གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ལྗོངས་མཛའ་གཞས།༣

2008-11-03 21:47:00 བོད་མི་དམངས། ཀློག་གྲངས། མཆན ཡོད།

ཆང་མ་བརྒྱ་དང་བརྒྱད་ཅུའི།།
ཆང་ལ་ཞིམ་རྒྱུ་མི་འདུག།
བྱམས་པས་བཙོས་པའི་ཆང་དེ།།
བདུད་རྩི་མིན་ན་གང་ཡིན།།

ས་སྟེང་རི་མོ་སུབ་པར།།
ལས་སུ་སླ་པོ་ཡིན་འགྲོ།
སེམས་མཐུན་མཛའ་སེམས་རི་མོ།།
སུབ་ཀྱང་སུབ་ཐབས་མི་འདུག།

ཆུ་མོ་ཡོད་རྒྱུགས་ཤོག།
རྦ་ཀློང་ཡོད་ན་འཁྲུག་ཤོག།
ང་དང་ཆུ་ཤིང་འོམ་བུ།།
བཅད་ཀྱང་ཆོད་ཀྱི་མ་རེད།།

འདབ་བྱ་མཁའ་ལ་འཕུར་ཡང༌།།
གྲིབ་གཟུགས་ས་ལ་འཁོར་གྱིས།།
ལུས་པོ་ཕྱིན་པ་མ་གཏོགས།།
སེམས་ཉིད་ཁྱེད་ལ་འཁོར་སོང༌།།

སེམས་གཉིས་གཅིག་ཏུ་བསྒྲིལ་བའི།།
གཙང་མའི་ཡིད་ཀྱི་མཆོད་པ།།
ནམ་མཁའི་བླ་མ་དཀོན་མཆོག།
མར་མེ་བཞེས་རོགས་གནང་དང༌།།

ཀོ་བ་བྱ་ལས་མགྱོགས་པ།།
མཉན་དཔོན་ལྷ་ལས་མཚར་བ།།
དེ་འདྲའི་མཉན་དཔོན་མཚན་ལ།།
བྱ་མགྱོགས་ལྷ་མཛེས་ཞུས་ཡོད།།

རྟ་ལ་མཐུར་འགོ་ཡག་པ།།
རྣམ་རྒྱས་སོག་པོའི་མཐུར་འགོ།
མི་ལ་མི་སྤུས་དག་པ།།
རམ་པའི་སྲས་ཆུང་སྐུ་ཞབས།།

བུ་ངའི་ཆུང་འདྲིས་བྱམས་པ།།
ཐང་གའི་ལོགས་ཀྱི་ལོགས་བྲིས།།
ལོགས་བྲིས་ཟུབ་ཡོང་བསམ་ནས།།
སྨན་ཙེའི་ཡོལ་བ་བཏང་ཡོང༌།།

རོ་མངར་བདུད་རྩིའི་ཆང་དེ།།
འཐུང་འདོད་གཞན་གྱིས་བྱེད་ཀྱིས།།
མིག་ཟུར་གཞན་ལ་བལྟས་པས།།
སེམས་པ་ཁྱེད་ལ་ཕྱོགས་སོང༌།།

མདང་ནུབ་ཉལ་བའི་རྨི་ལམ།།
ཁ་བཏགས་དཀར་བོ་བཏང་བྱུང༌།།
ཞོགས་པ་ལངས་ནས་བལྟས་པས།།
བྱམས་པའི་ཞབས་སྒྲོག་ལུས་འདུག།

དར་ལྕོག་ལྷགས་པའི་རྗེས་སུ།།
འགྲོ་འདོད་ཆེན་པོ་འདུག་སྟེ།།
དར་ཤིང་ལས་འཕྲོ་ཅན་གྱིས།།
གཏོང་དོགས་ཁ་པོ་མི་འདུག།

གནམ་དང་སྤྲིན་པའི་དབྲག་ལ།།
གཏན་གྲོགས་འོད་གསལ་སྒྲོལ་མ།།
བར་ཆད་བྱུང་བ་མ་གཏོགས།།
ལས་འཕྲོ་རྫོགས་པ་མ་རེད།།

རི་མགོ་ཁ་བས་འགག་ན།།
རི་མཇུག་བསྐོར་ནས་ཕྱིན་ཆོག།
རི་མཇུག་མཚོ་མོས་འགག་ན།།
ཀོ་ཆུང་བཏང་ནས་ཕྱིན་ཆོག།

ང་གཉིས་དགའ་པོ་བྱེད་ས།།
དབྱར་ཁ་འོང་བའི་དཀྱིལ་རེད།།
ལན་ཆགས་ཕྲུ་གུ་བྱུང་ན།།
སྲུས་དང་གང་བུས་གསོས་ཆོག།

དབྱངས་ཅན་བཞག་ན་སྙིང་རྗེ།།
དབྱངས་ཅན་ཁྲིད་ན་ངོ་ཚ།།
དབྱངས་ཅན་འབའ་ཁུག་ནང་གི།
གཡང་རྟེན་ཡིན་རོགས་བྱས་ན།།

རི་བོ་མཐོ་རེ་མཐོ་ཚད།།
དབང་ཆེན་དཔོན་པོར་དབང་སོང༌།།
རི་ཁྲ་ལེགས་པ་གཅིག་ལ།།
ཨོ་ལོས་དར་ལྕོག་བཙུགས་ཡོད།།

དང་པོ་ཉ་དང་སྦལ་བ།།
མཉམ་དུ་འགྲོ་རྒྱུ་བྱས་ཡོད།།
ཆུ་མོའི་གཞུང་ལ་སླེབས་དུས།།
ཉ་ལས་སྦལ་བ་འཁྱུག་པ།།

བལྟས་ན་མཐོང་ཚོད་འདུག་ཀྱང༌།།
རི་ཟུར་མར་གིས་སྒྲིབ་སོང༌།།
ཕྱིན་ན་སླེབས་པ་འདུག་ཀྱང༌།།
འགྲོ་བའི་དབང་ཆ་མི་འདུག།

ཆང་ལ་དགའ་ནས་ཆང་ས།།
བརྒྱབ་པ་རང་ད་མིན་ཡང༌།།
ལུང་ཆུང་ཆང་ས་དར་བས།།
བརྒྱབ་དགོས་རང་ད་བྱས་སོང༌།།

ཆུ་མོའི་ཁ་ལ་བལྟས་ན།།
ཆུ་རིས་སྙིང་གི་རྗེ་བ།།
ཆུ་མོའི་གཏིང་ཐག་ལོན་དུས།།
བུ་མོ་ཡིད་ཐང་ཆད་སོང༌།།

ལྷ་ཤིང་ཤུག་པའི་སྐྱེས་སྟངས།།
ཤོད་སྟངས་ཤེས་ཀྱི་མི་འདུག།
རྩ་བ་སྐམ་པོའི་རྡོ་རེད།།
ལོ་མ་སྔོན་མོའི་གཡུ་རེད།།

ཆང་ལ་ཆུ་གཅིག་བརྒྱབ་པས།།
སྦང་མ་ཁ་ལ་བྱིངས་སོང༌།།
ང་གཉིས་གཉིས་ཀྱི་ལས་དེ།།
དང་པོ་དེ་ནས་འཕྱུག་སོང༌།།

 

རྩོམ་ཁུངས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།