐལ།།

ངས་འགྲོ་ཞོར་ཁ་མཚར་ཚིག་གསུམ་བཤད།།

279

ཁྲ་ཡི་བུ་ལ་རྒོད་ཀྱི་གཤོག

ཁྲ་བུ་རྒོད་གཤོག་འདོ་བ་རྟ།།

བཏགས་བཞག་ན་རྟ་རའི་རྒྱན་ཆ་རེད།།

བརྒྱུག་བཏང་ན་འཛམ་གླིང་ཉིན་བསྐོར་རེད།།

 

ངར་གྱི་ལྕགས་ལ་དངུལ་གྱི་དཀྲིས།།

ངར་ལྕགས་དངུལ་དཀྲིས་ཁྲ་རིང་བོའུ།།

ཉར་བཞག་ན་ཁྱིམ་གཞིས་རྒྱན་རེད།།

ཁུར་བཏང་ན་དགྲ་ལྷའི་གྲོག་རྫོང་རེད།།

 

མི་ཡི་བུ་ལ་ལྷ་ཡི་སེམས།།

མི་བུ་ལྷས་སྟག་ཤར་བུ།།

བསྡད་བཞག་ན་ནང་གི་ནོར་བུ་རེད།།

སོང་བཏང་ན་ཕྱི་ཡི་ལྕགས་རི་རེད།།

280

སྐྱིད་ཀྱི་ཉི་མ་མགོ་ལ་ཤར།།

དུང་གི་ཟླ་བ་མདུན་ནས་ཚེས།།

སྐར་ཚོགས་ཁྲ་མོས་མཐའ་ནས་བསྐོར།།

དགུང་ཨ་སྔོན་གནམ་ལ་རྟེན་འབྲེལ་འགྲིགས།།

 

དཀར་ཡག་གངས་རི་ཕུ་ལ་ཆགས།།

ལྷ་ཆུ་སྔོན་མོ་མདའ་ལ་འབབ།།

རྩི་ཐོག་མེ་ཏོག་ཟུར་ནས་བཀྲ།།

ས་དོག་མོའི་གཞི་ལ་རྟེན་འབྲེལ་འགྲིགས།།

 

སྡེ་བརྒྱ་སྡེ་བ་གཡས་ལ་ཆགས།།

རྒྱ་གྲོང་ཁྲ་མོ་གཡོན་ལ་ཆགས།།

ཨ་མཐུན་ཆུང་ལོ་བར་ནས་མཐུན།།

རོགས་འུ་གཉིས་བར་ལ་རྟེན་འབྲེལ་འགྲིགས།།

281

ཁྱེད་སྤྲིན་དཀར་བྱང་རིའི་ཐོད་ནས་ཤོག།

ང་སྤྲིན་དམར་ལྷོ་རིའི་རྩེ་ནས་ཡོང་།།

རླུང་དྲག་པོའི་བར་ཆད་མ་བྱུང་ན།།

སྤྲིན་དཀར་དམར་སྡེབ་ནས་བདུད་རྩི་འོང་།།

282

སྟོད་ནག་ཚང་ནོར་གྱི་ཕ་ཡུལ་ལ།།

ཇ་ནག་ཁུ་འཐུང་དགོས་ཅི་འདྲ་རེད།།

དམར་སྡེ་ཆེན་རྟ་བརྒྱའི་ཕ་ཡུལ་ལ།།

རྐང་ཞབས་ཐང་ཕེབས་དགོས་ཅི་འདྲ་རེད།།

283

སྟོང་སྡེ་བའི་མྱི་ཁ་ཆུང་ཆུང་རེད།།

རྣ་ཅོག་བདེ་ཆེན་འཁོར་ལོ་ལ།།

རྒྱ་དངུལ་གཡུ་ཕྲའི་མཛེས་རྒྱན་སྤྲད།།

ཚེ་གཅིག་ལ་འདོག་རྒྱུ་མ་བྱུང་ན།།

ཞག་རེ་གཉིས་རྣ་ཅོག་ཚ་རོགས་རེད།།

284

ཞྭ་དབྱར་ཞྭ་གཅིག་དང་དགུན་ཞྭ་གཅིག།

ང་ཙམ་མིན་བརྒྱ་སྡེའི་ལུགས་སྲོལ་རེད།།

གུར་དབྱར་གུར་གཅིག་དང་དགུན་གུར་གཅིག།

ང་ཙམ་མིན་བརྒྱ་སྡེའི་ལུགས་སྲོལ་རེད།།

285

ལྕང་མ་གླང་མ་ལྡེམ་གི་ཡོད།།

རླུང་བསེར་བུས་ལྡེམ་རོགས་བྱེད་གི་ཡོད།།

ཆུ་ཆེན་ཟམ་པ་ལྡེམ་གི་ཡོད།།

ཉ་གསེར་མིག་ལྡེམ་རོགས་བྱེད་གི་ཡོད།།

ཕ་ཕྱུག་བུ་ལོ་ལྡེམ་གི་ཡོད།།

གཡུ་བྱུ་རུས་ལྡེམ་རོགས་བྱེད་གི་ཡོད།།

286

ཁྱོས་གླུ་མགོ་མཐོ་གི་མ་བསམ།།

དགུང་ཨ་སྔོན་དེ་ལས་མཐོ་རེད།།

ཁྱོས་གླུ་སྐད་ཡག་གི་མ་བསམ།།

འཇའ་ཁ་དོག་དེ་ལས་ཡག་རེད།།

ཁྱོས་གླུ་རྔ་རིང་གི་མ་བསམ།།

ཆུ་རྨ་ཆུ་དེ་ལས་རིང་རེད།།

 

