གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚིག་གི་མར་ལོ།༩

2010-04-17 17:47:00 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།

                                 འགྲུལ་བཞུད།

རང་ཉིད་ཁུར་ནས་འགྲོ་མཁན་དེའི་མིང་ལ་ཟེར།

                                 འཆི་བ།

རང་ཉིད་བསྐྱུར་ནས་འགྲོ་མཁན་དེའི་མིང་ལ་ཟེར།

                                  གླེན་པ།

རང་གི་རྐང་བ་བཅད་དེ་སྡོང་བོའི་ཡལ་གར་འཛུགས་མཁན་གྱི་མིང་ཡིན་མོད།   ད་ལྟ་དེ་འདྲའི་གླེན་པ་མཐོང་རྒྱུ་ཡོད་དམ།

                                  ཕོ་ངན།

རང་ཁྱིམ་དུ་རླིག་པ་ཕུར་ནས་འདུག་མཁན་གྱི་མིང་ལ་ཕོ་ངན་ཟེར།

                                   རོ།

འཇིག་རྟེན་དུ་ཆེས་བརྩེ་བ་མེད་པའི་མི་ལ་ཟེར།

                                  སྙན་གྲགས།

ཞོག་ཁོག་གི་མིང་གཞན་ལ་ཟེར།

                               དུད་ནག

ཁྱིམ་ཚང་ནས་ཁྲིམས་ཁང་གི་བར་དུ་འཐེན་པའི་གོ་འཕང་ཞིག

                                ནགས་ཚལ།

ཤོག་སྒམ་དུ་མ་བཅུག་པའི་འབར་ཞུན་རྐང་ཆེན་པོ་ཞིག

                               ཁ་བརྡ།

ཁ་འགུལ་ནས་གློ་བ་ཕྱི་ནང་བསློགས་པའི་མིང་།

                               འཁྲིག་སྦྱོར།

ཕན་ཚུན་དམྱལ་བར་འཕེན་རེས་བྱས་པའི་མིང་དང་ཕན་ཚུན་གྱི་ཤུན་པ་ཕྱི་རེས་བྱས་པའི་མིང་།

                                མི་ལ་རས་པ།

གསེར་གྱི་རྟགས་མ་ལོན་མ་མྱོང་བའི་མཱ་ལ་བྱོན་རྐང་རྒྱུགས་མཁན།

སྲོང་བཙན་སྒམ་པོ།

རྒྱའི་མག་པ་བཟང་བོ།    བོད་ཀྱི་ཆེས་ཐོག་མའི་རྒྱ་མོ་རོག་པ་ཅན།

                                མགར་སྟོང་བཙན།

སྲོང་བཙན་སྒམ་པོའི་འཕོང་འབྱར།

                                ཐོན་མི་སམ་བྷོཊ།

རྒྱ་གར་ཚ་བའི་གྲོང་ནས་དབྱངས་བཞི་དང་གསལ་བྱེད་སུམ་ཅུ་རྐུད་པར་བརྒྱུས་ནས་ཡོང་བའི་འཚེམ་བཟོ་མཁན་ཞིག

                                 ལག་པ།

ཁ་དང་སྐྱག་ཁུང་གཉིས་ཀྱི་ཞབས་ཞུ་བ།

                                  རླངས་འཁོར།

སྔོན་ཆད་རླངས་འཁོར་དུ་བསྡད་པ་ནི་ལམ་ལ་ཆས་པའི་དགོས་མཁོ་ཡིན་མོད།    ད་ལྟ་རླངས་འཁོར་དུ་བསྡད་པ་ནི་ཕུག་ནོར་གཞན་ལ་ངོམ་སོ་བྱེད་པའི་སྤྱོད་སྟངས་ཤིག་ཏུ་གྱུར་འདུག

                                ལྕགས་རྟ།

ལྕགས་རྟ་ཞོན་པ་ནི་རླིག་པ་ཟད་དུ་གཅུག་པ་རང་མ་ཡིན་ནམ།

                                དྲན།

ཕན་ཚུན་མགོ་སྐོར་གཏོང་བའི་བསམ་པའི་མིང་ལ་མི་ཟེར་རམ།

                                ཁ་པར།

ཡོལ་བ་ནག་པོ་ཞིག་སྟེ།   འདིས་ང་ཚོ་མིའི་ལས་དབང་སླར་ཡང་རིམ་པ་གཅིག་གིས་ས་འོག་ཏུ་དེད་སོང་།  དཔེར་ན།    ཕྱི་རོལ་དུ་ཡོང་བའི་སྐྱེས་པ་ཞིག་སྨད་བཙོང་ཞིག་གི་རུམ་དུ་འཛུལ་ནས་ཆུང་མ་ལ་སློབ་གྲོགས་འགའ་དང་མཉམ་དུ་ཡོད་ཟེར་དུས་སྐྱེས་པ་གཞན་ཞིག་གི་རུམ་དུ་ཉལ་བའི་ཆུང་མས་ཁྱིམ་ན་ཡོད་ཟེར་བ་ལྟ་བུ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།