གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟའ་འཁོར་གཅིག་ལས་མ་འགྲོགས་དགའ་རོགས་ཀྱིས།

2008-11-03 21:56:00 དར་བཟའ། ཀློག་གྲངས། མཆན ཡོད།

  ཚེ་འབུམ་ངེད་གཉིས་ཕན་ཚུན་ལ་བརྩེ་དུངས་ཆགས་ནས་དུས་ཚོད་མང་བོ་སོང་མེད་དེ། ཆེས་མང་ན་གཟའ་འཁོར་གཅིག་ཡིན། ཉིན་ཞིག་ལ། ཁོས་ང་ལ་ཡོངས་སུ་འཁྱུད་ཅིང་ཁ་བསྐྱལ་ནས་ལྕེ་འབལ་ལ་ཁད་དང་དབུགས་གཅོད་ལ་ཁད་ཅིག་བྱས་རྗེས། འབྲེལ་བ་ཇེ་ཟབ་ཏུ་གཏོང་ཆེད་ཆགས་པ་སྤྱོད་དགོས་ཟེར་ཞིང་ངའི་ལག་པ་ལུས་སྨད་ལ་བསྲིངས།
   ཕན་ཚུན་རྒྱུས་ལོན་བྱེད་དབང་ཙམ་ཡང་མི་སྟེར་བར་གཞིགས་ན། མི་འདི་ནི་རང་གི་འདོད་པ་ཁོ་ནའི་ཕྱིར་ཏུ་བུད་མེད་རྣམས་ལ་མགོ་སྐོར་གཏོང་མཁན་ཞིག་མིན་ནམ་སྙམ་ནས་ང་རང་འཐད་པ་མ་བྱུང་བས། ཁོས་ང་ལ་ཁྱོད་ནི་རྒྱ་མོ་ཚོ་དང་ཨ་ན་མ་ན་རེད། གཡོ་ཟོལ་དང་ཚུལ་འཆོས་མ་གཏོགས་ལུས་སྟེང་ན་ཅི་ཞིག་ཡོད་ཅེས་བཤད་མ་ཐག་སྒོ་མོ་ཤེད་ཀྱིས་ཕྱེས་ཤིང་ཤེད་ཀྱིས་གཏན་ཏེ་བུད་སོང༌།
  ཉིན་གསུམ་འགོར་རྗེས་ཀྱི་ས་སྲོད་ཅིག་ལ། ངས་ནུབ་ཇ་སྐོལ་བཞིན་པའི་སྒང་ལ་སྒོ་མོ་དལ་གྱིས་བརྡུངས་པའི་སྒྲ་རྣ་ལམ་དུ་འཛུལ་ཡོང༌། སྒོ་ཕྱེས་པ་ན་ལུས་ཡོངས་ཆང་དྲིས་ཁྱབ་ཅིང༌། མིག་ཟུང་གི་འོད་མདངས་ཉམས་པའི་ཁོ་རང་མདུན་དུ་ལངས་འདུག བསྟུད་མར་ཐུག་པ་དཀར་ཡོལ་བཞི་འཐུང་རྗེས་ཁོས་ད་གཟོད་ཉིན་འདི་དག་གི་རིང་ལ་ངས་ཅི་ཞིག་བྱས་པ་ཁྱོད་ཀྱིས་ཨེ་ཤེས། ཉིན་ཞག་གསུམ་ལ་ཆང་འཐུང་བ་ཡིན། ཟ་མ་ཐུན་གཉིས་མ་གཏོགས་ཁོག་ལ་སོང་མེད། འདི་ཚང་མ་ཁྱོད་ལན་པ་རེད། དཀོན་མཆོག་གསུམ་ཞེས་སོགས་མང་བོ་ཞིག་ལབ་བྱུང་༌།
  དགོང་མོ་དེར་ཁོས་ང་ལ་ཁྱོད་ནི་བོད་སྙིང་རྗེ་ཅན་གྱི་བུ་མོ་ཡིན་ན་ལུས་ཀྱི་སྦྱིན་པ་རེ་གཏོང་རོགས་ཟེར་ནས་ཞུ་བ་ཡང་ཡང་བྱས་ཀྱང་འཐད་པ་མ་བྱུང༌། ཁོས་ང་ལ་ཁྱོད་ཀྱིས་རང་ཉིད་ལྷ་མོ་ཞིག་ཡིན་བསམ་གྱིན་ཡོད་དམ། འདྲེ། སྔོན་ཆད་ཅི་བྱས་མྱོང་བ་སུས་ཤེས། ཁྱོད་ལ་དུངས་པའི་དབང་གིས་ཤ་འདྲེས་པགས་འདྲེས་ཤིག་བྱེད་བསམ་པ་མིན་ན། ང་རང་ཁྲོམ་དུ་སོང་ནས་སྨད་འཚོང་མ་ཉོས་ཀྱང་ལོས་ཆོག་ཟེར། ངས་ལན་དུ་ཕོ་མོའི་བརྩེ་དུངས་མཚོན་ཐབས་ལ་འདྲ་མིན་སྣ་ཚོགས་ཡོད་དེ། མཐའ་གཅིག་ཏུ་ལུས་འབྲེལ་བྱུང་བ་ལ་བརྟེན་དགོས་ན་དེ་ནི་བརྩེ་དུང་རྫུན་མ་ཡིན་སྣང་འདུག་ཅེས་ངག་འཇམ་པོས་སྨྲས་ཚེ། ཁོས་ང་ནི་ཤིང་སྡོང་དང་མཚུངས་ཚུལ་དང་ཁོ་རང་ཉིད་འདོད་ཆགས་ཀྱིས་གཟིར་ནས་རང་དབང་དུ་མི་འོང་བ་སོགས་ཉ་ཉོག་མང་བོ་ཁ་ནས་ཕྱུང་རྗེས་གཉིད་སོང༌། ཁོའི་སྐད་ཆ་དེ་དག་གིས་ངའི་སེམས་ལ་སྡུག་ཅིག་བཞག་སོང༌། ང་ལ་མ་བཤད་ན་འཇིག་རྟེན་གྱི་སེམས་ཅན་ལ་འདོད་ཆགས་མེད་པ་ཞིག་གང་ན་ཡོད། ང་ལ་མཚོན་ན་ཤིང་སྡོང་མ་ཡིན་པར་མི་ཞིག་ཡིན་པས་སེམས་སུ་དྲན་རྒྱུ་གཞན་མེད་པ་ག་ལ་ཡིན་ཏེ་ནམ་རྒྱུན་དྲན་གྱིན་ཡོད་མོད། འོན་ཀྱང་བྱ་བ་ཆེ་ཆུང་གང་ཡིན་རུང་དེ་ཚང་མར་ཚད་ཅིག་ཡོད་པ་དང༌། བདེན་རྫུན་དང་ཡིན་མིན་དབྱེ་བ་ལ་དུས་ཚོད་ཅེས་པ་དེ་དགོས་པ་བྱིས་པ་ལོ་གསུམ་ཡན་ཆད་ཀྱིས་ཤེས་སོ།།
  ནང་སྒོས་སུ་ཕོ་མོའི་འབྲེལ་བ་འདི་རྙོག་དྲར་འགྱུར་སླ་བས། ངེས་པར་གཟབ་དགོས། གཟབ་དགོས། རྒྱུ་མཚན་གང་ཞེ་ན་སྔོན་ཆད་ང་ཡིས་མྱངས་པ་མི་ཉུང་བའི་ཕྱིར་རོ།།

 

 

རྩོམ་ཁུངས། 《ད་ལྟ་བ》ཚགས་པར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།