གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧོར་གླིང་གཡུལ་འགྱེད་སོགས་སུ་རྒྱུན་དུ་བྱུང་བའི་ཐ་སྙད་རྨ་ཆུ་དང༌།རྨ་ཆུའི་ཁུགས་སོ་དང་པོ།

2010-06-22 12:11:00 མྱིག་གཅོད། ཀློག་གྲངས། མཆན ཡོད།

རྨ་སྨད་མཐོན་པོ་དགུ་སྒྲིལ་སོགས་ལ་བརྟག་ན་རྨ་ཆུ་རྫོང་ནི་གླིང་གི་གནས་ཡུལ་གཙོ་བོ་ཞིག་ཡིན་པ་དེ་མཚོན་ཐུབ་ལ།ཡང་སྔོན་བྱོན་མཁས་པའི་གསུང་སྒྲོས་ལྟར་ནའང་དེ་ལྟར་རོ།།དཔེར་ན་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས།སྔོན་གླིང་རྗེ་གེ་སར་གྱིས་བཟུང་བའི་ཡུལ་མཛོད་དགེ་ཕྱོགས་དེ་ཞེས་དང༌།གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར་ལས།དཔའ་རྩལ་དྲེགས་པས་ལྷ་མིན་ཕམ་དེ་བྱེད་གེ་སར་དམག་གི་རྒྱལ་བོ་ཡིས།།གནའ་དུས་བཟུང་བའི་གླིང་ཡུལ་ཞེས་གྲགས་འབྱོར་བའི་མཛོད་དང་དགེ་བའི་དཔལ། །ཞེས་གསུངས་པའ་ལས་ཀྱང་ཤེས་ནུས། གླིང་གི་ས་བབ་དེ་ག་འདྲ་ཞིག་ཡིན་ཟེར་ན། ཧོར་གླིང་གཡུལ་འགྱེད་ལས།