287

དབྱར་འགོ་མའི་མེ་ཏོག་སེར་ཆེན་པོ།།

ཞིང་བཏབས་ནི་མིན་ད་འཁྲུངས་ནི་ཡིན།།

ཟླ་བརྒྱད་པའི་ཁུ་བྱུག་གསུང་སྙན་པོ།།

མགྲོན་བོས་ནི་མིན་ད་བྱོན་ནི་ཡིན།།

ཚེ་བཅོ་ལྔའི་དུང་ཟླ་དཀར་རོ་བོ།།

ཁྱོད་ཤར་གི་ཡོད་ད་བརྗེད་གི་མེད།།

288

སྟོད་ཡོས་ན་ལམ་ཞིག་རིག་རྒྱུ་གན།།

བན་སེར་མོ་དབུས་ལ་འགྲོ་ལམ་རེད།།

བན་སེར་མོའི་དབུས་ལམ་ཡག་པར་ཤོག།

ཆོས་ཀུན་རིག་བསྟན་པ་དར་བར་ཤོག།

 

ཐད་གན་ན་ལམ་ཞིག་རིག་རྒྱུ་དེ།།

སྟག་ཤར་ལོ་ཇག་ལ་འགྲོ་ལམ་རེད།།

སྟག་ཤར་ལོའི་ཇག་ལམ་ཡག་པར་ཤོག།

དགྲ་ནག་པོའི་གཡས་རུ་ནོན་པར་ཤོག།

 

སྨད་མོས་ན་ལམ་ཞིག་རིག་རྒྱུ་དེ།།

མ་བུ་མོའི་གནས་ལ་འགྲོ་ལམ་རེད།།

མ་བུ་མོའི་གནས་ལམ་ཡག་པར་ཤོག།

འབྲི་ཐུལ་ལུའི་འཕེལ་ཁ་དར་བར་ཤོག།

289

ངས་བོའུ་ཞིག་ཉོ་དགོས་ཉམས་རེ་ཞོག།

ཕྱི་བལྟས་ལྕགས་སྒོ་དཀར་ནི་ཞིག།

ནང་བལྟས་གཟུ་འབབ་ཡོད་ནི་ཞིག།

བོའུ་དེ་འདྲ་ཉོ་དགོས་ཉམས་རེ་ཞོག།

 

ང་རོགས་ལ་འགྲོག་དགོས་ཉམས་རེ་ཞོག།

ཕྱི་བལྟས་ན་ཤ་ཁ་དཀར་ནི་ཞིག།

ནང་བལྟས་ན་ཤེས་རྒྱ་ཡོད་ནི་ཞིག།

རོགས་དེ་འདྲར་འགྲོག་དགོས་ཉམས་རེ་ཞོག

290

དགུང་ཨ་སྔོན་སྐར་བརྒྱ་ཐར་ཐོར་རེད།།

སྐར་སྨིན་དྲུག་ཁ་མོ་མོག་མོག་རེད།།

སྨད་སྡེ་ཆེན་སྡེ་བ་ཐར་ཐོར་རེད།།

རོགས་ཆུང་ལོའི་ཡིད་སེམས་མག་མོག་རེད།།

291

དེའི་ཡར་སྐྱེས་ཁྲ་ཡག་ཀླད་གི།

འབྲོང་སྨུག་ཆུང་རྭ་རིང་ཞིག་གིས།།

རྭ་བཟུང་ནས་ལམ་ལ་འབུད་གི།

ང་འབྲོང་མོ་སྡུན་གི་བུད་ནས།།

ངས་མ་འགྲོ་མཚམས་འདྲི་ཞུས་ཡོད།།

འབྲོང་གཅིག་གི་འབྲོང་ཁྱུ་མིན་རུང་།།

རྩྭ་ཟ་སའི་ལུང་བ་གཅིག་ཡིན།།

 

མ་ཐའི་སྡེ་ཆེན་དཀྱིལ་གི།

བུ་ཤར་ལོ་སྟག་ཕྲུག་ཅིག་གིས།།

བོའུ་ཁུར་ནས་ལམ་ལ་འབུད་གི།།

ངས་མ་འགྲོ་མཚམས་འདྲི་ཞུས་ཡོད།།

ཁྱིམ་གཅིག་གི་བཟའ་བ་མིན་རུང་།།

འདང་ཞེ་རྩིས་བཟའ་བའི་ཡན་ཡིན།།

 

 

 

 

རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།