ཤར་ཁྲ་བོ་གླིང་གི་ས་ཆ་དེ།།རྨ་ཡར་ཟུག་རྒྱ་གར་ཡུལ་ལ་ཟུག །

རྒྱ་གར་ཆོས་ཡང་ལེན་ས་རེད།།མར་ཟུག་རྒྱ་ནག་ཡུལ་ལ་ཟུག །

རྒྱ་ནག་ནོར་ཁྲལ་ལེན་ས་རེད །།ཕར་ཟུག་ཨ་སྟི་རོང་ལ་ཟུག།

མོན་རོང་འབྲས་ཁྲལ་ལེན་ས་རེད།།ཚུར་ཟུག་ཨ་ཆེན་ཐང་ལ་ཟུག།

ཧོར་གུར་དཀར་བུ་རྟ་བཀྲག་ས་རེད།།རྒྱ་གར་ཆགས་པའི་ཁ་ཡ་རེད།།

རྒྱ་ནག་ཆགས་པའི་ཁྲིམས་ཡ་རེད །།འཛམ་བུ་གླིང་གི་ལྟེ་བ་རེད།།

བོད་སྒང་བ་ཆགས་པའི་རྟེན་ཕུར་རེད།།ས་ལ་ས་བཙན་བཤད་པས་ན།།

རྨ་སྟོད་རྩེ་ལ་བཅུ་གསུམ་གདའ།།རྨ་སྨད་མཐོན་པོ་དགུ་སྒྲིལ་གདའ།།

རྨ་རྫ་ཟེར་མོའི་སྒང་དྲུག་གདའ།།རྨ་ཕུ་སེང་ཆེན་ཁོག་པ་འདྲ།།

ཕུ་དྲུག་དར་ལུང་ཕྱུག་མོ་འདྲ།།རྨ་ཉིན་ལུང་བྲག་དཀར་དགུ་སྒྲིལ་གདའ།།

སྲིབ་ལུང་ནགས་རྒྱལ་ཕྱུག་མོ་གདའ།།རྨ་སྨད་ལྷ་ལུང་སུམ་མདོ་གདའ།།

རྨ་རྐེད་ལུ་གུའི་རྩེད་ར་གདའ།།རྨ་ཀ་ལའི་ལྷ་ཐང་གོང་མ་འདྲ།།

རྨ་དེལ་ཡག་སྟག་ཐང་ཁྲ་མོ་འདྲ།།སྲིབ་པ་ཁོག་མོའི་རོག་རྫོང་གདའ།།

Aརྨ་རི་མོ་བཞི་འདུས་ས་ཆ་གདའ།།ས་གྲགས་པ་ཅན་ནི་དེ་ཙམ་གདའ།།

དེ་མིན་རྩིས་རྩིས་གྲངས་མེད་རེད།།ཆུ་ལ་ཆུ་བཙན་བཤད་པས་ན།།

རྨ་ཆུ་ལྕགས་ནག་འབབ་རྒོད་དེ།།ཆུ་ཡར་འབབ་ཨ་ལོང་ལངས་ལངས་རེད།།

མར་འབབ་སྤྱང་མོ་འདུར་འདུར་རེད།།རྦ་ཆེན་བྲག་ཆེན་ལོག་ལོག་རེད།།

རྫ་རི་སྲིན་མོ་ཁ་འཐམ་གདའ།།གླང་བོ་ལྷོག་ཤི་ཉི་ལེ་གདའ།།

ཆུ་སྲིན་རྐན་སྒྲ་ཐགས་སེ་གདའ།།ཀླུ་བདུད་འཁུན་པ་ཐིབས་སེ་གདའ།།

རྨ་ཆུའི་ཁུགས་སོ་རེ་རེ་ན།།ཕ་བླ་མའི་ཆོས་ར་བཟུང་བ་གདའ།།

རྨ་ཆུའི་ཁུགས་སོ་རེ་རེ་ན།།མི་དཔོན་གྱི་ཁྲིམས་ར་བཟུང་བ་གདའ།།

རྨ་ཆུའི་ཁུགས་སོ་རེ་རེ་ན།།རྟ་བྱང་མའི་རྒྱུག་སྣེ་བུད་པ་གདའ།།

རྨ་ཆུའི་ཁུགས་སོ་རེ་རེ་ན།།མདའ་སྐྱེན་པོའི་རྒྱང་ཚད་བཞག་པ་གདའ།།

རྨ་ཆུའི་ཁུགས་སོ་རེ་རེ་ན།།བུ་དཔའ་བོའི་དཔའ་སྐད་དི་རི་གདའ།།

རྨ་ཆུའི་ཁུགས་སོ་རེ་རེ་ན།།ཨ་མཆོད་སྟོང་གི་ཤོག་སྒྲ་གདའ།།

ད་དུང་དེ་ཡིས་མི་ཚད་པའི།།ཆུ་གཡས་ན་ར་ཆབ་འབབ་ཅིང་གདའ།།

གཡོན་ན་རུ་ཆབ་འབབ་ཅིང་གདའ།།ཆུ་ལ་ཆུ་བཙན་དེ་འདྲ་གདའ།།

 Bགླིང་ས་མཐོང་བ་ཀུན་སྨོན། 

དེ་ལ་མཐོང་བ་ཀུན་སྨོན་དང་མཐོང་སྨོན་ཡུལ་སོགས་ཀྱང་ཟེར་ཏེ།གླིང་སྡེ་ཆགས་ཡུལ་ལ་བརྗོད་པ་རེད།ཡུལ་གང་ཞིག་ལ་ངོས་འཛིན་ཞེ་ན།གེ་སར་སྒྲུང་གི་སྐོར་ལ་དབང་འབྱོར་བ་བདག་གི་སློབ་དཔོན་རིན་པོ་ཆེ་རྒན་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་བརྩམས་པའི་གེ་སར་སྒྲུང་གི་ཚིག་འགྲེལ་གསལ་སྒྲོན་ལས།ས་དངུལ་རྭའི་ཕྱོགས་དང་རྨ་ཆུའི་གཡས་གཡོན་ལ་ཟེར།ཞེས་དང༌།ཡང་ན་དངུལ་རྭ་ལྷ་སྡེ་ཁྲོ་ཁོ་ཁ་གསུམ་གྱི་ས་ལ་ཟེར།ཞེས་ཚིག་ཐག་བཅད་ཡོད།     དངུལ་རྭ་ཞེས་པ་ནི་དེང་གི་རྨ་ཆུ་རྫོང་གི་དངུལ་རྭ་ལྷ་སྡེ་ཞེས་པའི་སྡེ་བ་འདི་ཡིན་ལ།ཁྲོ་ཁོ་ཁ་གསུམ་ཞེས་པ་ནི་དེང་གི་རྨ་ཆུ་རྫོང་གི་མངའ་ཁོངས་ན་ཡོད་པའི་ཁྲོ་ཁོ་སྨད་མ་ཞང་དང༌། དབལ་པཎ་ཞང༌།ཆུ་ཁ་མ་ཞང༌། ནུར་མ་གོང་འགབ། སྐྱ་རོ་བཅས་ཀྱི་སྤྱི་མིང་དུ་བརྗོད་དོ།། གོང་གི་སློབ་དཔོན་དཀོན་མཆོག་ཚེ་བརྟན་ལགས་ཀྱི་གསུངས་དེ་ལས་རྨ་ཆུ་འདི་གླིང་སྡེ་ཆགས་ཡུལ་གྱི་གནས་གཙོ་བོ་ཡིན་པ་གསལ་བཤད་བྱས་ཡོད།

 

རྩོམ་ཁུངས། དྲ་རྒྱ་ལས་བཏུས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།